དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 28 September 2011
དྲ་གྲོགས་རྣམ་པ། ང་ཚོའི་རང་ཡུལ་གངས་ལྗོངས་ཕྱུག་མོ་དགྲ་ལག་ཏུ་ཤོར་བའི་རྐྱེན་ གྱིས་ཕུ་ནུ་སྤུན་ཟླ་འབུམ་ཕྲག་ལས་བརྒལ་བ་ཞིག་རྒྱ་གར་དང་། ཨ་རི། ཡོ་རོབ་ སོགས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁ་ཐོར་དགུ་ཐོར་གྱིས་གནས་ཀྱང་། དེང་རབས་ཚན་རྩལ་ལས་བྱུང་བའི་དྲ་རྒྱའི་བརྒྱུད་ལམ་དང་། ལོ་ཤས་གོང་ནས་བཟུང་བོད་ཡིག་ཀྱང་རྒྱལ་སྤྱིའི་རང་བཞིན་གྱི་ཡི་གེར་གྱུར་པས་དབང་གིས་མཐོང་མྱོང་བ་དང་མ་མྱོང་བའི་གྲོགས་པོ་དུ་མ་ཞིག་དང་། ཁྱད་པར་དུ་ཤེས་ཡོན་ཅན་གྱི་མི་རྣམས་ཁྱིམ་ཚང་གཅིག་གི་སྦྲ་ནང་ལྟ་བུའི་དྲ་ཐོག་ཏུ་འཛོམས་སྟེ། བོད་ཡིག་གི་ལམ་ནས་བསམ་ཚུལ་བརྗེ་རེས་དང་། ཆོས་དང་ཆབ་སྲིད་ཀྱི་བགྲོ་གླེང་སོགས་མཉམ་གཅིག་ཏུ་བྱེད་ཐུབ་པ་བྱུང་བ་ནི་ཆེས་དགའ་བར་འོས་པའི་དོན་ཞིག་རེད། དེར་བརྟེན་ཐོབ་དང་གོ་ས། དབང་ཆ་དང་དཔལ་འབྱོར་གང་གིས་ཀྱང་དབང་ཤེད་དུ་མ་སོང་བར་མཐོ་དམན་དྲག་ཞན་ཚང་མ་འདྲ་མཉམ་གྱི་ཐོག་ནས་བགྲོ་གླེང་ལ་ཞུགས་པར་འོས་ཤིང་། དེ་ཡང་བགྲོ་གླེང་ དེ་དག་ཀྱང་བཀྲ་ཤིས་ཚགས་པར་དང་། ཁ་གཡང་དུས་དེབ་ཟེར་བ་ལྟ་བུ་མིན་པར་སྤྱི་ཚོགས་ཀྱི་མཐོ་དམན་ཀུན་ནས་སྐྱོན་ཡོན་ཐམས་ཅད་འཛེམས་དོག་མེད་པ་དང་། འཁོན་སེམས་མེད་པའི་ཐོག་ནས་གླེང་རྒྱུ་ཤིན་ཏུ་གལ་ཆེ་ཡང་། རྟ་རྒྱུགས་སར་དོང་རྐོ་བའི་དཔེ་བཞིན་གང་ཟག་ལ་ལས་མིང་རྫུན་བཅུ་ཕྲག་དུ་མའི་འོག་ནས་བོད་ཡིག་གི་དྲ་རྒྱ་འདི་དག་སྙིང་ནད་རྩོད་སjདང་། འཁོན་དཀྲུགས་སློང་ས་ཞིག་ལ་བཙན་གྱིས་བསྒྱུར་ཅི་ཐུབ་བྱེད་ཀྱི་འདུག་པ་དེ་བློ་ཕམ་དགོས་པའི་དོན་ཞིག་ལས་སེམས་དགའ་འོས་པའི་དོན་ཞིག་ཅི་ལ་ཡིན།
ཁོ་བོ་དཔལ་དགྱེས་པ་རྡོ་རྗེ་ལ་མཚོན་ན་ཡང་། གཅིག་ནས་བོད་མི་ཞིག་ཡིན་པ་དང་། གཉིས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་སོགས་ཕྱོགས་གང་ཐད་ལ་ཡག་དགའ་ཉེས་སྡུག་གི་སེམས་ཞིག་ཡོད་པས། སྤྱི་ཚོགས་ཀྱི་མཐོ་དམན་གང་དུ་སྐྱོན་ཆེན་པོ་རེ་མཐོང་ན་དེ་དག་ལ་བསམ་ཚུལ་དྲོན་མོ་རེ་མ་བརྗོད་རང་དབང་མེད་པའི་རྒྱུ་མཚན་གྱིས། ལས་རྒྱུ་འབྲས་དང་། དངོས་ཡོད་གནས་ཚུལ་དཔང་དུ་བཞག་སྟེ། རང་གི་མིང་ངོ་མའི་ཐོག་ནས་བསམ་ཚུལ་ལྷུགས་པོ་འགའ་རེ་བརྗོད་པ་ཡིན་ཡང་། བསམ་ཚུལ་དེ་དག་སེམས་ལ་མ་འཕྲོད་པའི་མི་འགའ་ཞིག་གིས། ཐོག་མར་རྨི་ལམ་དུ་ཡང་དྲན་མ་མྱོང་བའི་སྐུར་འདེབས་བྱས། དེས་ཀྱང་གནོད་ཆེན་པོ་ཞིག་བསྐྱལ་མ་ཐུབ་པ་མཐོང་དུས། མིང་རྫུན་བཅུ་ཕྲག་བཀོལ་ནས་ངའི་མཆན་འགའ་རེ་བརྐུས་ཤིང་དེ་དག་གི་གནད་འགག་རྣམས་བསྒྱུར་ནས་མིང་རྫུན་ཅན་དེ་རྣམས་ཤུགས་ཀྱིས་ང་ཡིན་མདོག་བསྟན་ཅི་ཐུབ་བྱས་ཤིང་། དེ་ནས་ཡང་མིང་གཞན་ཞིག་བཀོལ་ཏེ་ཡོད་ཚད་ང་ཡིན་པའི་དཔང་རྟགས་ཡོད་ཚུལ་བཤད། དེས་ཀྱང་གནོད་ཆེན་པོ་ཞིག་བསྐྱལ་མ་ཐུབ་པ་མཐོང་དུས་དཔལ་དགྱེས་པ་རྡོ་རྗེ་དང་། དཔལ་དགྱེས། དགྱེས་རྡོར་སོགས་ཟེར་བའི་མིང་དུ་མ་བཀོལ་ཏེ་བོད་ཀྱི་སྤྱི་ཚོགས་ཀྱི་ཆེ་ས་ཟབ་ས་ཀུན་ལ་ཁ་ན་མ་ཐོ་བའི་ངན་སྨྲས་དང་སྐུར་འདེབས་བྱས་ ནས། གཡེན་སྦྱོར་དཀྲུག་ཤིང་གི་འཁོར་ལོ་བསྐོར། ད་དུང་དེས་ཀྱང་མ་ཚིམས་པར་དཔལ་དགྱེས་ཀྱི་མིང་བེད་སྤྱད་ནས་སྐྱོན་ངོས་ལེན་དང་བཤགས་སྡོམ་བྱེད་ཁུལ་སོགས་བྱས།
དེ་ལྟ་ན་ཡང་གནས་ཚུལ་འདི་རིགས་ཁོ་བོ་དཔལ་དགྱེས་རྡོ་རྗེ་གཅིག་པུ་མིན་པས། རྡོ་རྗེ་དབང་ཕྱུག་དང་། སྒོམ་སྡེ་ལྷ་རམས་པ། སྤྲུལ་སྐུ་ཀླུ་སྨྱོན་སོགས་དངོས་མིང་གི་སྟེང་ནས་ཡོང་མཁན་ཚང་མ་ལ་སྒྲོ་སྐུར་དང་། གཡེན་སྦྱོར་གྱི་དཀའ་ངལ་འདི་རིགས་རྒྱུན་དུ་འཕྲད་བཞིན་ཡོད་པས། བོད་ནང་དུ་ཡང་དྲ་ཐོག་ཏུ་ཡོང་མཁན་རྒན་པ་རྣམས་རིམ་གྱིས་དྲ་རྒྱ་དང་ཁ་གྱེས་བཞིན་ཡོད་ལ། རིག་པ་གྲུང་མོ་ཅན་འགའ་རེ་སྔར་ནས་དྲ་ཐོག་ཏུ་ཡོང་མྱོང་མེད་པའམ། ཡང་ན་མིང་ངོ་མའི་ཐོག་ནས་ཚོར་བ་རྣོན་པོ་ཅན་གྱི་བསམ་ཚུལ་གང་ཡང་འདོན་གྱི་མེད་པ་རེད། ཁྱད་པར་དུ་དོལ་རྒྱལ་གྱི་སྐོར་སོགས་ཚོར་བ་རྣོན་པོ་ཅན་རྣམས་ལ་དངོས་མིང་གི་ཐོག་ནས་བསམ་ཚུལ་བཤད་ན། དེ་ནས་བཟུང་བསམ་ཚུལ་བཤད་མཁན་དེ་རྗེས་འདེད་བཏང་ནས། སྤྱི་ཚོགས་ཀྱི་ཐོག་ནས་ཕོ་རོག་དཀར་པོ་བཟོ་ཅི་ཐུབ་བྱེད་ཀྱི་ཡོད་ཚུལ་དྲ་རྒྱའི་དོ་དམ་པ་འགའ་རེས་གསལ་བོར་བཤད་སོང་ཡང་འདིར་དེ་དག་འགོད་པ་འོས་སུ་མ་མཐོང་།
ངས་འདི་ལྟར་བལྟས་དུས། ང་ཚོ་བོད་པ་ཚང་ལ་རྩོམ་པ་པོ་གྲགས་ཅན་གང་མང་ཞིག་ཡོད་ཀྱང་། དེ་ཚོ་མིང་ངོ་མའི་ཐོག་ནས་དྲ་ཞབས་སུ་ཡོང་མཁན་རེ་ཟུང་ཞིག་ལས་མ་མཐོང་ བས། ཡང་ན་ཁོང་རྣམས་ཀྱིས་དྲ་རྒྱ་ལ་ལག་པས་རེག་གི་མེད་པ་ཡིན་ནམ། ཡང་ན་ཐབས་ཤེས་གཞན་ཞིག་བྱེད་ཀྱི་ཡོད། དྲ་ཞབས་སུ་དྲ་འཛིང་བགོ་མཁན་གང་མང་ཞིག་ལ་མཐོང་རྒྱ་ཐོས་རྒྱ་ཤིན་ཏུ་ཆེན་པོ་འདུག་པ་འདི་དག་ཕལ་ཆེ་བ་ཞིག་ནམ་རྒྱུན་གྱི་རྩོམ་པ་རྒན་གྲས་རྣམས་ཡིན་ངེས། འོན་ཀྱང་ཁོང་རྣམས་རིག་པ་གྲུང་བས་ཕ་རོལ་པོ་ཆམ་ལ་ཕབ་རྗེས་རང་ཉིད་རྣ་བ་འཇམ་པོ་བྱས་ནས་སྡོད་ཀྱི་ཡོད་ཅིང་། ང་ཐེ་བའི་གླེན་པ་སྐོར་ཞིག་གིས་རང་མིང་དངོས་སུ་བཀོལ་བཞིན་ཡོད་སྟབས། ཧ་ཅང་ཛ་དྲག་པོའི་བསམ་ཚུལ་འདོན་བསམ་རུང་འདོན་སར་མི་འགྲོ་ཡང་། ཚོར་བ་རྣོན་པོ་ཅན་གྱི་མཆན་བུ་འགའ་རེ་བཏབ་པར་མིང་སྐུང་གི་མེད། དེ་ནི་སྒོ་གསུམ་དྲང་མོ་ཞིག་བྱེད་བསམ་པ་ཙམ་ལས་གཞན་མིང་རྫུན་བཀོལ་མ་ཤེས་པ་ག་ལ་ཡིན།
ཁར་སང་དགའ་ལྡན་ཁྲི་ཟུར་དང་དོལ་རྒྱལ་ཀྱི་སྐོར་དེའི་འོག་ན་ད་བར་སྐྱོན་བརྗོད་ཀྱི་ མཆན་༡༠༥བཏབ་འདུག་ཀྱང་། དེའི་ནང་དུ་མིང་ངོ་མའི་ཐོག་ནས་ཡོང་མཁན་ང་དང་ལྷ་སྡེ་ གནམ་ལོ་ཡག་གཉིས་ལས་མེད་ཅིང་། ཁོང་གིས་ཀྱང་སྤྱིར་བཏང་གི་བསམ་ཚུལ་ཙམ་ལས་སྐྱོན་བརྗོད་ངོ་མ་བྱས་མི་འདུག་པས། དོན་ལ་མཆན་༡༠༥ནང་ནང་དུ་མིང་ངོ་མ་བཀོལ་ནས་སྐྱོན་བརྗོད་བྱེད་མཁན་ཁོ་བོ་གཅིག་པུ་ལས་མི་འདུག འདིས་ཅི་ཞིག་མཚོན་གྱི་ཡོད་ཟེར་ན། ད་ལྟའི་སྤྱི་ཚོགས་ཀྱི་ཐོག་ལ་མངོན་ལྐོག་གཉིས་དང་། ཁ་ཁོག་གཉིས་གཉིས་མ་གཏོགས་སྒོ་གསུམ་དྲང་མོ་ཞིག་འགྲོ་ས་མེད་པ་གསལ་པོར་བསྟན་པ་རེད། དེར་བརྟེན་མིང་རྫུན་གྱི་འོག་ནས་ཁྲག་དམར་པོའི་དྲི་མ་བྲོ་བའི་མཆན་འདེབ་མཁན་ཚོ་ལ་ཅི་ཡང་ལབ་ཤེས་ཀྱི་མེད་ཀྱང་། ང་ཚོ་མིང་ངོ་མའི་ཐོག་ནས་ཡོང་མཁན་ཚོས་བསམ་ཚུལ་ཙམ་བརྗོད་པ་ལ་དྲ་རྒྱ་ཡོངས་རྫོགས་བརྫེད་རྒྱུའི་རྗེས་འདེད་གཏོང་གི་ཡོད། འདི་ནི་ལས་རྒྱུ་འབྲས་ལས་འདས་པའི་བྱ་སྤྱོད་ཅིག་ཡིན་རུང་། ཕ་ རོལ་པོས་ལས་རྒྱུ་འབྲས་ལ་མ་བརྩིས་ན་བརྩི་རོགས་ཟེར་ནས་མགོ་ལ་འཇོག་ཐབས་ཅི་ཞིག་ ཡོད། མིང་རྫུན་བཀོལ་མཁན་རྣམས་ཀྱིས་མིང་ནི་མིང་རྫུན་རང་ཡིན་པས། མི་གཞན་ལ་གློ་མཆིན་ཁ་ནས་ཐོན་དགོས་པའི་མཆན་བཏབ་ཀྱང་། དེ་ཚོ་ལ་ཡ་ལན་སྤྲོད་མ་ཐུབ་ཅིང་། ཡ་ལན་སྤྲོད་མ་ཐུབ་པའི་སྡུག་གཟེར་དེ་ང་ཚོ་མིང་ངོ་མའི་ཐོག་ནས་སྤྱིར་བཏང་གི་བསམ་ཚུལ་ཙམ་བརྗོད་མཁན་ཚོའི་མགོ་ལ་བཙན་གྱིས་འཇོག་པ་འདི་རྒྱུ་འབྲས་དང་འགལ་བ་མིན་ན། དེ་ནས་འཇིག་རྟེན་ན་རྒྱུ་འབྲས་དང་འགལ་ཚུལ་ཞིག་མེད་ངེས་གཏན་རེད།
མཐའ་དོན་གསལ་པོར་ཞུ་རྒྱུ་ཞིག་ལ། ད་བར་ཁ་བརྡ་དྲ་ཐོག་འདིར་ཁོ་བོའི་མཆན་ལ་གཞི་བྱས་ནས། དེའི་གནད་འགག་རྣམས་གཡེན་སྦྱོར་གྱི་ཚིག་དུ་བསྒྱུར་ཏེ་ཁོ་བོ་ཡིན་མདོག་བྱེད་མཁན་དང་། ཡང་ཁོ་བོའི་མིང་དངོས་སུ་བཀོལ་ནས་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་བཅུ་ལྷག་ཅིག་བྱུང་སོང་བ་རྣམས། མི་གཅིག་གིས་བྱེད་ཀྱི་ཡོད་དམ་ཡང་ན་ཁ་ཤས་ཀྱིས་བྱེད་ཀྱི་ཡོད་ཆ་མ་འཚལ་ཡང་། གང་ལྟར་ཁ་ན་མ་ཐོ་བའི་མཆན་གྱི་རིགས་དང་། བླ་ཆེན་ཁག་དང་ཆོས་བརྒྱུད་ཁག་ལ་དེ་ལས་གནག་རྒྱུ་མེད་པའི་ཚིག་མཚོན་དང་བཅས་མཆན་འདེབ་མཁན་རྣམས་ནི་ཁོ་བོ་མིན་པས་གཟུ་བོར་གནས་པ་རྣམས་ཀྱིས་མཁྱེན་རྒྱུ་གལ་ཆེ།
འཇིག་རྟེན་ལ་བདེན་པར་སྨྲ་བ་དཀོན་ཞིང་། དེ་ལས་ཀྱང་ཉན་མཁན་དཀོན་པའི་དུས་འདིར་དྲ་ཐོག་ནས་སེམས་པ་བཟང་པོས་སྐད་ཆ་བཤད་རྒྱུ་འདི་ཡང་། སྐྱེ་བོ་གཞན་ལ་ཕོག་ཐུག་ གཏོང་བྱེད་དང་། རང་གི་གསེར་ལས་རྩ་ཆེ་བའི་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བྱེད་ཅིག་ལས་ཅི་ཡང་མི་འདུག་པས། ད་ནས་བཟུང་ཁོ་བོ་སྒེར་གྱིས་གཉེར་བའི་དྲ་རྒྱ་ཁག་གི་ཐོག་མ་གཏོགས། ཁ་བརྡ་དང་། དུས་བབ་སོགས་ཀྱི་ནང་དུ་སྐབས་ཤིག་གི་རིང་ལ་འགྲོ་རྒྱུ་མིན་པས། གསལ་བཤད་འདི་དྲ་ཐོག་ཏུ་སླེབས་པ་ནས་བཟུང་། དགྱེས་རྡོར། དཔལ་རྡོར། དཔལ་དགྱེས། དཔལ་དགྱེས་པ་རྡོ་རྗེ། ཤྲྰི་སྨྱོན་པ་སོགས་བརྒྱ་སྟོང་ཅི་ཙམ་སླེབ་ཀྱང་ཁོང་རྣམས་ ཀྱིས་འགན་ལེན་རྒྱུ་ལས། ཁོ་བོ་ལ་ནི་ལྷ་བཟོ་ཀུན་དགའ་དང་ཤིང་བཟོ་ཀུན་དགའ་ལྟ་བུའི་བདག་གིས་ཕྲག་དོག་ཅི་ཡང་མེད་པས་གང་འགའ་ཇི་འདོད་བྱོས་ཤིག ཁོ་བོ་རང་གིས་བྲིས་པའི་གསལ་བཤད་འདིའི་འོག་ཏུ་ཡང་ཁོ་བོས་མཆན་གང་ཡང་འདེབ་རྒྱུ་མིན་ནོ།།
ང་རང་སྒེར་གྱིས་གཉེར་བའི་ཨེ་མ་ཧོའི་རིག་མཛོད་ཆེ་ཆུང་ཁག་གི་འདི་དག་ཡིན་ ཞིང་། འདི་དག་གི་ནང་གི་མེད་པ་རྣམས་ནི་ཁོ་བོ་དང་འབྲེལ་བ་གང་ཡང་མེད་པར་ཐག་ བཅད་ནས་བཤད་པ་ཡིན་པས་དེ་ལུགས་ཀུན་གྱི་ཐུགས་ལ་འཛིན་རོགས་ཞུ།
http://www.amahoweb.org/?p=2735
http://www.amahonet.blogspot.com/p/blog-page.html
http://www.amahoweb.org/?p=2735
http://www.amahonet.blogspot.com/p/blog-page.html
མཐའ་དོན་རང་གིས་ནི་གོང་དུ་སྨྲོས་ཟིན་པ་ལྟར། བསམ་པ་བཟང་པོའི་ཁ་ཏ་དང་། ཁ་ལག་ གཙང་མའི་མཆོད་པ་ཟེར་བའི་དཔེ་ལྟར་ཡིན་རུང་། ཀྱེ་མ་འཕགས་པ་ཀླུ་སྒྲུབ་ ལུགས།། ལ་ལའི་སྨན་ལ་ལ་ལའི་དུག་ཟེར་བ་ལྟར། འགའ་ཞིག་གིས་སེམས་ལ་མ་འཕྲོད་པ་རེ་བྱུང་ཡོང་ན། ང་ཚོ་བོད་རིགས་སྤུན་ཟླ་ཡོངས་རྫོགས་ཤ་རུས་གདུང་རྒྱུད་གཅིག་པ་ཡིན་པས་ཆ་ནས་རྣམ་པ་ཚོ་དགོངས་པ་མ་ཚོམས་རོགས་ཞེས་ཞུ་རྒྱུ་དང་། འགའ་ཞིག་གིས་མིང་རྫུན་བཀོལ་ནས་བསམ་བཞིན་ཇེ་ཆེ་ཇེ་གཉན་ཇེ་ཟབ་ལ་བཏང་སྟེ། དྲ་འཛིང་ཡོང་ཐབས་བྱས་པ་རྣམས་ནི་ཁོ་བོ་དང་འབྲེལ་བ་གང་ཡང་མེད་པས་སྤུན་གྲོགས་ཚོས་དགྲ་གཉེན་མ་ནོར་བ་བྱེད་རོགས་ཞུ་རྒྱུ་ཡིན། ཞེས་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་ཁ་བརྡའི་དབུ་འཛིན་པ་རྣམས་དང་། བཟང་ངན་གྱིས་འབྲེལ་བའི་དྲ་གྲོགས་ཡོངས་ལ་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment