དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 30 April 2011
ཞི་བདེའི་རང་དབང་། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
བསླུ་མེད་གཏན་གྱི་སྐྱབས་གནས་རིན་པོ་ཆེ། །
ཚད་མེད་ཡོན་ཏན་རྒྱ་མཚོའི་དཔལ་མངའ་བ། །
མཚུངས་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་ལ་ལགས། །
རིས་མེད་ཉམ་ཆུང་བུ་ངའི་ཕྱོགས་ལ་དགོངས། །
དུས་གསུམ་བདེ་གཤེགས་སྲས་དང་སློབ་ཚོགས་ཀྱིས། །
གཞན་གནོད་སྤང་ཞིང་གཞན་ཕན་དོན་དུ་གཉེར། །
སྲིད་ཞིའི་གདུང་སེལ་ཡོངས་རྫོགས་དམ་པའི་ཆོས། །
འཛམ་གླིང་ཕན་བདེའི་དཔལ་དུ་རྒྱས་མིན་ནམ། །
འཕགས་པའི་ཡུལ་དུ་ཤྰཀྱའི་རྒྱལ་པོ་གཅིག །
གངས་ཅན་ལྗོངས་སུ་པདྨ་རྒྱལ་པོ་གཉིས། །
སྙིགས་དུས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་གསུམ། །
རིས་མེད་དེད་དཔོན་ཉིད་ལ་ཅིས་མི་བསྔགས། །
བརྒྱུད་གསུམ་མཁས་གྲུབ་བླ་མ་དམ་པ་ཚོས། །
བཤད་སྒྲུབ་ཐོས་བསམ་སྒོམ་པས་རྒྱལ་བསྟན་སྤེལ། །
འཛམ་གླིང་ཡངས་པར་ཕན་བདེའི་དཔལ་དུ་རྒྱས། །
ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛད། །
འགྲོ་ཀུན་མི་བཟད་ལས་ངན་དྲག་པོས་གཟིར། །
བར་མེད་དུ་ཁཿ་མནར་བའི་ཉམ་ཐག་རྣམས། །
བཟོད་དཀའི་ནད་མཚོན་མུ་གེའི་འཇིགས་པ་ཀུན།
ཞི་ནས་བདེ་དགའ་རྒྱ་མཚོར་དབུགས་དབྱུངས་མཛད། །
ཆོས་ཟབ་ཙ་ན་ནག་པོ་བདུད་ཟབ་ཅེས། །
ལུང་བསྟན་དོན་མཐུན་དེ་ལ་ལེགས་དཔྱོད་དང་། །
སྟོན་པའི་དུས་སུ་ལྷས་བྱིན་ལེགས་སྐར་དང་། །
པད་འབྱུང་བཞུགས་སྐབས་བོད་བློན་རྫུན་ཕྲ་བཞིན། །
ཁྱད་པར་གངས་ལྗོངས་ཆོས་ལྡན་སྐྱེ་འགྲོའི་ལུགས། །
ནག་ཕྱོགས་ཀླ་ཀློའི་དམག་དཔུང་བརྩེ་མེད་ལ། །
སྙིང་རྗེ་ཕྱོགས་རིས་མེད་པའི་བླ་མ་དང་། །
འགྲན་འདོད་སྣང་མཐོའི་ཚོགས་ཀྱིས་ལེགས་པར་ཉོན། །
དེང་དུས་ཕ་མགོ་བུས་གཡོག་ཁྲེལ་མེད་ཚོས། །
ཁ་བའི་ལ་རྒྱ་ཁ་འབོད་གཡང་ལ་གྱེར། །
ཁ་གསོ་ཙམ་ལ་རྒྱལ་བསྟན་ངོས་འཛིན་ན། །
ཁ་བའི་ལས་དབང་ཐལ་བ་རླུང་བསྐུར་ལགས། །
ཉོན་མོངས་གདོན་གྱིས་སྨྱོས་པའི་བརླང་སྤྱོད་གཅིག །
གཡོ་སྒྱུ་ཁོ་ན་མཁས་པའི་དམར་ཕྱོགས་གཉིས། །
རང་ལུགས་ཁོ་ནར་བསམ་པའི་ཁ་ཆེ་གསུམ། །
རིས་མེད་གྲུབ་མཐའ་འཛིན་པར་ཤིན་ཏུ་འཁྲུལ། །
རིང་ནས་ཡིད་ལ་བརྣགས་པའི་འདོད་པའི་དོན། །
ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མ་ཞིག །
སྤྱོད་པའི་དགའ་སྟོན་སྐལ་བཟང་རབ་སྤྲོ་མོད། །
རང་མགོ་རང་མྱིས་བསྐོར་ན་ཤིན་ཏུ་འཁྲུལ། །
སྡིག་རྒན་ཤན་པ་སྙིང་རྗེའི་གྲུབ་མཐའ་སྨྲ། །
རྫུན་རྒན་ཁྲེལ་མེད་སྤྲུལ་སྐུའི་གོ་སར་བཞག །
གཡབ་རྒན་ཕོ་མོས་ཆོས་སྲིད་ཟུང་འབྲེལ་དེ། །
རང་གཞན་གཉིས་ཕུང་བགྱིད་ལ་ང་མི་སྤྲོ། །
མི་བསྲུན་སྐྱེ་བོ་ཚོགས་ཀྱིས་བླང་དོར་ཤེས། །
མི་སོགས་འགྲོ་དྲུག་ཀུན་ལ་བྱམས་བརྩེ་སྐྱེས། །
མི་དམངས་སྤྱི་མཐུན་ཕྱོགས་ལ་ལྷག་བསམ་ཅན། །
དེ་འདྲའི་རྒྱལ་ཁམས་བྱུང་ན་ཞི་བདེ་ལགས། །
རང་ལུགས་ཆོས་སྲིད་རིག་གནས་སླར་གསོའི་ཆེད། །
གཅེས་པའི་ལུས་སྲོག་ལོངས་སྤྱོད་བཏང་བ་དང་། །
དཀའ་བ་བརྒྱ་ཕྲག་བརྩོན་པའི་སྤུན་ཟླ་རྣམས། །
ཁ་ཆེ་ཡེ་ཤུས་འགྲན་ཟླ་གཏན་ནས་བྲལ། །
ངན་དགུ་སྤྱོད་པར་གྲུ་འཛིན་མགོན་དགྱེས་ན། །
ཁྱོད་ཀྱི་སྐྱབས་གནས་བླ་མ་ཁ་ཁ་རེད། །
ཕྱི་ནང་ཁྱད་མེད་སྨྲ་བའི་ཁ་རྩོད་དེ། །
རང་རྒྱུད་ལེགས་པོར་དཔྱོད་དང་གོ་རྒྱུ་ཡོད། །
མདོ་སྔགས་བསྟན་པ་སྒྲུང་གཏམ་ཁོ་ན་མིན། །
མཁས་གྲུབ་རིག་འཛིན་བརྒྱུད་པའི་ལོ་རྒྱུས་གཟིགས། །
མདོར་ན་ཁྱོད་དང་ངེད་གཉིས་རྩོད་པ་ཀུན། །
རྒྱལ་བ་དགྱེས་པའི་ལམ་དུ་གྱུར་བར་སྨོན། །
ཆོས་ཉིད་རྟེན་འབྲེལ་ཟབ་མོའི་བདེན་པ་དང་། །
ཆོས་ཅན་རྒྱུ་འབྲས་ཟབ་མོའི་བདེན་པ་དང་། །
བདེན་གཏམ་གླུ་རུ་བླངས་པའི་དགེ་བ་འདིས། །
དྲང་ངེས་ལེགས་རྟོགས་ངེས་ཤེས་སྒྲོན་མེར་སྨོན། །
༢༠༠༩ ༡༡ ༢༢ ཉིན་ཐོལ་བྱུང་དུ་ཀླུ་སྨྱོན་ཧེ་རུ་ཀ་ལན་དུ་ཤྲྰིས་གུས་ཕུལ།།།།

0 comments:

ཟིན་བྲིས་འཚོལ་ཡུལ