དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday, 13 October 2011
གངས་ལྗོངས་མཁས་པའི་སྙན་རྩོམ་པ་ཨང་གི་དང་པོ་ལ་ཕུལ་བ་རྫས་བརྒྱད་མཆོད་པའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །
ན་མོ་མ་ཧྰ་གུ་རུ་བུདྡྷ་ཛྙྰ་ན་པདྨ་ཀ་ར་ཡེ། །
རབ་འབྱམས་རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་ཐིག་ལེ་ཉག་ཅིག་འཇམ་པའི་དཔལ། །
སྲིད་ཞིའི་སྙན་ཀུན་ཚངས་དབྱངས་རྣམ་སྤྲུལ་མཛེས་སྡུག་ལྷན་ཅིག་རོལ་པའི་ལྷ། །
བསྟན་འགྲོའི་དོན་ཀུན་བསམ་ཡས་ངོ་མཚར་ཟློས་གར་སྐད་ཅིག་སྟོན་པའི་རྗེ། །
གསུམ་ལྡན་སློབ་དཔོན་ཤེས་རབ་འོད་སྣང་ཆོས་ཀྱི་རྒྱལ་མཚན་ལེགས་པར་བསྒྲེངས། །

སྔོན་བྱོན་རྒྱལ་བ་རྫོགས་པའི་སངས་རྒྱས་ལྷ་མིའི་བླ་མ་དམ་པ་དེར། །
གཟུགས་ཀྱི་ལྷ་མོ་འོད་འཆང་མཛེས་མས་མེ་ལོང་ཕུལ་བའི་བཀྲ་ཤིས་རྫས། །
བྱིན་རླབས་དངུལ་དཀར་མེ་ལོང་དྭངས་ལྟར་རབ་གསལ་སེམས་ཅན་སྙིང་པོའི་དོན། །
ཆོས་ཉིད་རྟོགས་པའི་རྟེན་འབྲེལ་ཀུན་བཟང་སྤྲིན་ཀྱི་རྒྱ་མཚོའི་བརྩེ་དུང་རྒྱལ། །

བསོད་ནམས་རིན་ཆེན་བགྲང་ཡས་ཚོགས་ཟུང་མི་ཟད་ནམ་མཁའ་མཛོད་ཀྱི་གཏེར། །
གྲོང་བའི་བུ་མོ་ལེགས་སྐྱེས་དགའ་མས་བ་མཆོག་འོ་མའི་ཉུང་ཁུར་དག །
དཀའ་སྤྱད་སེམས་དཔའི་ཞལ་དུ་ཕུལ་བས་ཏིང་འཛིན་ཟས་ཀྱི་འཚོ་བ་ལྟར། །
བྱམས་བརྩེ་དྲང་བདེན་བློ་གྲོས་ཕུལ་བྱུང་སྤྲིན་གྱི་རྒྱ་མཚོའི་རྣམ་ཐར་རྒྱལ། །

མཐུ་སྟོབས་ནུས་པས་བདུད་ལས་གཡུལ་རྒྱལ་ཟུག་རྔུའི་ནད་རིམས་ཀུན་སེལ་ཕྱིར། །
གླང་ཆེན་ས་སྲུང་བུ་མཆོག་དཔའ་བོས་སྨན་བཟང་གི་ཝང་ཕུལ་བ་ལྟར། །
གསང་ཆེན་བསྟན་པར་འདོད་ཡོན་ལམ་ཁྱེར་བདུད་རྩིའི་ལོངས་སྤྱོད་ཚོགས་འཁོར་ཆེས། །
དག་རྫོགས་སྨིན་གྲོལ་ཡོན་ཏན་བྱེ་བའི་སྤྲིན་གྱི་རྒྱ་མཚོའི་བྱིན་རླབས་རྒྱལ། །

སྟོང་དང་རྟེན་འབྱུང་ཕུན་སུམ་ཚོགས་པའི་བཀྲ་ཤིས་བདེ་ལེགས་རྒྱུ་འབྲས་ལས། །
ཀུན་གཙང་བྲམ་ཟེ་ཀུན་རྡ་ལི་དང་རྩྭ་འཚོང་དུར་ཝའི་ཕུལ་བྱུང་ལྟར། །
སྐྱེ་དང་འཆི་བའི་བགྲེས་རྒུད་ཀུན་བྲལ་མི་འགྱུར་རྡོ་རྗེ་རིན་པོ་ཆེའི། །
ཕན་བདེའི་དགའ་སྟོན་ཞབས་པད་བརྟན་པའི་སྤྲིན་གྱི་རྒྱ་མཚོའི་སྙན་ངག་རྒྱལ། །

དུས་གསུམ་དགེ་བའི་རྟེན་འབྲེལ་ལུགས་ལྡོག་མྱ་ངན་འདས་པའི་མཐར་སོན་པར། །
ཤིང་གི་ལྷ་མོས་ཤིང་ཏོག་བིལ་བ་མཆོད་པའི་རྒྱན་དུ་ཕུལ་བ་ལྟར། །
འཁོར་འདས་ཚངས་པའི་གནས་པ་བཞི་དང་བདེན་བཞི་གྲུབ་པ་མངོན་གྱུར་པས། །
ཉམས་རྟོགས་ཡོན་ཏན་སྨིན་གྲོལ་རྣམ་དག་སྤྲིན་གྱི་རྒྱ་མཚོའི་ཕ་རོལ་ཕྱིན། །

བསྐལ་བཟང་རྣམ་འདྲེན་རྒྱལ་བ་དེ་ཉིད་གནས་ལུགས་ཟབ་མོའི་དོན་རྟོགས་པས། །
ལྷ་དབང་བརྒྱ་བྱིན་དུང་དཀར་ཕུལ་བས་ཆོས་འཁོར་ཐེག་གསུམ་བསྐུལ་བ་བཞིན། །
ཁམས་དབང་མོས་པའི་སེམས་ཅན་ཀུན་ལ་ཞི་བདེ་སྤེལ་བའི་ལུང་རྟོགས་ཆོས། །
འཇིགས་མེད་བློ་གྲོས་བསྟན་པའི་རྒྱལ་མཚན་སྤྲིན་གྱི་རྒྱ་མཚོའི་སྒྲ་སྙན་གྲགས། །

སྣང་སྲིད་སྣོད་བཅུད་སོ་སོར་རྟོགས་པའི་སྲིད་ཞིར་དབང་སྒྱུར་རྒྱལ་མཆོག་ཉིད། །
ལྷ་མོ་བསྟན་མས་བདེན་དཔང་གནང་དང་བྲམ་ཟེ་སྐར་རྒྱས་ལི་ཁྲིའི་བརྡར། །
ཆོས་ཀྱི་རྒྱལ་སྲིད་ལེགས་པར་ཐོབ་པའི་བཟང་དགུའི་རྟེན་འབྲེལ་རྨད་བྱུང་བས། །
ཁམས་གསུམ་ཆོས་རྒྱལ་བསྟན་པའི་བདག་པོ་སྤྲིན་གྱི་རྒྱ་མཚོ་མངོན་པར་མཐོ། །

ལས་ཉོན་བདུད་སྲིན་གདོན་བགེགས་བར་ཆད་མི་མཐུན་ངན་པའི་གཡུལ་རྒྱལ་ཕྱིར། །
གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུང་དཀར་ཕུལ་བའི་རྟེན་རྫས་བཞིན། །
རྒྱ་བོན་མུ་སྟེགས་ལྟ་ངན་མུན་ནག་རྒྱང་རིང་མུ་མཐར་བསྐྲད་མཛད་པའི། །
མཁྱེན་བརྩེ་ནུས་པའི་ཕྲིན་ལས་རབ་འབྱམས་སྤྲིན་གྱི་རྒྱ་མཚོས་ཁྱབ་གྱུར་ཅིག །

ཆོས་དང་ཆོལ་ཁའི་ཕྱོགས་ཞེན་མ་ཡིན་བསྟན་པའི་སྙིང་པོ་གཙོར་འདོན་ཡིན། །
གདུང་དང་དབོན་སྤྲུལ་རྫུན་ཞེན་མ་བྱས་གཟུར་གནས་བདེན་དཔུང་ཚད་མ་ཡིན། །
རྒྱུ་དང་དཔུང་ཤུགས་ངོ་སོ་མ་བལྟས་ཐབས་ཤེས་མི་ལ་དགའ་རྟགས་ཡིན། །
ཀླུ་རྒྱལ་སྙན་པའི་བྱ་དགའ་དང་པོ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། །

ཞེས་པ་འང་རབ་རྒྱན་ལྕགས་ཡོས་སྨིན་དྲུག་ཟླ་བའི་ཉ་གང་གི་མཚན་མོ་ནུབ་ཕྱོགས་སུ་བསྐྱོད་པའི་གནམ་གྲུའི་སྒེར་ཁང་ནས་དཀར་གསལ་ཟླ་བ་དེ་ལྷང་ངེ་ཤར་བའི་མོད་ལ་སྤྲིན་གྱི་རྒྱ་མཚོ་བརྒལ་བའི་བརྩེ་དུང་ལ་རྒྱལ་ཁམས་པ་དཔལ་དགྱེས་པ་རྡོ་རྗེས་གང་ཤར་གནམ་ཐིག་བགྲོད་ལམ་དེ་ཉིད་དུ་ཁ་དགེའི་གླུ་དབྱངས་སུ་ཕུལ་བ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ