དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 23 May 2011
མཁས་དབང་ལྷག་བསམ་དྲི་མེད་ཟླ་བས་འབྱེད་པའི་ཀུ་མུད་ཏའི་དྲི་བཟང་ཞེས་བྱ་བ། །
ན་མོ་གུ་རུ་དྷརྨྰ་ཙནྡྲ་ཡེ། །
ལྷག་བསམ་དུང་ཟླ་ཡི་བསིལ་ཟེར་འདོད་འཇོ། །མཁྱེན་རབ་འོད་དཀར་གྱི་རིག་སྟོང་ཡེ་ཤེས། །དྲི་མེད་ལྷ་ལམ་དུ་རྒྱུ་བ་མཐོང་ཚེ། །དཔལ་ལྡན་ཀུ་མུད་ང་དགྱེས་འཛུམ་ཤོར་ཐལ། །འཁོར་ངན་ཁ་འཛིང་གི་དོ་ར་འདི་ནས། །སེམས་གཏམ་དྲོན་མོ་ཞིག་བཤད་འདོད་མེད་ཀྱང་། །ཡིད་མཐུན་ལྷག་བསམ་གྱིས་ནན་བསྐུལ་ཟབ་པས། ། སྒྱུ་མའི་བརྡ་རོལ་འདི་མི་དཀྲོལ་ཁག་མེད། །ཟ་འདྲེ་དྲི་ཟ་ཡི་བབ་ཅོལ་ལབ་རྡོལ། །ར་རྫི་སྐར་རྒྱལ་གྱི་ཀླུ་གདོན་ངག་ནུས། །རྒྱལ་འགོང་དཀོར་གཉེར་གྱི་འཇིག་རྟེན་མཆོད་ན། །དཀོན་མཆོག་རྩ་གསུམ་གྱི་བསླབ་བྱ་འགལ་འགྲོ། །སྟོན་པ་ལམ་གྲོགས་ཀྱི་སྐྱབས་འགྲོའི་གདམས་ངག །མི་ཕྱེད་དད་གུས་ཀྱིས་ཉིན་མཚན་བསྟེན་ན། །རང་ཆོས་ཉི་མ་ཡི་འོད་སྣང་དྲོན་པོ། །མ་འབད་རང་གཞན་ཚོས་སྤྱོད་པར་ཆོག་མོད། །སུམ་བརྒྱ་དྲུག་ཅུ་ཡི་གྲིབ་ཐུར་རྡུལ་ཕྲན། རེ་སྒུག་མཛུབ་རྩེ་ལ་གཅེར་རེ་བལྟས་ཀྱང་། །སྲིད་གསུམ་རྣམ་རྒྱལ་གྱི་ཀ་ལ་ཙཀྲ། །རིག་འཛིན་བླ་མ་དེ་སྨག་ཏུ་ཉལ་འདུག ། རྨི་ལམ་དབང་ཕྱུག་གི་ངག་ལ་ཉན་ན། །ཆགས་ལྡན་རང་འདོད་ལ་གསང་ཆེན་མ་ཟེར། །སྡང་རྩོད་བསྡུས་གྲྭ་ལ་ནང་ཆོས་མ་སྨྲ། །རྨོངས་དད་གཡམ་རྒྱུག་ཚོ་སྒོམ་ཆེན་མིན་ནོ། །གཟུངས་སྤོབས་བློ་གྲོས་ཀྱི་རྣམ་དཔྱོད་མེད་ན། །ཞྭ་མདོག་ལ་རྒྱ་རྣམས་རྙིང་ལྟ་འཁྲེག་འཛིན། །ཕྱི་ནང་གྲུབ་མཐའ་དག་རྣམ་རྟོག་བསྟན་སྐྱོང་། །ཐར་ལམ་ཕྱོགས་ཞེན་ཚོགས་སྤེལ་ལ་མ་བྲེལ། །ཀླུ་རྒྱལ་སྤྱི་གཙུག་གི་ཡིད་བཞིན་ནོར་བུ། །ཐབས་མཁས་རྣམ་དཔྱོད་ཀྱིས་རྒྱན་དུ་མཆོད་ན། །རང་དབང་གང་འདོད་གྱི་བཞད་འཛུམ་འོད་ཟེར། །ཞི་བདེའི་རྒྱལ་ཁམས་ཀྱི་མྱོང་བར་ངེས་སོ། །རྒྱ་དམར་དབང་བཙན་གྱི་ལྕགས་སྒྲོག་ཁྲོལ་ཡོང་། །རྒྱ་གར་སྐྱབས་བཅོལ་གྱི་སྡུག་སྐད་མི་དགོས། །བོད་ཡུལ་ལུང་པ་དེ་དགའ་བདེའི་ཁེངས་ཡོང་། །དེ་མིན་བཟང་སྤྱོད་དང་ངན་སྤྱོད་ནོར་བ། །ཁ་ཟས་ལུས་འཚོ་ཡི་རེད་དུག་ནོར་ན། །ལྷ་མེད་འདྲེ་མེད་ཀྱི་ལ་རྒྱ་སྒྲུབ་པས། །དྲང་བདེན་རྒྱུ་འབྲས་ཀྱི་རྟེན་འབྲེལ་རྒྱབ་འགལ། ། རྒྱུ་མེད་འབྲས་བུ་ལ་རེ་བ་མ་ཆེ། །དོན་མེད་ལབ་གླེང་ལ་ནུས་པ་མི་ཐོན། །དྲི་མེད་ལྷག་བསམ་ཉིད་ཐུགས་དམ་གྱིས་དང་། །བདེན་ཆེན་ཉི་མ་ཡི་རང་སྣང་ངོམ་ཡོང་། །མཁས་བླུན་ཞེས་པ་དེ་དོན་ལ་ལྟ་དགོས། །འབྱོར་རྒུད་དབུལ་ཕྱུག་ཀྱང་སེམས་ཀྱི་ཚོར་བ། །དཀར་ནག་རྒྱུ་འབྲས་ལ་བསླུ་བ་མེད་པས། །དཀའ་བ་རྣམ་གསུམ་དེ་བདག་ལ་མི་འདུག །དམ་ཉམས་དམ་ལྡན་གྱི་འཛིན་མཚམས་དག་མ། །རང་བློ་དྲི་མེད་ཀྱི་མེ་ལོང་རྡུལ་བྲལ། །ངོ་ལྐོག་ཀུན་མཚུངས་དེ་ཀུན་ལ་མཛའ་བས། །ཐུགས་མཐུན་ཁྲིམས་གཙང་ལ་སྙིང་ནས་བསྐུལ་ལོ། རང་སྣང་གང་ཤར་གྱི་རྣམ་རྟོག་རི་མོ། །མ་བཅོས་གློག་ཀླད་དུ་ལེགས་སྐྱེས་ཕུལ་ན། །ངོ་མེད་དྲ་རྐུན་ཚོ་དགོངས་པ་མ་ཚོམས། །ལྷག་བསམ་དྲི་མེད་ཀྱི་དར་དཀར་འབུལ་ལོ། །སྙིང་གྲོགས་ལྷག་བསམ་ལ་སྙིང་གཏམ་འདི་ཀ ། སྙིང་བརྩེས་སྤྱན་རས་ཞིག་གཡོ་བར་གནང་དང་། །སྙིང་པོའི་ལྷ་ཆོས་ཞིག་མིན་ན་སྙམ་ཡོད། །སྙིང་དོན་ལྷུན་གྲུབ་ལ་སྨོན་ལམ་ཞུ་ཡ། །
ཞེས་པ་སྙིང་གྲོགས་ལྷག་བསམ་དྲི་མེད་ཀྱི་བརྡ་གླུ་གྲིབ་ཐུར་མཛུབ་སྟོན་མཇལ་མ་ཐག་ཏུ་ཤྲྰི་སྨྱོན་པས་གང་ཤར་ཡི་གེའི་གཟུགས་སུ་བགྱིས་པ་ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །

0 comments:

ཟིན་བྲིས་འཚོལ་ཡུལ