དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 21 December 2011

དགའ་ལྡན་ལྔ་མཆོད་ལ་འབུལ་བའི་ཀ་རྩོམ་ཙོང་ཁའི་མེ་ཏོག །

ཨེ་མ་ཧོ། །

ཀ་མ་ལ་ལྟར་དཀར་པོའི་ཚུལ་ཁྲིམས་རྣམ་པར་དག །
ཁ་བའི་རི་ལྟར་མཐོ་བའི་ཏིང་འཛིན་རབ་བརྟན་པའི། '
ག་བུར་སྨན་ལྟར་ཕན་པའི་ཤེས་རབ་ཐབས་མཁས་པ། །
ང་ཚོས་བླ་མ་བློ་བཟང་གྲགས་པར་ལྔ་མཆོད་འབུལ། །
ཅ་ནའི་འཇིག་རྟེན་རྗེས་སུ་མ་རྒྱུགས་མྱང་འདས་པའི། །
ཆ་ལུགས་ཆོས་མཐུན་ཆོས་བརྒྱད་དོར་པའི་དགེ་སློང་ཆེ། །
ཇ་ཆང་འདོད་ཡོན་རིང་དུ་སྤོངས་ཤིང་ཆོས་མཐུན་པའི། །
ཉ་གུང་ཟླ་ལྟར་ཡོན་ཏན་དབང་ཕྱུག་ཙོང་ཁ་པ། །
ཏ་ཐྰ་ག་ཏའི་བསྟན་པའི་རྩ་བ་འདུལ་འཛིན་ཆེ། །
ཐ་དག་ཤེས་བྱ་མདོ་སྡེའི་དགོངས་དོན་ལེགས་པར་སྐྱོང་། །
ད་འདས་འབྱུང་འགྱུར་མངོན་པའི་ཆོས་ཉིད་རྣམས་སྤེལ་བའི། །
ན་མོ་གུས་པས་དགེ་ལྡན་བསྟན་པའི་སྲོལ་འབྱེད་དོ། །
པ་ར་མི་ཏའི་ལེགས་བཤད་གསེར་གྱི་ཕྲེང་བ་དང་། །
ཕ་མའི་རྒྱུད་སྡེ་ཕྱི་ནང་གསང་དང་དུས་འཁོར་སོགས། །
བཛྲ་ཐེག་པའི་དེ་ཉིད་སྨན་མཆོག་བདུད་རྩི་ཆེས། །
མ་ལུས་འགྲོ་ལ་ཕན་བདེའི་ལམ་བཟང་བསྟན་པར་མཛད། །
ཙན་དན་ལྗོན་པའི་བདེན་རྟགས་ཆེན་པོ་བཀྲ་ཤིས་པའི། །
ཚལ་ལོ་བདེ་ལེགས་སྐུ་མཚལ་བསྟམས་པ་ཤིང་གིས་རྒྱན། །
ཛ་ཡའི་བསྟན་པར་ཕུན་སུམ་ཚོགས་པའི་ཕྲིན་ལས་ཅན། །
ཝ་ལེར་གསལ་བའི་དགེ་ལྡན་བདག་པོ་ཙོང་ཁ་པ། །
ཞྭ་སེར་བསྟན་པའི་རིང་ལུགས་མ་ནོར་གངས་ཅན་དུ། །
ཟ་ཧོར་མཁན་པོའི་སྡོམ་རྒྱུན་སྤེལ་བའི་གནས་བརྟན་ཆེ། །
འ་ཅག་གངས་ལྗོངས་བསོད་ནམས་སྤེལ་སའི་ཤིང་རྟ་ཞིག །
ཡ་རབ་དམ་པའི་གྲུབ་མཐའ་འཛིན་པ་བློ་བཟང་གྲགས། །
ར་བ་གངས་དཀར་ཆོས་རྒྱལ་ཞིང་དུ་རྒྱལ་ཚབ་རྗེ། །
ལ་རྒྱའི་བསྟན་པ་ཚུལ་བཞིན་འཛིན་པའི་དགེ་ལུགས་པ། །
ཤ་ཁྲག་རུས་གསུམ་གཅིག་ལས་མཆེད་པའི་གངས་ཅན་བོད། །
ས་ཆེན་བསྟན་པའི་ལྕགས་རི་བཙན་པོ་རྗེས་སུ་དྲན། །
ཧ་ཅང་ངལ་བའི་འབད་རྩོལ་མ་བྱས་རྣམ་རྟོག་དག །
ཨ་རོགས་ཞིག་གིས་བསྐུལ་བའི་རྐྱེན་ལས་ཤྲྰི་སྨྱོན་པས། །
གང་ཤར་དགའ་ལྡན་ལྔ་མཆོད་དྲན་པའི་བརྗེད་ཐོ་ཙམ། །
ཡེ་ཤུའི་དུས་སྟོན་བྲེལ་བའི་སྐབས་སུ་ཐོལ་བྱུང་ཐལ། །

0 comments:

ཟིན་བྲིས་འཚོལ་ཡུལ