དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 23 October 2011
བདེ་ཆེན་དབང་མོ་ལ་བསྟོད་པ་རིག་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ། །
ན་མོ་གུ་རུ་དེ་བ་ཌྰཀྐི་ཡེ། །
བདེ་ཆེན་ཕྱག་རྒྱ་མཆོག་གི་རྟུལ་ཞུགས་ཅན། །
ཆོས་དབྱིངས་མཉམ་ཉིད་རིག་པའི་རྒྱལ་བ་དང་། །
སྲས་བཅས་ཉན་རང་བྱང་སེམས་འཕགས་ཚོགས་ལ། །
སྒོ་གསུམ་མི་ཕྱེད་དད་པས་གསོལ་བ་འདེབས། །
 
ཀ་དག་མཛེས་མའི་ལང་ཚོ་ཁྱེད་ལ་མངའ། །
ཁ་སྦྱོར་ཡན་ལག་བདུན་པའི་ལོངས་སྤྱོད་རྫོགས། །
ག་བུར་དབང་པོའི་མདངས་འཛིན་ཡིད་འཕྲོག་མ། །
ང་ཡི་སྙིང་བརྩེ་དུང་བས་བསྟོད་བསྔགས་འབུལ། །
 
ཅ་ཅོའི་དོན་མེད་སྨྲ་བ་ཁྱེད་ལ་དབེན། །
ཆ་ཤས་ཀུན་བཟང་སྤྱོད་པའི་རིགས་མཆོག་མས། །
ཇ་ཡུན་ཙམ་ཡང་མི་དལ་སློབ་གཉེར་བརྩོན། །
ཉ་རྒྱས་ཟླ་ལྟར་ལྷག་བསམ་ཁྱེད་ལ་ལྡན། །
 
ཏ་ཐ་ག་ཏའི་བསྟན་པ་རིན་ཆེན་དང་། །
ཐ་སྙད་གཙུག་ལག་རྒྱ་མཚོར་བྱང་ཆུབ་པའི། །
ད་ལྟར་གོ་ལའི་སྟེང་ན་ཕུལ་བྱུང་མ། །
ན་ཆུང་བུ་མོ་ཁྱེད་འདྲ་སྲིད་ན་དཀོན། །
 
པ་ར་མི་ཏར་གོ་བའི་ངེས་ཤེས་འཁྲུངས། །
ཕ་མའི་རྒྱུད་སྡེའི་དག་མཉམ་མྱོང་བ་ཐོབ། །
བ་གམ་ཟབ་རྒྱས་མངོན་མཐོར་འཚོ་བཞེས་མའི། །
མ་སྨད་བསོད་ནམས་བྱེ་བའི་དཔལ་ལ་སྤྱོད། །
 
ཙཱ་རི་གངས་དཀར་འཛིན་མའི་མདོ་ཁམས་སུ། །
ཚ་གྲང་དཀའ་སྤྱད་སྐྱོབ་པར་ལྷུར་ལེན་པའི། །
ཛ་དྲག་གཡུལ་ལ་ཞུགས་པའི་དཔའ་མོ་ཁྱེད། །
ཝ་ལེར་སེམས་ལ་འཆར་ཚེ་དད་གུས་སྐྱེ། །
 
ཞ་ལོང་སྤྲང་པོར་ཉམ་ཐག་བྱམས་བརྩེ་ཅན། །
ཟ་འདོད་རྒྱལ་འགོང་འདུལ་བའི་ཁྲོ་གཉེར་ཅན། །
འ་ཅག་ཕ་མེས་རྒྱུད་པའི་སྲུང་མ་ཆེ། །
ཡ་རབ་བུ་མོ་བདེ་ཆེན་གཡང་གི་སྒྲོན། །
 
ར་བ་གངས་རི་ཕྲེང་བའི་མུ་ཁྱུད་ནས། །
ལ་རྒྱའི་ཕ་ས་བཟུང་བའི་མཛེས་མཛངས་མ། །
ཤ་ཁྲག་བོད་ལས་མཆེད་པའི་བརྡ་རྟགས་སུ། །
ས་མཐར་མ་འཁྱམས་རིག་གནས་འཛིན་སྐྱོང་སྤེལ། །
 
ཧ་ཅང་དགའ་བས་བསྟོད་བསྔགས་ཤོར་བ་མིན། །
ཨ་བུ་ན་ཆུང་ཉིད་ཀྱི་རང་གཤིས་ལགས། །
ཧ་ལམ་དྲ་དངོས་ཉུལ་ནས་ད་བར་དུ། །
ཨ་ཧོ་བུ་མོ་ཁྱེད་ལྷག་མ་མཇལ་ཐལ། །
 
ལུས་ཀྱི་ལང་ཚོ་ལྷ་མོ་མཛེས་པའི་སྐུ། །
ངག་གི་སྒྱུ་རྩལ་སྒྲ་དབྱངས་སྙན་པའི་གསུང་། །
སེམས་ཀྱི་རྣམ་དཔྱོད་མཁྱེན་བརྩེ་ནུས་པའི་ཐུགས། །
གསང་གསུམ་བདེ་ཆེན་དབང་མོ་ཁྱེད་ཉིད་རྒྱལ། །
 
ཐོས་བསམ་མཁྱེན་པ་མུན་སེལ་སྒྲོན་མེ་ཅན། །
ཐབས་ཤེས་སྒོམ་པ་བརྩེ་ལྡན་ཟླ་གཞོན་དངོས། །
སྒྲིབ་ཀུན་མུན་སེལ་འོད་སྟོང་དབང་པོ་བཞིན། །
བདེ་ཆེན་ཕྱག་རྒྱའི་གཏན་གྲོགས་ཁྱེད་མིན་སུ། །
 
བླ་མ་དམ་པར་མོས་པའི་བྱིན་རླབས་ཐོབ། །
ཡི་དམ་རྒྱལ་བའི་དངོས་གྲུབ་མཆོག་ཏུ་བརྙེས། །
མཁའ་འགྲོ་རྒྱ་མཚོའི་སྤྲོ་གཞིའི་ཕྲིན་ལས་ཅན། །
རྩ་གསུམ་བསྟན་པའི་བདག་མོ་རྒྱལ་གྱུར་ཅིག །
ཅེས་པའང་རབ་རྒྱན་ལྕགས་ཡོས་སྨིན་ཟླའི་ཚེས་བཟང་ཉིན་མདོ་སྔགས་ལོ་རྒྱུས་དང་ཆོས་འབྱུང་སོགས་ལ་མཁས་པའི་ན་ཆུང་མ་བདེ་གཡང་ངམ་མིང་དངོས་བདེ་ཆེན་དབང་མོ་ལ་ཅི་ དྲན་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་བསྟོད་གསོལ་དུ་འདེབས་པ་དོན་དང་ ལྡན་པར་གྱུར་ཅིག། །།

0 comments:

ཟིན་བྲིས་འཚོལ་ཡུལ