དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday, 15 January 2012
༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེར་བསྟོད་པ་
སྙན་འཇེབས་ཡིད་འཕྲོག་གླིང་བུ་
ཞེས་བྱ་བ་བཞུགས་སོ། །

དེབ་དང་པོ། 

ལྷ་ས་ཞིང་ཆེན་ལྷོ་ཁ་རྣམ་ཞོལ་ཤེས་རབ་ཆོས་འབྱོར་གྱིས་བསྒྲིགས།

 ཤིས་ཚིག

ཚངས་སྲས་རྒྱུད་མངས་གདངས་ལ་འགྲན་པ་ཡི། །
སྙན༵་འཇེབས༵་ཡིད༵་འཕྲོག༵་གླིང༵་བུ༵འི་འགྱུར་ཁུགས་ལས། །
སྐལ་བཟང་སྙིང་ལ་སྤྲོ་དགའ་རབ་འཕེལ་ཏེ། །
རྫོགས་ལྡན་གསར་བའི་དཔལ་ལ་རོལ་གྱུར་ཅིག །
ཅེས་གསེར་ཐང་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས་ཤར་མི་ཉག་པ་གང་བསམ་ལྷུན་གྲུབ་ཏུ་འབོད་པས་
ས་གླང་ལོ་ཟླ་༨ཚེས་༢༦ཉིན་བྲིས་པ་ཀུན་ཏུ་དགེ་གྱུར་ཅིག །

 ༄༅། །མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་
ངོ་སྤྲོད་མདོར་བསྡུས། །
མཁན་ ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་ནི་སྤྱི་ལོ་༡༩༧༠ལོའི་ཟླ་༥་པའི་ཚེས་༡་ཉིན་དམ་ པའི་སྐྱེས་བུ་ཆེན་པོའི་ལྟས་བཟང་དང་བཅས་མདོ་སྟོད་ཁྲྭ་ཁོག་གི་གཞུ་ཆུ་བར་མའི་ མཚེའུ་དཀར་འཁྱིལ་གྱི་ཉེ་དྲུང་སྤང་ལྷས་ སྒང་དུ་ཡབ་དབྲ་ཆེན་ཨ་མྱེ་ཞི་ཁྲོ་དང་ཡུམ་ཡ་བཟའ་ཨོ་རྒྱན་སྒྲོལ་མ་གཉིས་ཀྱི་ སྲས་སུ་མཚན་དཔེའི་སྐུ་ཡི་མེ་ཏོག་ལྷམ་མེར་བལྟམས།སྐུ་ན་ཕྲ་མོའི་དུས་ནས་ཀུན་ གྱིས་མཐོང་ན་དགའ་བའི་བྱིས་པ་ཡ་རབས་སྤྱོད་བཟང་གཤིས་རྒྱུད་བཟང་ཞིང་བློ་རིག་ གསལ་བ་དམན་མཉོམ་ཆུང་ལ་སྙིང་བརྩེ་རང་ཆས་སུ་མངའ་བ་ཞིག་ཡོད།དགུང་གྲངས་དྲུག་ བདུན་སྐབས་བརྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་གྱི་སྐུ་གམ་དུ་ཡི་གེ་འབྲི་ ཀློག་བསླབ་ཚེ་ལན་རེ་མ་གཏོགས་སློབ་མི་དགོས་པར་ཚེགས་མེད་དུ་མཁྱེན་པས་མཁན་ཆེན་ཡང་ ཐུགས་ཤིན་ཏུ་མཉེས་པར་གྱུར།དགུང་གྲངས་བཅུ་གསུམ་པར་དགེའུ་དགོན་དུ་ཆིབས་ བསྒྱུར་གནང་སྟེ་འདོན་ཆོག་གི་སྐོར་དང་རྒྱ་གཞུང་གི་རྩ་བ་རྣམས་ཐུགས་འཛིན་གནང་ བས་ཡུན་ཐུང་ངུར་བདེ་བླག་ཏུ་ཐུགས་སུ་ཆུད་པ་དང་།  རྫ་རྒྱུད་དགེ་མང་རི་ཁྲོད་ཀྱི་མཁན་པོ་ཕྲིན་ལས་དབང་རྒྱལ་ལས་རབ་ཏུ་བྱུང་།  དེ་ ནས་བཟུང་མུ་འཐུད་དེ་རྫ་ལྕང་མ་རི་ཁྲོད་ཀྱི་བཤད་གྲྭ་དང་སེར་ཤུལ་བཤད་གྲྭ་སོགས་ སུ་ཕེབས་ནས་བློ་གྲོས་ཀྱི་སྒོ་ཡངས་པོར་ཕྱེས་ཏེ་ཐོས་བསམ་གྱི་གསན་བཞེས་རྒྱ་ ཆེར་མཛད་ལྷག་པར་དུ་མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གི་ཞབས་ཀྱི་པདྨོ་ མཉེས་པ་གསུམ་གྱི་སྤྱི་བོས་བསྙེན་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་བརྩོན་པ་ ཆུ་བོས་རྒྱུན་བཞིན་བརྟེན་པས་མཁས་པའི་ཡང་རྩེར་སོན།མཁན་ཆེན་པདྨ་ཚེ་དབང་མཆོག་ ནས་མཁས་བཙུན་བཟང་པོའི་དན་རྟགས་སུ་གཟེངས་བསྟོད་དང་བཅས་མཁན་པོའི་མཚན་གསོལ་ཏེ་ མཁན་རྟགས་གནང་།སླར་ཡང་རྒྱ་མཚོ་ཆེན་པོ་ཆུ་ཡི་མི་ངོམས་པ་བཞིན་མདོ་སྨད་གསེར་ཐང་ ཕྱོགས་སུ་ཕེབས་ཏེ་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་མཁན་ཆེན་ཆོས་དབྱིངས་ཁྱབ་ བརྡལ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་སོགས་ཀྱི་ཞབས་སེན་ སྤྱི་བོར་བསྙེན་དེ་ཉིན་མཚན་འཁོར་ལོ་བར་མེད་དུ་ཐོས་བསམ་ལ་སྤྲོ་དགས་གཞོལ་བར་ མཛད་པས་ཐོས་པ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་སོན།གསང་ཆེན་བསྟན་པའི་སྒྲོན་མེ་༧ ཆོས་རྗེ་ཡིད་བཞིན་ནོར་བུས་རྗེས་སུ་བཟུང་སྟེ་སྨིན་བྱེད་ཀྱི་དབང་དང་གྲོལ་ བྱེད་ཀྱི་ཁྲིད་རྒྱབ་རྟེན་མན་ངག་དང་བཅས་པ་མནོག་ཆོས་སུ་བསྩལ་བ་དང་ཆབ་ཅིག་མཁན་རྟགས་གནང་སྟེ་མཁན་པོའི་མཚན་གྱི་ཅོད་པན་དབུ་ལ་སྒྲོན།དེ་རྗེས་སྔ་འགྱུར་སྐྱེན་པོ་དགོན་དུ་ཕེབས་ཏེ་བཤད་གྲྭ་གསར་བཞེངས་དང་དགེ་འདུན་གྱི་སྡེ་གསར་འཛུགས་གནང་ནས་ཉེ་བའི་གདུལ་བྱ་རྣམས་སྨིན་གྲོལ་ཆོས་ཀྱི་འཁོར་ལོས་ཚིམས་པར་མཛད། དགུང་ གྲངས་༣༢་ལ་ཕེབས་སྐབས་རེ་ཞིག་འགྲོ་དོན་གཞན་དུ་ཡོད་པར་དགོངས་ནས་ཆིབས་པའི་ཁ་ ལོ་འཕགས་པའི་ཡུལ་དུ་བརྟོལ།དེར་ཕྱོགས་རྣམས་སུ་གྲྭ་སྐོར་ལ་ཕེབས་ཏེ་ཤིན་ཏུ་ མཁས་པའི་དབུས་སུ་ཆོས་ཀྱི་བགྲོ་གླེང་དང་གཞུང་གི་དམ་བཅའ་བཞག་ཚེ་རྩོད་པའི་ གཡུལ་ལས་རྒྱལ་ཏེ་མཁས་པ་མཁས་པའི་དབུས་ ན་མཛེས་ཞེས་པ་ལྟར་གྲགས་པའི་མཚན་སྙན་མཁས་པའི་དབུས་སུ་ཐོབ།གཞན་ཡང་རྒྱ་སྐད་དང་ རྒྱ་ཡིག་དབྱིན་སྐད་དང་དབྱིན་ཡིག་སོགས་རྒྱལ་ཕྱི་ནང་གི་སྐད་རིགས་དང་ཡིག་རིགས་ དུ་མ་ལ་མཁྱེན་མཐར་ཕྱིན་ནས་རིག་པའི་གནས་མཐའ་དག་ལ་མཁས་པའི་པཎྜིཏ་ཞིག་ཏུ་གྱུར་ཏེ་མཚན་སྙན་གྱི་འབྲུག་སྒྲས་རྒྱལ་ཁབ་ཕྱི་ནང་ཀུན་འགེངས་པར་མཛད་པ་དང་།ཕྱིའི་རྒྱལ་ཁབ་མང་པོར་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཆེན་མོས་གཙོས་ཆོས་ཚོགས་གྲངས་ལས་འདས་པ་གཙུགས་ནས་འཚེ་མེད་ཞི་བདེའི་གཞི་རྩ་ཕུན་ སུམ་ཚོགས་པོ་བོད་བརྒྱུད་ནང་བསྟན་རིན་པོ་ཆེ་དང་བཅུ་ཕྲག་རིག་པའི་གཞུང་ལུགས་ ཕྱི་གླིང་རྒྱལ་ཁབ་མང་པོར་ཡོངས་སུ་དར་བར་མཛད་པའི་ཕྲིན་ལས་ཀྱི་འོད་སྣང་དཀར་ པོས་ས་གསུམ་ལ་ཁྱབ་པའི་བསྟན་ དང་འགྲོ་བ་ལ་བཀའ་དྲིན་གཞལ་དུ་མེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ ཏུ་མཆིས་སོ། ། འདིར་༢༠༠༩ལོ་ཟླ༨་ཚེས་༡་ལ་ཁོང་གི་བརྩམས་པའི་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་ རྣམ་འགྲེལ་ཟེར་བ་ཞིག་དང་ཁོང་གི་མཛད་རྣམ་བསྡུས་པ་ཞིག་བདག་གི་ལག་ཏུ་སོན་མ་ཐག་ སྙིང་དབུས་ནས་དད་པ་བཅོས་མིན་ཞིག་བསྐྱེད་ནས་དེར་བརྟེན་ད་རེས་ཁོང་གི་སྐུ་ཚེ་ བརྟན་ཞིང་མཛད་ཕྲིན་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་པའི་སྨོན་ཚིག་ཏུ་ཁོང་ལ་བསྟོད་པ་ ཕྱོགས་བསྒྲིགས་འདི་ལྷ་ས་ཞིང་ཆེན་ལྷོ་ཁ་རྣམ་རྒྱལ་ཞོལ་གྱི་ཤེས་རབ་ཆོས་འབྱོར་ གྱིས་ཆེད་དུ་བསྒྲིག་ནས་རྒྱ་ཆེའི་གཟིགས་པ་པོའི་སྤྱན་ལམ་དུ་བདར་བར་སྤྲོ།
ཞེས་རྣམ་ཞོལ་ཤེས་རབ་ཆོས་འབྱོར་དུ་འབོད་པས་གསེར་ཐང་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་
ཤར་ཉེས་ཚོགས་རང་གྲོལ་གླིང་ནས་༢༠༠༩ ཟླ་༩ཚེས་༡ཉིན་བྲིས་པ་དགེ །

༄༅། །མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེར་བསྟོད་པ་མེ་ཏོག་གི་ཆུན་པོ། །
རྣལ་ཞོལ་ཤེས་རབ་ཆོས་འབྱོར། བླ་རུང་།

གང་སྐུ་མཚན་དཔེའི་སྒྱུ་འཕྲུལ་སྤྲོ་བསྡུ་ཡིས། །
སྲིད་ཞིའི་མཛེས་སྡུག་འབུམ་གྱི་ཉམས་བརྒྱ་སྒེག །
གང་ཐུགས་ཀུན་ཤེས་མེ་ལོང་དྭངས་པའི་མཁར། །
སྣ་ཚོགས་ཤེས་རིག་མེ་ཏོག་འདབ་སྟོང་དགོད། །

མཁྱེན་བརྩེ་ཆུ་ཤེལ་དབང་པོའི་གུར་ཁང་ནས། །
ཀུན་ཕན་ཕྲིན་ལས་འོད་དཀར་བཀྱེ་བསྡུ་ཅན། །
སྐལ་བཟང་ཀུ་མུད་གསོན་པོར་བཞད་པའི་གཉེན། །
མཚུངས་མེད་ཆོས་ཀྱི་རྒྱལ་པོ་ཁྱེད་ལ་བསྟོད། །

རྒྱལ་ཀུན་ཡེ་ཤེས་ཕུང་པོ་གཅིག་བསྡུས་འཕྲུལ། །
འཆད་རྩོད་རཙོམ་པའི་རླབས་ཕྲེང་མཁའ་ལ་འཕྱོ། །
མཁས་བཙུན་བཟང་པོའི་རྣམ་ཐར་ཇི་སྙེད་སྤྲིན། །
བསྔགས་པའི་ཆོ་ག་བགྱིད་ལ་སྤྲོ་བ་འཛུམ། །

མཁས་གྲུབ་བྱེ་བའི་གཙུག་ན་འཛུམ་པའི་དཔལ༵། །
རྒྱལ་རྣམ་དགྱེ༵ས་པ༵འི་མཁས་དབང་རྡོ༵་རྗེ༵་ལ། །
ལྷ་མིའི་སྐྱེ་རྒུས་མགྲིན་གཅིག་བསྟི་སྟང་བཅས། །
ཤིས་ཚིག་མེ་ཏོག་ཆུན་པོ་འཐོར་ལ་བྲེལ། །
ཞེས་པ་འདི་ལྷ་ས་ཞིང་ཆེན་ལྷོ་ཁ་རྣལ་ཞོལ་ཤེས་རབ་ཆོས་འབྱོར་གྱིས་གུས་པས་བྲིས་པ་དགེ །

 ༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་ཚིག་ཚངས་སྲས་དགྱེས་པའི་མགྲིན་གླུ །

མཁན་ཆོས་ཀྱི་སེངྒེ། བླ་རུང་།

གང་ཞིག་ལུང་དང་རྟོགས་པའི་ཆོས། །
མཁས་ཚུལ་གསུམ་གྱིས་འཛིན་མཛད་པ། །
གང་དུ་བཞུགས་ཀྱང་བསྔགས་འོས་ཏེ། །
བསྟན་ལ་ལེགས་པར་བྱས་པས་སོ། །

ལྔ་རིག་ཤེས་བྱའི་དཀྱུས་མཐོང་ཞིང་། །
བསླབ་གསུམ་གཏེར་ལ་དབང་འབྱོར་བའི། །
མཁན༵་ཆེན༵་དཔལ༵་དགྱེས༵་རྡོ༵་རྗེ༵་མཆོག །
སྙན་པའི་ཚིག་གིས་བསྔགས་པར་བགྱི། །

ཆེན་པོའི་མིང་གི་ཞགས་པ་ཡིས། །
བསླུ་བ་རྩོམ་པ་མང་ན་ཡང་། །
འོན་ཀྱང་ཁྱོད་ནི་དུས་མཐའ་འདིར། །
སྐྱོན་བྲལ་ཆ་གང་ཟླ་བ་གསལ། །

རྩོད་རྩོམ་འཆད་པའི་སྨྲ་བ་ལ། །
མང་ཞིག་ལྗགས་ནི་ཐུང་གྱུར་ཅིང་། །
མདོ་སྔགས་རྒྱ་མཚོའི་དགོངས་དོན་ལ། །
ཁྱེད་ཀྱི་ཐུགས་ནི་རླིངས་ཞེས་གྲགས། །

འདོད་ཡོན་སྒེག་མོའི་བསླུ་བྲིད་ལ། །
གཡེང་བའི་ཉམ་ཐག་སྐྱེ་བོའི་ཚོགས། །
བརྩེ་ཆེན་ཐུགས་ཀྱི་ཕང་བ་ལས། །
དུས་རྣམ་ཀུན་ཏུ་འདོར་མི་འཚལ། །

 རྒྱལ་བསྟན་ཐུར་མ་བརྒྱ་པའི་གཟུགས། །
བཤད་སྒྲུབ་དཔུང་བས་འདེགས་པ་ལ། །
དམ་པ་ཁྱེད་ནི་མཐུ་བཙན་པས། །
ཕན་བདེའི་གྲིབ་བསིལ་འགྱེད་པར་འོས། །

ཁྱེད་སྐུ་མཐོང་གྲོལ་ཡིད་བཞིན་ནོར། །
འགྲོ་ཁམས་བསོད་ནམས་བྱེ་བའི་གཞིར། །
ཚེ་མཐའ་ཡས་པའི་ངོ་བོ་རུ། །
རྟག་ཏུ་འཚོ་བར་བྱེད་གྱུར་ཅིག །

གང་གི་ཡོན་ཏན་རྒྱ་མཚོ་ཆེའི། །
ཆུ་ཡི་ཆུ་ཐིག་ཙམ་བླངས་ཏེ། །
ཚངས་སྲས་སྒེག་པའི་བློ་ལྡན་དེས། །
ཚོགས་གཉིས་བྱེ་བའི་གསོས་སུ་གཏེགས། །

གསེར་ཐང་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས་རྗེས་དཀར་ཆོས་ཀྱི་སེངྒེ་ཡིས༢༠༠༩ཟླ་༨ཚེས༡༥ཉིན་བྲིས་པ་དགེ་གྱུར་ཅིག།


༄༅། །མཁན་ཆེན་དཔལ་དགྱེས་རིན་པོ་ཆེར་བསྟོད་ཚིག་དད་པའི་འཛུམ་ཟེར། །
མི་ཉག་པ་བདེ་ཆེན་བློ་གྲོས།  བླ་རུང་།
འདབ་སྟོང་གཡོ་བའི་དཀྱིལ་འཁོར་དབུས་ན་སྣ་ཚོགས་ལང་ཚོའི་བདག༵་ཉིད༵་མ༵། །
བཟོ་བོ་མཁས་པའི་པིར་གྱིས་མ་བྱས་ལྟར་མི་ངོམས་པའི་ཚངས༵་སྲས༵་མ༵། །
འཇམ་མཉེན་ལྡེམ་པའི་ཕྱག་སོར་རྩེ་ནས་རྒྱུད་མངས་འཁྲོལ་མཁས་མཚོ༵་བྱུང༵་མ༵། །
ཁྱེད་ལ་འདུད་དོ་ངག་རིག་སྨྲ་བའི་ནུས་མཐུ་སྩོལ་ཅིག་དབྱངས༵་ཅན༵་མ༵། །

རྨད་བྱུང་མཚན་དཔེའི་སྐུ་ཡི་ལང་ཚོའི་དཔལ༵། །
འཛད་མེད་ཡོན་ཏན་འབུམ་གྱིས་རབ་འཁྱུད་པའི། །
མཚུངས་མེད་རྒྱལ་ཀུན་དགྱེས༵་པ༵་རྡོ༵་རྗེ༵འི་གར། །
སྐལ་བཟང་བསོད་ནམས་བསག་པའི་དཔྱིད་དུ་སྨིན། །

བསླུ་འདོད་སྒེག་མོའི་བཞིན་ལ་མ་ཆགས་ངུར་སྨྲིག་གོས་ཀྱི་གྲིབ་བསིལ་འོག །
ལྷོད་མེད་བརྩོན་པའི་བང་རྩལ་གཅིག་གིས་མཁས་པའི་སྙན་པ་ཁྱེད་ལ་ཐོབ། །
སྲིད་འབྱོར་སྙན་དང་གྲགས་པའི་རང་མཚང་ཇི་བཞིན་མ་ལུས་ཡོངས་གཟིགས་ནས། །
ཆེ་དགུ་དཔོན་གྱི་ལད་མོ་མ་བྱས་རྣམ་དག་ཆོས་པའི་མཚན་ཉིད་འཆང་། །

དགེ༵་ལེགས༵་འོད་སྟོང་བཞད་པའི་མཛད་བཟང་གིས། །
ཡོ་རོབ་ལ་སོགས་ཕྱི་ནང་སྐྱེ་འགྲོའི་ཁྲོད། །
གཞན་དོན་ཡར༵་ངོའི་ཟླ་བའི་རྗེས་འགྲོ་མས། །
གང་གི་མཛད་བཟང་འཕེལ༵་བའི་རམ་འདེབས་བྱས། །

སྐུ་ཡི་མཚར་སྡུག་འཛུམ་མདངས་རེ་ལ་འཆི་མེད་བུ་མོའི་ཟུར་མིག་གཡོ། །
སྙན་མོ་གསུང་གི་འགྱུར་ཁུག་རེ་རེས་དྲི་ཟའི་སྙན་པའི་ཁེངས་པ་འཕྲོག །
ཇི་སྙེད་ཤེས་བྱ་ཐུགས་སུ་ཆུད་ནས་ཞི་དུལ་དྲང་སྲོང་བརྟུལ་ཞུགས་ཀྱིས། །
བསླབ་གསུམ་དཔྲལ་བའི་མིག་འབྲས་ཇི་བཞིན་བསྲུངས་བའི་དགེ་མཚན་འདི་ན་རྨད། །

ཁྱེད་ཀྱི་རྣམ་དཔྱོད་རིག་པའི་སྐྱེད་ཚལ་ལས། །
ཉེར་བར་འཁྲུངས་བའི་སྒྲོལ༵་མ༵་ཉེར༵་གཅིག༵་གི །
བསྟོད༵་པ༵་རྣམ༵་འགྲེལ༵་པད་དཀར་ཆུན་པོ་འདི། །
དཔྱོད་ལྡན་སྦྲང་ཆུང་དགའ་བའི་དཔྱིད་དུ་ཆེ། །
འཇིགས༵་མེད༵་ཐུགས་བརྩེའི་གོ་ཆ་རབ་བརྟན་ལྷར་བཅས་འགྲོ་བའི་མཆོད་སྡོང་ཉིད། །
ཕུན༵་ཚོགས༵་སྙན་པ་འཛིན་མས་མ་ཐེགས་སྲིད་གསུམ་ལྷ་ལམ་དབྱིངས་སུ་འཕུར། །
དགེ་ལེགས་བྱིན་རླབས་བྱེ་བའི་འབྱུང༵་གནས༵་ཟླ་བྲལ་རིག་པའི་དཔའ་བོ་ཡིས། །
ཆོས༵་ཀྱི༵་བློ༵་གྲོས༵་མཚན་གྱི་ཅོད་པན་ཁྱེད་ལ་གནང་བའི་སྐལ་བཟང་བསྩལ། །

འཆད༵་ཚེ་ཟབ་དོན་ནོར་བུའི་གཏེར་སྒོ་འབྱེད། །
རྩོད༵་ལ་ལུང་རིགས་བྱེ་བའི་གཟི་འོད་འཕྲོ། །
རྩོམ༵་པས་ཤེས་བྱ་དེ་ཉིད་ཝ་ལེར་གསལ། །
མཁས་པའི་སྙན་པ་འཛིན་མའི་ཁྱོན་ན་ལྡིར། །

མི་སྡོད་འགྱུར་ལྡོག་དུས་ཀྱི་ཁྲོད་ནས་དུག་ལྔ་ཆེས་ཆེར་བདོ་བའི་ཚེ། །
གང་གི་རྨད་བྱུང་ཐབས་མཁས་སྤྱོད་པས་བོད༵་བརྒྱུད༵་རྣལ༵་འབྱོར༵་ཆོས༵་ཚོགས༵་ཆེ། །
ཚང་ལ་མ་ནོར་བསྟན་པའི་མཛེས་རྒྱན་མི་མཐུན་གཡུལ་ལས་རབ་རྒྱལ་ཏེ། །
རྣམ་དག་མཛད་ཕྲིན་འོད་སྟོང་དཀར་པོ་རྟ་བདུན་དབང་པོའི་རྗེས་འགྲོ་ཤོག །

ཆེ་བའི་ཆེ་མཆོག་གྲུབ་བརྒྱའི་གཙུག་གི་ནོར། །
སྔ་འགྱུར་རིང་ལུགས་འཛིན་ལ་ཟླ་བྲལ་བའི། །
འཇལ་དཔལ༵་དགྱེས༵་པའི༵་འཛུམ་ཟེར་ངོམ་དང་ལྷན། །
སྲིད་གསུམ་སྐྱེ་འགྲོའི་དད་པའི་པདྨོ་བཞད། །

སྒྲོ་སྐུར་ཚིག་གི་ཟོལ་སྦྱོར་མ་ཡིན་རང་བཞིན་བརྗོད་པའི་ངད་པ་ཐུལ། །
ལུང་མེད་ཕུ་ཆུའི་སྟོང་སྐད་མ་ཡིན་ལྷད་མེད་མཛད་རྣམ་སྐྱབས་སུ་བཅོལ། །
ཅོལ་ཆུང་བྱིས་བློའི་གང་དྲན་མ་བྱས་གཟུར་གནས་ངག་གི་བདེན་གཏམ་འདི། །
སྡེབ་སྦྱོར་སྙན་མོའི་སྒྲོམ་དུ་མ་བཅུག་ཁ་སྐད་ལམ་ནས་འདི་གོ་ཐལ། །

བོད་ས་མོ་གླང་ལོའི་ཟླ་༨ཚེས་༢༣ཉིན་གསེར་ལྗོངས་བླ་མ་རུང་ནས་ཤར་མི་ཉག་པ་
བདེ་ཆེན་བློ་གྲོས་ཀྱིས་བྲིས་པ་དགེ་གྱུར་ཅིག །

༄༅། །མཁན་རིན་པོ་ཆེ་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་ཚིག་མེ་ཏོག་ཕྲེང་རྒྱུན། །

ཡུལ་ཤུལ་བསྟན་འཛིན། བླ་རུང་།

དམ་པའི་ཡོན་ཏན་དྲི་བྲལ་ཡིད་བཞིན་ནོར། །
གླིང་ལྔ་འགྲོ་བ་དྲེགས་པའི་རྒྱལ་མཚན་གྱིས། །
ཆེས་མཐོ་ཏོག་གི་ཅོད་པན་དུ་འགྱིང་བས། །
གྲགས་པའི་གཟི་འོད་དུས་ཀྱི་ཁྱོན་དུ་འཁྱིལ། །

ཐུགས་བསྐྱེད་དར་དཀར་སྒྲོན་པ་ཆོས་ཀྱི་གྲུ། །
བརྩོན་པས་དུག་གསུམ་མཚོ་ཡི་ཕ་རོལ་བརྒལ། །
ཡོན་ཏན་བྱེ་བའི་གཏེར་ལ་དབང་འབྱོར་བའི། །
དུས་ཀྱི་འགྲོ་བའི་དེད་དཔོན་ཉིད་ལ་བསྔགས། །

མང་ཐོས་ལྗོན་པ་ལྷག་བསམ་དྲི་བསུང་ཅན། །
རྣམ་དག་བྱང་སེམས་ཡོན་ཏན་ལོ་འདབ་ཅན། །
རིམ་གཉིས་གསང་བའི་སྨིན་འབྲས་མེ་ཏོག་ཅན། །
ཆོས་བརྒྱད་རྟོག་སྙིགས་སྤངས་པའི་ཟེའུ་ཅན། །

གཟུང་འཛིན་རྦ་རླབས་རིང་བའི་བླ་མ་ཅན། །
སྲོག་རྩོལ་དྷྰུ་ཏིར་ཐིམ་པའི་ཡི་དམ་ཅན། །
རླུང་སེམས་དབུ་མར་འགགས་པའི་བརྒྱུད་པ་ཅན། །
འཇའ་ལུས་འཕོ་ཆེན་སྒྲུབ་པའི་དམ་ཆོས་ཅན། །

མ་ཆགས་སྦྱིན་པའི་ནམ་མཁའ་ཡངས་པ་ཅན། །
རྣམ་དག་ཚུལ་ཁྲིམས་རབ་དཀར་ཆུ་འཛིན་ཅན། །
སྙིང་སྟོབས་བཟོད་པའི་དབྱར་གྱི་རྔ་གསང་ཅན། །
རྣམ་གཉིས་བརྩོན་པའི་ནོར་བུ་སྤར་འཆང་ཅན། །

སྐྱོན་གཉིས་བྲལ་བའི་བསམ་གཏན་སྦྲང་ཆར་ཅན། །
ལུགས་གཉིས་མཁྱེན་པའི་ཤེས་རབ་དབང་གཞུ་ཅན། །
ཁྱེད་ཀྱིས་རྩོམ་པ་ལེགས་བཤད་མགྲིན་པའི་དབྱངས། །
དྲི་ཟའི་བུ་མོ་སྟོང་གི་རྒྱུད་མངས་ལ། །
སྙན་པར་སྦྲུམ་ནས་ཀུན་ལ་ལེགས་འདོམས་པའི། །
སྒྲ་དབྱངས་ལྷ་མོའི་ཟོལ་གྱིས་འཛུམ་ཞིང་སྒེག །

ཁྱེད་ཀྱི་འཆད༵་པ་པད་འཛུམ་ཕྲེང་བའི་རྩེར། །
སྐྱོན་བྲལ་ལེགས་བཤད་བུང་བའི་ཕྲེང་བ་གཡོ། །
ངོ་མཚར་གནས་ལྔའི་སྦྲང་རྩིའི་དོག་པ་ཅན། །
འཇལ་དཔལ་དགྱེས་པ་རྡོ་རྗེ་ཁྱེད་ཉིད་ཙམ། །

ཁྱེད་ཀྱིས་རྩོད༵་པ་དཔུང་ཚོགས་ཡན་ལག་བཞིས། །
རྒོལ་ངན་དྲེགས་པའི་ས་ཆེན་གསུམ་བཅོམ་ནས། །
རྣམ་དཔྱོད་དཔོག་པའི་གད་རྒྱངས་དང་བཅས་ཏེ། །
ལུང་རིགས་གངས་ཀྱི་རི་ལ་ངལ་བ་བསོས། །

དེ་ལྟར་བསྟོད་ཚིག་མེ་ཏོག་ཕྲེང་བའི་རྒྱུན། །
སྙན་པའི་ཉམས་དང་སྡེབ་སྦྱོར་མེད་ན་ཡང་། །
མགོན་པོ་གང་གི་མཛད་ཕྲིན་རྒྱས་པའི་ཕྱིར། །
ཡིད་ཀྱིས་གང་དྲན་བཞིན་དུ་ཤར་མར་བྲིས། །

ཡུལ་ཤུལ་བསྟན་འཛིན་གྱིས་བླ་རུང་ནས་༢༠༠༩ ཟླ༨ཚེས་༢༥ཉིན་བྲིས་པར་དགེ་གྱུར་ཅིག །

 ༄༅། །མཁན་རིན་པོ་ཆེ་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་མན་དྰའི་ཆུན་པོ། །

གོ་འཇོ་བ་གུ་རུ་རྩེ་རྒྱལ། བླ་རུང་།

ལྟར་སྣང་གྲགས་པའི་རྗེས་སུ་མི་འབྲང་བར། །
རྣམ་དག་སྟོན་པ་མཆོག་དང་བསྟན་པ་ལ། །
མི་ཕྱེད་འདུན་པའི་ཐུགས་ཀྱིས་ཐ་ཚིག་རེས། །
དཔྱོད་ལྡན་སེམས་ཀྱི་ཁྱེར་སོ་ཁྱེད་ལ་དྲངས། །

ནོར་བཟང་བླ་མར་བསྟེན་པའི་ངང་ཚུལ་གྱིས། །
བཤེས་གཉེན་གཅིག་གིས་ཚིམས་པར་མ་བྱས་པར། །
བཅུ་ཕྲག་རིན་ཆེན་རིག་གཞུང་གང་གྰའི་རྒྱུན། །
ཐུགས་ཀྱི་བུམ་བཟང་བསྐྱིལ་བའི་ངོ་མཚར་བླངས། །

ངོ་མཚར་བླ་ན་འབར་བའི་རིག་པའི་ནོར། །
ཆོས་བཞིན་ཉོན་མོངས་མེད་པའི་ཐུགས་ཡོངས་པོས། །
བསྟན་ལ་སྨན་པའི་རྒྱུ་རུ་གྱུར་པ་ལས། །
སྙན་པ་དོན་ལྡན་ལྷ་ཡི་རྔ་གསང་འཆང་། །

ཐུབ་བསྟན་བུ་རམ་ཤིང་གི་བསིལ་གྲིབ་འོག །
ཞི་དུལ་ཀུན་སྤྱོད་གཙང་མའི་རྒྱན་འཆང་སྟེ། །
དམར་སེར་ངུར་སྨྲིག་གསར་བའི་རྩེ་དགའ་ཡི། །
རྣམ་ཐར་རྒྱ་མཚོ་རྒྱལ་སྲས་སེམས་པའི་ཚུལ། །

ཞེས་༢༠༠༩ ཟླ༨ཚེས་༢༢ཉིན་གོ་འཇོ་བ་གུ་རུ་རྩེ་རྒྱལ་གྱིས་བླ་རུང་ནས་བྲིས། །


༄༅། །མཁན་ཆེན་དཔལ་དགྱེས་རིན་པོ་ཆེར་བསྔགས་བརྗོད་ཀུ་མུ་ཏའི་དོ་ཤལ། །

གོ་འཇོ་བ་རིག་ལྡན། བླ་རུང་།

བཅུ་དྲུག་ལང་ཚོའི་མཛེས་སྡུག་རབ་རྫོགས་ཡིད་འཕྲོག་ཟླ་བའི་འཁྲི་ཤིང་ནི། །
རི་དྭགས་མཚན་མའི་རྙོག་པར་མ་བྱས་དབང་གཞུ་གསར་བའི་གཟུགས་འཆང་མ། །
དད་གསུམ་འོ་མཚོ་མཁའ་ལ་འཕྱུར་བའི་རླབས་ཀྱི་ཟེག་མས་ཡང་མཆོད་ན། །
གཡས་འཁྱིལ་ཚངས་པའི་དུང་གི་སྙན་པ་བདག་མགྲིན་མཛེས་པའི་རྒྱན་དུ་རོལ། །

ཁ་བའི་མེ་ཏོག་ལྷོད་ཀྱིས་འཕུར་བའི་བསིལ་ལྡན་སྰ་ལའི་སྨན་ལྗོངས་སུ། །
རྒྱལ་བསྟན་རིན་ཆེན་སྣང་བའི་སྒྲོན་མེ་བག་ལ་ཞ་བའི་སྐབས་ཤིག་ན། །
བཤད་སྒྲུབ་དཔུང་བས་གྱེན་དུ་འདྲེན་ལ་ཐུགས་བསྐྱེད་ཤེད་མོང་ན་དར་བའི། །
སྨྲ་བའི་ཉི་མ་དཔལ༵་དགྱེས༵་རྡོ༵་རྗེ༵་བསོད་ནམས་མཁའ་ལས་མངོན་པར་འཕགས། །

ཕ་གཅིག་བླ་མའི་ཞབས་སེན་ཟླ་དཀར་སྤྱི་གཙུག་མཛེས་པའི་རྒྱན་དུ་བླངས། །
ཟབ་དགུའི་མན་ངག་སྙིང་གི་གཅེས་ནོར་བློ་གྲོས་གསེར་གྱི་ཡོལ་གོལ་བསྐྱིལ། །
ལྔ་རིགས་ཤེས་བྱའི་བདུད་རྩིའི་ཉུང་ཁུ་ཐོས་བསམ་སྒོམ་པས་ཞུན་མཐར་བཅད། །
ཚངས་སྲས་པི་ཝང་གྲོགས་སུ་བརྟེན་ནས་སྲིད་ཞིའི་སྙན་པ་དབྱངས་སུ་བཀུག །

རྣམ་དག་ཚུལ་ཁྲིམས་པད་དཀར་ཕོན་པོས་གདུལ་བྱའི་བུང་བ་མགྲོན་དུ་བསུས། །
ལེགས་བཤད་ཆོས་ཀྱི་རྒྱང་གླུ་སྙན་མོས་སྐལ་ལྡན་རྣ་བའི་བཅུད་དུ་བསྩལ། །
མཁྱེན་རབ་གསེར་གྱི་སྙེ་མ་བརྡལ་བས་ཡངས་པའི་ས་ཆེན་དོག་པོར་བསྒྲུབས། །
བྱམས་དང་བརྩེ་བའི་འོད་ཞགས་རྣོན་པོས་ས་གསུམ་ལུས་ཅན་རིང་དུ་བཅིངས། །

དེ་སྐད་སྨྲས་པའི་གཏམ་གྱི་ཕྲེང་བ་ཀུ་མུ་ཏ་ཡི་དོ་ཤལ་མཆོག །
ཆོས་མཐུན་ཆོས་གྲོགས་འབུམ་གྱི་དབུས་ནས་སོར་མོའི་འདུ་བྱེད་འདི་ངོམ་པས། །
དཔལ་ལྡན་བླ་མ་མཚན་མོའི་མགོན་པོ་དེང་ནས་ནམ་མཁའ་ཇི་སྲིད་བར། །
མཚན་དཔེའི་གཟི་འོད་མཆོག་ཏུ་འབར་བཞིན་མུ་མེད་འགྲོ་བའི་དོན་བྱེད་ཤོག །

ཞེས་པའང་གོ་འཇོ་བ་རིག་ལྡན་གྱིས་བླ་རུང་ནས་༢༠༠༩ཟླ༡༠ཚེས༡༠ཉིན་བྲིས་པ་དགེའོ། །

 ༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་དྲི་ཟའི་རོལ་མོ། །

མུ་ར་གནས་ཁོ། བླ་རུང་།

བདག་མགྲིན་སྙན་ངག་ལམ་བུ་དོག་དྲགས་པས། །
སྙན་ཚིག་དབྱངས་ཀྱི་ང་རོ་དཀྲོལ་དཀའ་ཡང་། །
ཁྱེད་ཀྱི་མཛད་པ་བཟང་པོའི་རྣམ་ཐར་ལ། །
བསྟོད་ཚིག་དྲི་ཟའི་རོལ་མོ་འདི་ལྟར་སྤྲོ། །

དེ་ཡང་མདོ་སྟོད་ཁྲྭ་ཁོག་འཛིན་མའི་གཞིར། །
ངོ་མཚར་སྟོང་གི་མཚན་དང་ལྟས་བཟང་བཅས། །
སྐུ་ཡིས་མེ་ཏོག་བལྟམས་དང་ཆབས་ཅིག་ཏུ། །
སྐལ་ལྡན་རྨོངས་མུན་སེལ་བའི་སྐལ་བཟང་བཞེད། །

ཁྱེད་ཀྱི་མཛད་བཟང་རྣམ་ཐར་གྱིས་བསླུས་པའི། །
རྒན་གཞོན་བར་མའི་སྐྱེ་བོ་མཐའ་དག་གིས། །
དབྱངས་སྙན་མགྲིན་པའི་ལམ་བཟང་རབ་ཕྱེས་ཏེ། །
བསྟོད་པའི་སྙན་ཚིག་ཕུལ་བ་གྲངས་མ་མཆིས། །

ལྷན་སྐྱེས་ཡོན་ཏན་བཟང་པོས་རབ་མཛེས་ཤིང་། །
ནག་ནོག་དྲི་མ་བྲལ་བའི་རྗེ་ཉིད་ལ། །
མཆོག་དམན་སྐྱེ་བོའི་དྭངས་བའི་ཡིད་ཁམས་སུ། །
དད་གསུམ་མེ་ཏོག་བཞད་པའི་མཐའ་མ་དཔོག །

སྐུ༵་རུ་ཚུལ་ཁྲིམས་རྒྱན་གྱིས་མཛེས་པར་སྤྲས། །
གསུང༵་ལ་ལེགས་བཤད་དབྱངས་ཀྱི་ང་རོ་འཁྱིལ། །
ཡང་དག་ཐུགས༵་སུ་གཞན་ཕན་དྲི་བཟང་འཐུལ། །
སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྨད་བྱུང་ངོ་། །

༢༠༠༩ཟླ༨ཚེས༢༣ཉིན་མུ་ར་གནས་ཁོ་ཡིས་བླ་རུང་ནས་བྲིས་པ་དགེ །
༄༅། །མཁས་པའི་དབང་པོ་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་ཚངས་སྲས་གཞོན་ནུའི་འགྱུར་ཁུག

ཚངས་སྲས་བཞད་པའི་གུར་ཀུམ། བླ་རུང་།

རབ་འབྱམས་རྒྱལ་དང་རྒྱལ་བའི་སྤྱི་གཟུགས་གསང་གསུམ་ངོ་བོ་གཅིག་འདུས་སྐུ། །
སིནྡྷུ་དྭངས་མཚོར་མདངས་ལྡན་པདྨོའི་གེ་སར་གསར་པར་ལེགས་འཁྲུངས་པ། །
འདབ་བརྒྱད་ཁ་བའི་མེ་ཏོག་འཛུམ་པའི་བསིལ་ལྡན་བོད་ཀྱི་བསྟན་འགྲོའི་མགོན། །
མཚོ་སྐྱེས་རྒྱལ་བ་བརྒྱུད་པར་བཅས་པས་དེང་འདིར་དགེ་ལེགས་ཤིས་པ་སྩོལ། །

སྔོན་ཚེ་ཚོགས་གཉིས་བསྲུབས་ལས་ལེགས་འཁྲུངས་པའི། །
རྨད་བྱུང་དམ་པའི་མཛད་བཟང་འཛུམ་པའི་དཔལ༵། །
མདོ་སྟོད་ཁམས་སུ་ཤར་བའི་དགེ་མཚན་ཅན། །
མཐོང་ཐོས་དགྱེས༵་པ༵་རྡོ༵་རྗེ༵་གཅིག་པུར་བསྔགས། །

རྒྱལ་བསྟན་གསེར་གྱི་ཉི་མ་ནུབ་རི་ལ་ཕྱོགས་དུས། །
ལྷག་བསམ་དུང་གི་ཟླ་བ་ཤར་རི་ལས་ཤར་བའི། །
རྨད་བྱུང་ཐུགས་བསྐྱེད་ཟབ་མོའི་བསིལ་ཟེར་གྱི་ཀློང་ནས། །
གདུལ་བྱའི་པད་ཚལ་སྐྱོང་བའི་གཉེན་མཆོག་ཁྱེད་མིན་ནམ། །

སྔ་འགྱུར་བསྟན་པའི་དོན་ལ་སྐུར་བཞེངས་པའི། །
མཛད་ཕྲིན་གསེར་གྱི་འཁོར་ལོ་རྩིབས་སྟོང་གིས། །
ས་ཆེན་དབང་དུ་བྱས་པ་དགེ་བའི་བཤེས། །
དད་པའི་སོར་རྩེས་བསྟོད་དབྱངས་ཁྲོལ་ལ་བྲེལ། །

དང་པོ་མཚན་ལྡན་བླ་མ་ལེགས་པར་བསྟེན། །
བར་དུ་རང་རྒྱུད་ཐོས་བསམ་བསྒོམས་པས་དུལ། །
མཐའ་མར་ཐབས་ལ་མཁས་པས་གཞན་དོན་དུ། །
འཕགས་བོད་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར། །

ལེགས་གསུང་དམ་པའི་ཆོས་ཀྱི་དགའ་སྟོན་གྱིས། །
ཐར་འདོད་སྐལ་བཟང་རེ་བ་ཡོངས་སུ་བསྐངས། །
རྒྱལ་སྲས་གཞོན་ནུའི་རྣམ་ཐར་བདག་གིར་བཞེས། །
ཕྱིན་དྲུག་ཉམས་ལེན་བྱེད་པ་ཁྱེད་མིན་སུ། །

རིགས་ལམ་འཕྲུལ་གྱི་མེ་ལྕེ་མྱུར་མོ་ཡིས། །
ཚང་ཚིངས་ལོག་སྨྲའི་ལྟ་བ་དབྱིངས་སུ་བྱེད། །
རྣམ་དག་ཐར་བའི་ལམ་ཆེན་གཙང་མ་ཡིས། །
མཚན་སྙན་དབྱར་གྱི་རྔ་ཆེན་རྗེས་སུ་འགྲོ། །

ངམ་གནག་སྲིད་པའི་འཁོར་བ་སྡུག་གི་གནས། །
གཏིང་ཟབ་ཕ་མཐའ་བྲལ་བའི་འཇིགས་པ་ལས། །
སྒྲོལ་མཛད་རྗེ་བཙུན་སྒྲོལ༵་མ༵་ཉེར༵་གཅིག༵་གི །
རྣམ༵་འགྲེལ༵་གསེར་གྱི་ཞུན་མ་ཁྱད་དུ་འཕགས། །

བསླབ་གསུམ་དམ་པའི་ནོར་འཛིན་ཆོས་ཀྱི་རྗེ། །
སྐུ་ཚེ་མི་འགྱུར་རྡོ་རྗེ་རྟག་བརྟན་ཞིང་། །
མཛད་པའི་ཕྲིན་ལས་ས་ཆེན་དབང་དུ་བསྡུས། །
མ་ལུས་སྐྱེ་དགུའི་མགོན་དུ་འཚོ་གཞེས་གསོལ། །

གསེར་གྱི་སྙན་པ་མཁའ་རུ་ཁྱབ་པའི་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས། །
རིགས་པ་སློབ་པའི་ཚངས་སྲས་གཞོན་ནུའི་ཤིས་པའི་མེ་ཏོག་གསར་བ་ཞིག །
དད་གསུམ་དད་པའི་རྩེ་མོར་བླངས་ནས་ཆོས་རྗེ་དགྱེས༵་པ༵་རྡོ༵་རྗེ༵་ཡིས། །
མཛད་ཕྲིན་རྒྱས་པའི་སྐྱེས་སུ་ཕུལ་བས་རྩ་གསུམ་སྲུང་མས་མཐུན་འགྱུར་མཛོད། །

ཞེས་པ་འདི་ཁམས་མི་ཉག་པ་ཚེ་རིང་ལོ་བརྒྱས་བླ་མ་རུང་ནས་༢༠༠༩ ཟླ ༨ ཚེས་༢༥ཉིན་བྲིས་པའོ། །

༄༅། །མཁན་ཆེན་བླ་མའི་ཞབས་བརྟེན་རྡོ་རྗེ་ཕ་ལམ་བཞུགས་སོ། །
ལམ་མཁྱེན་༧རྒྱལ་པོ་རིན་པོ་ཆེ། ཨ་མི་རི་ཀ
ཨོྃ་སྭ་སྟི། །
མི་འགྱུར་འཕོ་བྲལ་བདེ་ཆེན་རྡོ་རྗེའི་གཟིས། །
གཟུང་འཛིན་མཚན་མའི་སྤྲོས་པ་ཀུན་བཅོམ་པའི། །
དོན་དམ་རང་རིག་དཔལ་མགོན་བླ་མ་དང་། །
དབྱེར་མེད་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་དགོངས། །

བརླབ་ཆེན་ཐུགས་བསྐྱེད་ཟབ་རྒྱས་ཆུ་གཏེར་དབུས། །
འཆད་རྩོད་རྩོམ་པའི་རི་གླིང་བཀོད་ལེགས་ཤིང་། །
ལྷག་བསམ་ཕྲིན་ལས་ཉི་ཟླའི་བརྒྱན་ཆ་ཅན་། །
དཔལ་ལྡན་མཁན་ཆེན་བླ་མ་ཞབས་བརྟན་གསོལ། །

དུས་འདིར་སྐྱེས་ཐོབ་དགེ་བའི་ཨུཏྤལ་ལ། །
སྦྱོར་བྱུང་ཡོན་ཏན་བྱེ་བའི་བདུད་རྩིས་ཕྱུག །
སྐལ་བཟང་བུང་བ་བསྡུད་པའི་སྨན་གཅིག་པུ། །
མཁན་ཆེན་དཔལ་དགྱེས་རྡོ་རྗེ་ཞབས་བརྟེན་གསོལ། །

ཕན་བདེའི་གཞིར་གྱུར་རྒྱལ་བསྟན་རིན་པོ་ཆེ། །
གངས་ལྗོངས་དད་བསོད་གོས་བཟང་རྩེར་བཀོད་པའི། །
ཐེག་དགུའི་ལམ་སྟོན་ཐར་བའི་དེད་དཔོན་མཆོག །
མཁན་ཆེན་དཔལ་ལྡན་བླ་མ་ཞབས་བརྟེན་གསོལ། །

གཞོམ་བྲལ་འགྱུར་བ་མེད་པའི་རྡོ་རྗེའི་སྐུ། །
ཕུལ་བྱུང་མཚན་དཔེའི་དཔལ་གྱིས་རྟག་འཁྱུད་ཅིང། །
མཐོང་ཐོས་དྲན་རེག་གཏན་བདེར་འདྲེན་པའི་དཔལ། །
དགྱེས་མཛད་སྐུ་ཡི་རྡོ་རྗེ་ཞབས་བརྟན་གསོལ། །

འགགས་མེད་གསུང་གསང་མཚུངས་མེད་རྡོ་རྗེའི་སྒྲ། །
གང་འདུལ་གདུལ་བྱའི་ཁམས་དབང་བསམ་པ་བཞིན། །
ཅི་དགར་འཇོ་བའི་རྒྱལ་གསལ་བའི་གཉེན། །
དགྱེས་མཛད་གསུང་གི་རྡོ་རྗེ་ཞབས་བརྟན་གསོལ། །

ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོའི་ཐུགས། །
འཕོ་མེད་བདེ་ཆེན་རྡོ་རྗེས་རྟག་འཁྱུད་ཅིང་། །
གཟུངས་སྤོབས་བློ་གྲོས་མཁྱེན་བརྩེའི་དཀྱིལ་འཁོར་རྫོགས། །
དགྱེས་མཛད་ཐུགས་ཀྱི་རྡོ་རྗེ་ཞབས་བརྟན་གསོལ། །

དོན་དམ་ཆོས་ཉིད་སྤྲོས་པ་ལས་འདས་ཀྱང་། །
ཀུན་རྫོབ་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད། །
བདེན་གཉིས་ཟུང་འབྲེལ་རྟེན་འབྱུང་ཟབ་མོའི་མཐུས། །
དགྱེས་པ་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག། །

ཐུགས་ལ་བརྣག་པ་གཞན་ཕན་ཁོ་ན་དང་། །
མཛད་པ་མཐའ་དག་བསྟན་འགྲོར་སྨིན་པའི་ཐབས། །
ཆེར་སྙིགས་དུས་འདིར་ཁྱོད་འདྲའི་བཤེས་གཉེན་སུ། །
དེ་བསླད་ཐུགས་བཞེད་ལྷུན་གྱིས་གྲུབ་གྱུར་ཅིག །

མཆོག་གསུམ་ཚེ་ལྷ་ཆོས་བསྲུང་བདེན་བྱིན་དང་། །
བདག་སོགས་དད་མོས་ལྷག་བསམ་རྣམ་དག་མཐུས། །
ཅི་ལྟར་གསོལ་བཏབ་སྨོན་པའི་འབྲས་བཟང་ཀུན། །
ཡོངས་གྲུབ་དོན་གཉིས་ཕུན་ཚོགས་བཀྲ་ཤིས་ཤོག །

ཅེས་ པའང་མཁན་སྤྲུལ་དཔལ་དགྱེས་པ་རྡོ་རྗེའི་འཁྲུངས་སྐར་དུས་ཆེན་དུ་ལམ་མཁྱེན་རྒྱལ་ པོ་འབོད་པས་འགྱོགས་འཕྲིན་དུ་ཕྱི་ལོ་༢༠༠༡ ༥ ༡ ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཏྲིན་སྒམ་པོ་པའི་ཆོས་ཚོགས་ཁང་ནས་གསོལ་བ་འདེབས་པ་དགེ་ལེགས་འཕེལ། །༧རྒྱལ་པོ་རིན་པོ་ཆེའི་གསུངས་ལས་འདེམས་ཏེ་༢༠༠༩ ༡ ༡༥ཉིན་ དཔལ་དགྱེས་པ་རྡོ་རྗེས་བཀོད་པ་ཤྲྰི་སརྦ་དྷརྨ་བི་ཛ་ཡནྟུ།། །།

 ༄༅། །ཞབས་བརྟན་གསོལ་འདེབས། །
རིག་པའི་རྡོ་རྗེ། ཨ་མི་རི་ཀ
ན་མོ་གུ་རུ་བྷྱཿ
འཇམ་དབྱངས་མཁྱེན་པའི་ཉི་མ་ཐུགས་ལ་ཤར། །
དབྱངས་ཅན་མགྲིན་པའི་ཟླ་བ་གསུང་ལ་དབང་། །
བཤད་སྒྲུབ་མཛད་པའི་འོད་སྣང་སྤྲུལ་བའི་སྐུ །
དགྱེས་པ་རྡོ་རྗེས་ཞབས་པད་བརྟན་གྱུར་ཅིག །

འཇམ་དཔལ༵་དགྱེས༵་པ༵་རྡོ༵་རྗེ༵་རིན༵་པོ༵་ཆེ༵། །
སྐུ་ཚེ་མི་འགྱུར་རྟག་བརྟན་རྡོ་རྗེའི་སྐུ། །
གསུང་དབྱངས་མི་འགག་བདེ་ཆེན་རྡོ་རྗེའི་གསུང་། །
ཐུགས་བཞེད་མཐའ་དག་གེགས་མེད་མྱུར་འགྲུབ་སྨོན། །

མཁན་ཆེན་བླ་མས་གསང་ཆེན་བསྟན་པ་འཛིན། །
རྒྱ་ཆེན་མཛད་བཟང་བརླབ་ཆེན་ཕྲིན་ལས་སྐྱོང་། །
ཐེག་ཆེན་དམ་ཆོས་སྒྲ་ཆེན་ས་གསུམ་སྤེལ། །
ཁྱད་ཆོས་དྲུག་ལྡན་ཀུན་བཟང་བླ་མར་རྒྱལ། །

བདག་ཀྱང་འདི་ནས་བྱང་ཆུབ་སྙིང་པོའི་བར། །
མཁན་ཆེན་བླ་མ་ཁྱེད་དང་མི་འབྲལ་ཞིང་། །
ཡང་གསང་རྡོ་རྗེ་ཐེག་པའི་དོན་མཐོང་ནས། །
བརླབ་ཆེན་རྒྱལ་སྲས་སྤྱོད་ལ་བརྩོན་ནུས་ཤོག །

མཆོག་གི་སློབ་བུ་ཐ་ཤལ་བ་རིག་པའི་རྡོ་རྗེས་གུས་པས་སྨོན་པའོ། །

 ༄༅། །ཞབས་བརྟན་ཁ་བཏགས་དཀར་པོ། །

ཁ་བ་དཀར་པོ། ཨ་མི་རི་ཀ
 ན་མོ་མཉྫུ་ཤྲྰི་ཡེ།
སྲིད་ཞིའི་མཛེས་སྡུག་གཅིག་བསྡུས་ཡིད་འོང་སྐུ། །
སྙན་འགྱུར་འབུམ་ལྡན་ཆོས་སྒོ་རྒྱ་མཚོའི་གསུང་། །
བདེ་སྟོང་དབྱེར་མེད་ཤེས་བྱ་ཀུན་མཁྱེན་ཐུགས། །
འཇམ་མགོན་མཁན་ཆེན་བླ་མ་རྒྱལ་གྱུར་ཅིག །

སྣ་ཚོགས་འགྲོ་ཁམས་བདེ་སྡུག་ཇི་སྙེད་ཀུན། །
ཀུན་ཀྱང་སྔོན་བསགས་ལས་དང་རྟེན་འབྲེལ་ཀུན། །
ཀུན་ལ་བསླུ་མེད་ཀུན་གྱིས་བག་ཡོད་པས། །
ཀུན་བཟང་རྒྱལ་ཐབས་མྱུར་ཏུ་ཕྱིན་གྱུར་ཅིག །

ཁ་བ་དཀར་པོས། །

 ༄༅། །ཞབས་བརྟན་གསོལ་འདེབས། །

འཇམ་དཔལ་ཆོས་ཀྱི་རྒྱལ་མཚན། ཨ་སུ་ར།

ཨེ་མ་ཧོ༔
རྒྱལ་དབང་པདྨ་ཀ་རའི་རྒྱལ་ཚབ་ཉིད། །
དཔལ༵་དང་ཡོན་ཏན་ས་གསུམ་འགྲན་བྲལ་བ། །
གདུལ་བྱའི་ཁམས་ལ་ཐུགས་བརྩེས་དགྱེས༵་བཞིན་གཟིགས། །
གང་སྐུ་རྡོ༵་རྗེ༵འི་ཁྲི་ལ་རྟག་བཞུགས་ནས། །
འཁོར་བ་མ་སྟོང་བར་དུ་འགྲོ་དོན་མཛད། །
འགྲོ་ཁམས་ལྷ་ལམ་ཁྱོན་ཀུན་འགེངས་གྱུར་ཅིག །

ཅེས་པའང་ལྷག་བསམ་རྣམ་དག་ནས་མདོ་མཁྱེན་བརྩེའི་སྤྲུལ་མིང་པ་
འཇམ་དཔལ་ཆོས་ཀྱི་རྒྱལ་མཚན་གྱིས་ཨ་སུ་རའི་བསྒྲུབ་ཕུག་ནས་གསོལ་བ་འདེབས་པར་དགེའོ།། །།

 ༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལ་བསྔགས་བརྗོད་དད་གསུམ་པདྨོ་འཛུམ་པའི་ཉིན་བྱེད།

རེབ་སྐོང་བ་རིག་པའི་བང་མཛོད། བླ་རུང་།

ཕུན་ཚོགས་དཔལ༵་གྱི་ཕུང་པོ་རྒྱལ་ཀུན་དགྱེས༵་པ༵འི་མཆོད་སྤྲིན་དུ། །
ཉམ་ཐག་འགྲོ་བའི་ཁམས་སུ་སྩོལ་མཁས་ཡེ་ཤེས་རྡོ༵་རྗེ༵འི་གར། །
མི་བཟད་སྨག་རུམ་ཆེས་ཆེར་བདོ་བའི་དུས་ཀྱི་ཡང་མཐའ་འདིར། །
སྐལ་ལྡན་གདུལ་བྱའི་ཡིད་མཁར་དགེ་བའི་བཤེས་ཀྱི་རྣམ་པར་འཕྲུལ། །

ངོ་མཚར་ལྟས་བཅས་གང་སྐུ་མེ་ཏོག་གསར་བ་ཉིད། །
མདོ་སྟོད་འཛིན་མར་ལྷུག་པར་བཞད་པའི་རྩེ་དགའ་ལས། །
ཡངས་པའི་གཞི་རུ་དགེ༵་ལེགས༵་རི་མོ་སྣ་ཚོགས་ཤིག །
ཡར༵་ཟླའི་སྣང་བ་ཇི་བཞིན་ཕྱོགས་སུ་རྣམ་པར་འཕེལ༵། །

ཞུམ་མེད་ཐུགས་བསྐྱེད་ཆེན་པོའི་ཤེད་མོང་ཉེར་བརྟས་པས། །
དགེའུ་དགོན་སོགས་བྱིན་ལྡན་གནས་མཆོག་དུ་མ་རུ། །
མི་ལའི་མཛད་བཞིན་བརྒྱ་ཕྲག་དཀའ་སྤྱད་ཁུར་བཞེས་ཏེ། །
མདོ་སྔགས་ཟབ་མོའི་གནས་ཀུན་མ་ལུས་ཐུགས་སུ་བསྟིམས། །

ཕྱི༵་རུ་ཟླུམ་ཚུལ་ན་བཟའི་ཁ་དོག་མིག་ལ་མཛེས། །
ནང༵་དུ་ཏིང་འཛིན་མཚན་མའི་དྲྭ་ཟུར་ཀུན་སྤངས་ཤིང་། །
གསང༵་བ་འགྱུར་མེད་སྐུ་བཞིའི་རིག་པ་ཚད་དུ་ཕྱིན། །
མཁན༵་ཆེན༵་སྨྲ༵་བའི༵་ཉི༵་མ༵་དད་པའི་དཔལ་དུ་ཆེ། །

མདོ་སྔགས་གཞུང་བརྒྱའི་ཟབ་གནད་མ་ལུས་འཆདམལ་མཁས༵། །
སྡོམ་གསུམ་བསྲུང་སྡོམ་ཉེས་ལྟུང་དྲི་མས་མ་གོས་བཙུན༵། །
དུས་བབས་ཟབ་ཆོས་གྲངས་མེད་གདུལ་བྱར་འདོམ་པའི་བཟང༵་། །
གསུམ་ལྡན་བླ་མར་དད་པའི་སྤུ་ཕྲེང་མཁའ་རུ་རྩེན། །

 མཁྱེན༵་པའི་ཡེ་ཤེས་མཆོག་གིས་ཆོས་ཀུན་ས་ལེར་གཟིགས། །
བརྩེ༵་བའི་གཞན་ཕན་སྣང་བས་གདུལ་བྱའི་ཁམས་སུ་ཁྱབ། །
ནུས༵་པས་རླབས་ཕྲེང་གཡོ་བས་མི་བཟོད་དུཿཁ་བཅོམ། །
ཟླ་བྲལ་སྨྲ་བའི་དབང་ཕྱུག་དད་གསུམ་རྒྱན་དུ་མཆོད། །

གསར་རྙིང་བསྟན་པའི་བཀའ་སྲོལ་མ་འདྲེས་སོ་སོར་འཆད༵། །
ཕས་རྒོལ་དཔུང་ཚོགས་རིག་པའི་སུན་འབྱིན་ལམ་ནས་རྩོད༵། །
གདམ་ཟབ་གནད་བརྒྱའི་མདོ་འགག་རིག་བྱེད་ཚིག་གིས་རྩོམ༵། །
མཁས་དགུའི་ཡིད་རབ་དྲངས་མཛད་གང་སྐུ་རྣམ་པར་རྒྱལ། །

རིས་མེད་བསྟན་དང་འགྲོ་བའི་དཔུང་གཉེན་མཆོག་གྱུར་པའི། །
མཛད་ཕྲིན་མུ་འཁྱུད་དཀར་པོ་སྲིད་རྩེར་ཁྱབ་བྱས་ཏེ། །
གཞོམ་མེད་རྡོ་རྗེའི་ཁྲི་ལ་གང་སྐུ་རྟག་བཞུགས་ནས། །
འདི་ཕྱིའི་ལེགས་ཚོགས་ས་གསུམ་འཕེལ་བའི་དཔལ་ཐོབ་ཤོག །

ཞེས་རེབ་སྐོང་བ་རིག་པའི་བང་མཛོད་ཀྱིས་གསེར་ལྗོངས་བླ་མ་རུང་ནས་
མི་འགྱུར་དད་པའི་གསོས་སུ་འགྱུར་བར་སྨོན། །

༄༅། །མཁན་ཆེན་བླ་མར་བསྟོད་པ་དད་གསུམ་པདྨ་དཀར་པོའི་ཟེའུ་འབྲུ། །

འཇིགས་མེད་གཞན་ཕན། བླ་རུང་།

རྒྱལ་ཀུན་གསང་གསུམ་དམིགས་མེད་བརྩེ་བའི་ཕྱག །
ཐབས་མཁས་གདུལ་བྱའི་དོན་ལ་ཉེར་བསྐྱངས་པ། །
རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་འཆང་བ། །
ཟོལ་མེད་དད་པའི་ཡུལ་ལ་ཁྱད་དུ་འཕགས། །

གང་སྐུ་ན་ཚོད་ཕྲ་བའི་དུས་ཉིད་ནས། །
ཐབས་དང་ཤེས་རབ་ལྷན་སྐྱེས་མངའ་བའི་རྟགས། །
བཅོས་མིན་ཁོ་ལག་རྫོགས་པའི་ཁྱད་ཆོས་ཏེ། །
སྙན་པའི་གྲགས་པ་འགའ་ཡི་དོ་ཟླ་མིན། །

འདུལ་མངོན་དབུ་ཚད་ཕ་རོལ་ཕྱིན་པའི་ཆོས། །
སྒྲ་དང་སྐད་རིགས་ཐུན་མོང་རིག་པའི་གནས། །
དོན་གཉིས་སྒྲུབ་པར་བྱེད་པ་ནོར་བུའི་གཏེར། །
ཤེལ་དཀར་ཐུགས་ཡིད་ནོར་བུའི་སྒྲོམ་བུར་བཟུང་། །

འཆད་རྩོད་རྩོམ་ལ་རང་དབང་འབྱོར་བ་དང་། །
ཡང་དག་བསྟན་བཅོས་སྒྲོལ་མའི་འགྲེལ་བ་ཡིས། །
གྲགས་པའི་སྙན་པ་རླུང་གི་བར་གསེང་ནས། །
སྙན་པའི་མེ་ཏོག་འཛམ་བུའི་གླིང་ལ་ཐོར། །

མཁས་བཙུན་ཡོན་ཏན་སྦས་པར་འདོད་ན་ཡང་། །
དམ་པའི་ཡོན་ཏན་བཟང་པོའི་རྣམ་ཐར་སོགས། །
ངོ་མཚར་ཡོན་ཏན་དྲི་བཟང་གིས་ཁྱབ་ཏེ། །
ཁང་བཟང་ནོར་བུའི་མ་ཟིན་ཕྱི་རུ་ཤོར། །

ཁྱེད་ཉིད་འཕགས་ཡུལ་བྱོན་པའི་མཛད་རྗེས་ལ། །
རྒྱལ་ཁབ་ཕྱི་ནང་ཀུན་ལ་ཞབས་བཅགས་པའི། །
རིས་མེད་འགྲོ་ལ་ཆོས་འཁོར་བསྐོར་བ་ཡིས། །
མཁན་ཆེན་བླ་མའི་མཚན་སྙན་ཁྱེད་ལ་ཐོབ། །

དམ་པའི་ཡོན་ཏན་ཀུན་གྱི་གཟི་བྱིན་མདངས། །
གཅིག་ཏུ་རྫོགས་པའི་དཀྱིལ་འཁོར་ཉིན་བྱེད་དབང་། །
གདུལ་བྱའི་མགོན་པོ་བཤེས་གཉེན་ཚུལ་འཛིན་པ། །
ཁྱེད་མིན་སྲིད་གསུམ་འགྲོ་བའི་སྒྲོན་མེ་གང་། །

ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། །
ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་མཐུས། །
གང་སྐུ་མི་འགྱུར་ཞབས་པད་ནོར་བུའི་ཁྲིར། །
ཡུན་རིང་བརྟན་ཅིང་མཛད་འཕྲིན་མཐར་རྒྱས་ཤོག །

ཅེས་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ཁོང་གི་བརྩམས་པའི་སྒྲོལ་མ་ཉེར་གཅིག་གི་འགྲེལ་བ་ལག་ཏུ་སོན་རྗེས་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་༢༠༠༩ ཟླ ༩ ཚེས་༡༠ ཉིན་ རེ་སྐོང་པ་འཇིགས་མེད་གཞན་ཕན་གྱིས་བྲིས་སོ། །
༄༅། །དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་དད་གསུམ་གངས་དཀར་རི་བོའི་གཟི་མདངས། །

མཚོ་བྱུང་རིག་པའི་ཟླ་བ། བླ་རུང་།

འཇིགས༵་མེད༵་མཁྱེན་བརྩེ་ནུས་པའི་རྩལ་ལྡན་ཁྱུང་། །
ཕུན༵་ཚོགས༵་དགའ་བ་བརྒྱ་ལྡན་སྲིད་པའི་མིག །
འདོད་དགུ་དཔལ་གྱི་འབྱུང་གནས་ཡིད་བཞིན་ནོར། །
ཆོས་རྗེ་མཆོག་གི་དགེ་ལེགས་དཔལ་སྩོལ་ཅིག །

སྲིད་ཞིའི་ཕུན་ཚོགས་གཅིག་ཏུ་སྤུང་བའི་དཔལ༵། །
སྒྲ་དབྱངས་ལྷ་མོ་དགྱེས་པའི་འཛུམ་རླབས་ཀྱིས། །
འཆད་རྩོད་རྩོམ་པ་རྒྱ་མཚོའི་མཐུ་གྲུབ་པའི། །
རྗེ་བཙུན་དགྱེས༵་པ༵་རྡོ༵་རྗེ༵་རྒྱལ་གྱུར་ཅིག །

སྔོན་བྱོན་མཁས་གྲུབ་བྱེ་བའི་གཙུག་རྒྱན་མཆོག །
རྡོ་རྗེའི་ལུང་གིས་འཁྲུལ་མེད་རབ་བསྔགས་པའི། །
མ་ནོར་ལམ་བཟང་སྟོན་པའི་བླ་མ་རྗེ། །
རྒྱལ་བསྟན་གསལ་བའི་མཛེས་རྒྱན་ཁྱོད་ཉིད་ཙམ། །

སྲིད་ལས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས། །
གྲགས་སྙན་སྲིད་པའི་ཁྱོན་ཀུན་འགེངས་པ་ཡིས། །
རྒྱལ་བསྟན་དར་དཀར་སྲིད་པའི་མཁའ་ལ་ཕྱར། །
བསྟན་པའི་རྒྱལ་མཚན་བསྒྲེངས་འདི་ཨེ་མ་རྨད། །

ཡབ་རྗེ་བླ་མའི་ཞབས་རྡུལ་ལེགས་བཏུད་ནས། །
གནས་ཆེན་རྣམས་སུ་སྒྲུབ་པ་ལྷུར་བཞེས་ཏེ། །
ངོ་མཚར་བླ་མ་མཆོག་གི་རྗེས་བསྙེགས་པས། །
ནོར་བཟང་རྣམ་ཐར་མོག་པོར་བགྱིད་དམ་སྙམ། །

སྐུ་མཆོག་མཚན་དཔེའི་གཟི་བྱིན་མཆོག་ཏུ་བཀྲ། །
གསུང་མཆོག་ཚངས་སྲས་སྙན་པའི་སྒྲ་དབྱངས་ལྡིར། །
ཐུགས་མཆོག་བྱམས་བརྩེའི་སྤྲིན་ཆེན་འཁྲིགས་པའི་ཀློང་། །
སྐུ་གསུང་ཐུགས་དཔལ་ལ་བདག་གིས་བསྟོད། །

བསྟོད་ཚིག་གངས་རི་དཀར་པོའི་རང་སྒྲ་འདི། །
མ་སྨད་ལྷག་བསམ་མཆོད་སྤྲིན་ལས་བཏུས་ཏེ། །
ངག་དབང་མཚོ་བྱུང་འཛུམ་པའི་པད་དཀར་མཆོག །
དཔལ་མགོན་བླ་མ་མཉེས་པའི་རྒྱུར་གྱུར་ཅིག །

ཅེས་པ་འདི་གསེར་ཐང་བླ་མ་རུང་ཤར་ཉེས་ཚོགས་རང་གྲོལ་གླིང་དུ་
དཀར་ཕྱོགས་དགྱེས་པའི་ཚེས་ལ་ངག་དབང་མཚོ་བྱུང་རིག་པའི་ཟླ་བས་སོ། །

༄༅། །མཁན་ཆེན་བླ་མར་བསྟོད་ཚིག་པད་དཀར་ཕྲེང་མཛེས། །

འདྲ་བ་རྡོ་རྗེ་རིག་རྩལ། བླ་རུང་། །

ལྷག་བསམ་དྭངས་མ་ཆུ་ཡི་ཕུང་པོ་འོ་མཚོ་འཁྱིལ་བའི་ཐིག་ལེ་རུ། །
ཟོལ་མེད་དད་པའི་མེ་ཏོག་བཞད་པ་སྐལ་ལྡན་གདུལ་བྱ་ཉེར་སྐྱོང་བའི། །
སྲིད་ཞིའི་མཛེས་སྡུག་སྟོང་གི་བཅུད་འཛིན་མཚན་དཔེའི་ལང་ཚོ་ནོར་བུའི་ཕྲེང་། །
ངོ་མཚར་ལྟས་བཅས་ཞིང་འདིར་འགོད་པ་མཁན་ཆེན་དཔལ་དགྱེས་རྡོ་རྗེར་བསྟོད། །

ཕུན་ཚོགས་མཛད་པའི་རྣམ་ཐར་ཟབ་མོ་ཆོས་དབྱིངས་མཐོངས་སུ་སྦས་ན་ཡང་། །
བརྩེ་ཆེན་ཐུགས་རྗེས་འགྲོ་བ་མ་གཏོང་ཐུགས་བསྐྱེད་སྐྱ་རེངས་ལམ་བརྒྱུད་ནས། །
རྨད་བྱུང་མཁྱེན་པའི་ཡོན་ཏན་རབ་རྫོགས་རྣམ་དཔྱོད་ཉིན་བྱེད་འཁོར་ལོ་ཡིས། །
སྐལ་བཟང་སྐྱེ་བོའི་མོས་བློར་འཚམས་པའི་གསུང་རབ་གདུལ་བྱའི་དཔལ་དུ་བསྩལ། །

༢༠༠༩ ཟླ ༨ ཚེས ༢༣ ཉིན་འདྲ་བ་རྡོ་རྗེ་རིག་རྩལ་གྱིས་བླ་རུང་ནས་བྲིས། །

༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་ཚིག་ངག་གི་མཆོད་སྤྲིན། །

སྤྲུལ་འཇིགས་མེད་བློ་གྲོས། བླ་རུང་།

རབ་དཀར་དུང་གི་མདངས་ལ་འཁུ་བའི་སྐུ། །
རབ་སྙན་རྒྱུད་དྲུག་གདངས་དང་འདྲེས་པའི་གསུང་། །
རབ་འབྱམས་ཤེས་བྱ་ཀུན་ལ་མཁྱེན་པའི་ཐུགས། །
རབ་མཛེས་དབྱངས་ཅན་ལྷ་མོས་ཤིས་པ་སྩོལ། །

ཁ་བ་རི་ཞེས་བསིལ་ལྗོངས་ཆོས་ཀྱི་ཞིང་། །
མདོ་སྟོད་འཛིན་མའི་ལྟེ་བར་འཁྲུངས་པའི་རྗེ། །
དཔལ་དགྱེས་མཚན་ཅན་མཁས་པའི་དབང་པོ་ཞེས། །
སྙན་པའི་གྲགས་པ་གངས་རིའི་ལྗོངས་ལ་ལྡིར། །

གང་གི་ལེགས་གསུང་ཆོས་ཀྱི་ཕུང་པོ་ལས། །
སྒྲོལ་མ་ཉེར་གཅིག་བསྟོད་པ་རྣམ་འགྲེལ་ཞེས། །
མ་གྲོས་མཁས་པ་སྟོང་གི་མགྲིན་གཅིག་ཏུ། །
བསྔགས་བརྗོད་མེ་ཏོག་ཐོར་བ་ཐེངས་ཅིག་མིན། །

ཕྱི༵་ན་ངུར་སྨྲིག་གོས་ཀྱི་རྒྱལ་མཚན་མཛེས། །
ནང༵་དུ་བྱང་ཆུབ་སེམས་ཀྱི་འབྲས་བུ་སྨིན། །
གསང༵་བ་རིག་འཛིན་གདོད་མས་མགོན་པོ་སྟེ། །
ངེས་དོན་དགེ་བའི་བཤེས་གཉེན་ཁྱེད་མིན་སུ། །

སྙིགས་མ་ལྔ་བདོའི་རྨུ་རྒོད་སེམས་ཅན་རྣམས། །
ཉོན་མོངས་དུག་ལྔས་རབ་ཏུ་གདུང་བའི་ཚེ། །
དམ་ཆོས་བདུད་རྩིའི་སྨན་མཆོག་འགྱེད་མཁས་པ། །
སྙིགས་ལྔའི་འགྲོ་བའི་སྐྱབས་མགོན་ཁྱེད་མིན་སུ། །

 འཆད༵་པས་འཕགས་བོད་གཞུང་བརྒྱའི་བཀའ་གནད་དཀྲོལ། །
རྩོད༵་པས་རྒོལ་ངན་སྟོང་གི་དཔའ་སྙིང་ཞུམ། །
རྩོམ༵་ཚེ་སྒྲ་དབྱངས་ལྷ་མོ་མགྲིན་པར་རོལ། །
ཟླ་བྲལ་མཁས་པའི་དབང་པོ་ཁྱེད་མིན་སུ། །

སྡུག་བསྔལ་འཁོར་བ་མུན་པའི་གླིང་འདི་ནས། །
ངེས་པར་འབྱུང་སྟེ་ཐར་བའི་གྲོང་ཁྱེར་དེར་། །
རྣམ་པར་དག་པའི་ཁྲིམས་ཀྱི་ཐེམ་སྐས་ལ། །
འཛེགས་ཏེ་བདེ་བར་ཕྱིན་པ་ཁྱེད་མིན་སུ། །

གང་གི་ཡོན་ཏན་ཀུན་ཁྱབ་ཁྱོན་ཡོངས་པོར། །
བདག་རྨོངས་བྱེའུ་ཆུང་རྩལ་གྱིས་ཆོད་མིན་ཡང་། །
ཆ་ཡིས་ཆ་ཤས་ཙམ་ཞིག་བརྗོད་པ་འདིས། །
མཛད་ཕྲིན་མཁའ་དང་མཉམ་པའི་རྒྱུར་གྱུར་ཅིག །

མགོ་ལོག་གསང་རུ་དགོན་འཇིགས་མེད་བློ་གྲོས་ཀྱིས་
བོད་ས་གླང་ལོའི་ཟླ ༨ ཚེས༢༥ཉིན་བླ་རུང་ནས་བྲིས་པ་དགེ་གྱུར་ཅིག །


༄༅། །གཞོན་ནུ་དགྱེས་པའི་བསྟོད་ཚིག་སྦྲ་མ་རའི་རོལ་མཚོ། །

འགར་སྲས་སྤྲུལ་འཇིགས་མེད་ཀུན་བཟང་། བླ་རུང་།

བླ་མའི་བྱིན་རླབས་སྙིང་གི་དཔལ༵་དུ་བལྟམས། །
དགྱེས༵་པ༵འི་བཞིན་ལ་བརྩེ་བའི་ལང་ཚོ་སྨིན། །
གང་བྱས་དགེ་དང་འགྲོ་ལ་ཕན་མཛད་པ། །
རྡོ༵་རྗེ༵འི་སྐུ་ཡི་གསུང་འདིི་ཨེ་མ་རྨད། །

དྲི་མེད་ལྷག་བསམ་སྤྲིན་གྱི་བ་གམ་ལས། །
བྱུང་བ་སེམས་ཀྱི་གསོས་སྨན་རྨད་པོ་ཆེ། །
རྒྱལ་ཡུམ་སྒྲོལ༵་མའི༵་བསྟོད༵་འགྲེལ༵་དགེ་བའི་གསུང་། །
སྔོན་མེད་ལེགས་བཤད་གསར་བ་མིན་ནམ་ཀྱེ། །

མཁས་དང་མི་མཁས་སྐྱེ་བོ་མཆོག་དམན་གྱི། །
རང་རང་བློ་གྲོས་རྩལ་ལས་ཐོན་པའི་གསུངས། །
ཡངས་པའི་མཁའ་ལ་རྒྱུ་སྐར་ལྟར་མོད་ཀྱང་། །
ཉེར༵་གཅིག༵་སྒྲོལ༵་མའི༵་བསྟོད༵་འགྲེལ་ཆུ་ཤེལ་དབང་། །

སྲིད་གསུམ་སྐྱེ་དགུའི་ཡིད་ཀྱི་པད་ཚལ་དུ། །
དགེ་བས་དྲངས་པ་ཟླ་གཞོན་དཀར་པོའི་ཟེར། །
བསླབ་གསུམ་ཁྲིམས་ཀྱིས་བརྒྱན་པ་གང་དེ་ཡི། །
མགྲིན་པ་དུང་ལས་བྱུང་བའི་ཆོས་འདི་རྨད། །

ཡུམ་ཆེན་སྒྲོལ་མའི་ཕྲིན་ལས་འོད་སྣང་གིས། །
མཐའ་ཡས་ས་ཆེན་མུན་པ་བསལ་བྱས་ནས། །
འགྲོ་རྣམས་བདེ་སྐྱིད་དཔལ་ལ་ལེགས་དྲངས་ཏེ། །
རྒྱལ་ཁམས་བདེ་ཞིང་སྐྱིད་པར་གྱུར་ཅིག་གུ། །

༢༠༠༩ ༩ ༡༣ ཉིན་འཁོར་ལྔ་སྡེའི་གྲངས་ལྡན་གྱི་ཚིགས་བཅད་འདི་
འགར་སྲས་འཇིགས་མེད་ཀུན་བཟང་གིས་བླ་རུང་ནས་སྨོན་པ་དང་བཅས་ཕུལ། །
༄༅། །བསྟོད་ཚིག་ལྷ་རྫས་དཀར་པོའི་མཆོད་སྤྲིན། །

མགོ་ལོག་བརྩོན་འགྲུས་རྒྱ་མཚོ།  བླ་རུང་།

ཐུབ་བསྟན་ཡལ་ག་སྡེམ་པའི་དགའ་ཚལ་ནས། །
མཁྱེན་དཔྱོད་ཕ་མཐའ་བྲལ་བའི་དགོངས་པ་བརྙེས། །
ཟབ་རྒྱས་ཆོས་ཀྱི་དགའ་སྟོན་འགྱེད་མཛད་པའི། །
དགྱེས༵་པ༵་རྡོ༵་རྗེ༵་འཛིན་མའི་ཁྱོན་ན་རྒྱལ། །

ཕྱོགས་ཀུན་ལྟ་བའི་རྣམ་འགྱུར་ངོམ་པའི་ཚེ། །
རྨད་བྱུང་ཐུགས་བསྐྱེད་གོ་ཆའི་ཉེར་བསྐུལ་ནས། །
ཡལ་འདབ་ལྕུག་མས་གར་སྟབས་མྱུར་བསྒྱུར་ཞིང་། །
རྨད་བྱུང་བསྔགས་པའི་ཟིར་སྒྲ་དབྱངས་སུ་འཐེན། །

ལྔ་རིག་རྒྱའི་འཇིངས་ལ་གནས་བཅས་ཤིང་། །
ལག་ལེན་ཡིད་བཞིན་ནོར་བུའི་གདེང་ཀ་ཅན། །
ཉམ་ཐག་ཡུན་གྱིས་མནར་བའི་སེམས་ཅན་ལ། །
ལུགས་གཉིས་གྲུ་ཆར་འབེབས་པའི་གཉེན་དུ་བསྔགས། །

གང་གི་དགེ་མཚན་ལྷ་ཡི་རྔ་བོ་ཆེ། །
བསྔགས་བརྗོད་དབྱུག་གུས་རབ་ཏུ་བརྡུངས་པའི་སྒྲ། །
ཐོས་འཛིན་དཔལ་དུ་འཇོ་བའི་རྨད་བྱུང་གཏམ། །
ཅུང་ཟད་བརྗོད་ལ་བདག་ཡིད་སྤྲོ་བས་མྱོས། །

ལེགས་བཤད་བསོད་ནམས་འབུམ་གྱི་རྩེད་དགའ་ལས། །
ལེགས་འཁྲུངས་ངུར་སྨྲིག་བྱེ་བའི་འོད་དཀར་ཅན། །
སྙིགས་དུས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ཡི། །
རླབས་ཆེན་མཛད་པ་འདི་ཡང་ཨེ་མ་རྨད། །

དེ་སྐད་ལེགས་བྱས་རྣམ་དཀར་དགེ་བ་འདིས། །
ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་དཔའ་ཡི། །
ངོ་མཚར་རྟོགས་པ་བརྗོད་ལ་དབང་འབྱོར་ནས། །
མཁའ་ཁྱབ་གདུལ་བྱ་འདྲེན་པའི་དེད་དཔོན་སྨོན། །

༢༠༠༩ ༨ ༢༣ ཉིན་མགོ་ལོག་པ་བརྩོན་འགྲུས་རྒྱ་མཚོས་བླ་རུང་ནས། །

༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་ཚིགས་དྲུག་གླིང་བུའི་འགྱུར་ཁུག །
 ཨ་རིག་དགེ་ལེགས་འབྱུང་གནས།  བླ་རུང་།

མཛེས་སྡུག་ཀེ་ལ་ཤ་ཡིས་མུ་ཁྱུད་ཀྱིས་ཟླུམ་པོར་སྐོར་བའི་མཐོ་སྒང་རི་བོའི་ཕྲག་པར། །
འོད་ལམ་ལམ་གྱི་རྒྱལ་བསྟན་ཆུ་ཤེལ་དབང་པོའི་འཛུམ་བརྒྱ་གསར་དུ་གྲོལ་དུས། །
དཀར་འཇམ་ཡུག་གཅིག་གིས་མཛེས་པར་རྒྱན་པའི་འཁོར་ཡུག་འདིར། །
ཁྱོད་ནི་དུ་མདོག་གི་ལང་ཚོ་བཞད་པའི་ཀུ་མུད་དེ།
ཁྱོད་ཀྱི་མཁས་བཙུན་གྱི་དྲི་བསུང་དབྱིག་འཛིན་སྒེག་མོའི་ཕང་བར་སྔོ་ལྷང་ལྷང་གིས་འཕྱོ་དུས་།
ཁོ་བོའི་བྱིས་བློ་དྲི་འཛིན་མས་སྔར་མ་མཐོང་བའི་དམ་པའི་ཚུལ་དགུའི་བསུང་ཞིམ་ལ་དགའ་བའི་
རྣམ་འགྱུར་ངོམ་པ་ཐེངས་ཅིག་མིན།

བོད་ས་མོ་གླང་གི་ལོ་ཟླ་༨ཚེས་༢༣ཉིན་སྔ་གྲོའི་ཆར་སྔ་འགྱུར་ཨ་རིག་ཆོས་གྲྭའི་གྲལ་འཁོད་པ་
དགེ་ལེགས་འབྱུང་གནས་ཀྱིས་གསེར་ཐང་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས། །

 ༄༅། །སྙིང་ཁོང་ནས་བརྡོལ་བའི་མཆོད་པ་བསྟོད་ཚིག་ཕྱག་གི་མེ་ཏོག །
ཁམས་སྨྱུག་རྩེ། བླ་རུང་།

ཤེས་བྱ་རིག་པའི་གནས་ལྔ་དག་ལ་མཁས༵། །
མཁས༵་མང་རྒྱུ་སྐར་དབུས་སུ་དུང་ཟླ་མཚུངས༵། །
མཚུངས༵་མེད་བཤེས་གཉེན་དམ་པ་དད་པས་དཔལ༵། །
དཔལ༵་དགྱེས༵་རྡོ༵་རྗེ༵་ཁྱེད་ལ་གུས་པས་བསྔགས། །

ལུང་རིགས་བགྲོ་གླེང་གནང་བ་མང་ན་ཡང༵་། །
ཡང༵་དག་ལམ་བཟང་སྨྲ་བ་ཁྱེད་འདྲ་དཀོན༵། །
དཀོན༵་མཆོག་ཀུན་འདུས་དགྱེས༵་པ༵་རྡོ༵་རྗེ༵་ཡང༵། །
ཡང༵་ཡང་བསྟོད་བསྔགས་བྱེད་པ་སྙིང་ནས་སྤྲོ། །

སྒྲིབ་མེད་མཁྱེན་པ་ལྷ་ཡི་རྫིང་རིང་ལས། །
ལུང་རིགས་དབྱར་རྔའི་སྒྲ་བརྒྱ་དགོད་པའི་ཚེ། །
འཁོར་ཚོགས་གདོང་མཐའ་དགའ་མའི་དྲན་དབང་ལ། །
འབྱུང་འགྱུར་ལམ་དུ་བགྲོད་པའི་ཚོར་སྣང་ཞིག །

རླབས་ཆེན་རྒྱལ་བའི་ཐུགས་བསྐྱེད་འོད་སྣང་གིས། །
གདུལ་བྱའི་འགྲོ་བའི་མུན་སྟུག་ལྷག་མེད་བསལ། །
དེ་ཕྱིར་ཁྱེད་ལ་སྲིད་པའི་སྒྲོན་མེར་བརྗོད། །
ཁྱེད་ནི་གོ་ལ་ཟླུམ་པོའི་ཡང་རྩེར་མངོན། །

རབ་འབྱམས་ཤེས་བྱ་ཡངས་པའི་ཐང་ཆེན་ན། །
རྣམ་དཔྱོད་ཅང་ཤེས་རྟ་ཕོའི་བང་རྩལ་ཅན། །
ལེགས་བཤད་ངག་གི་གཏེར་གཅིག་རིན་པོ་ཆེ། །
ཁྱེད་ནི་གངས་ཅན་འགྲོ་བའི་གཙུག་གི་རྒྱན། །

དཀར་ཕྱོགས་དགའ་བའི་ཚེས་བཟང་ཉིན་ཡུལ་ཤུལ་ཚུལ་ཁྲིམས་མཐར་ཕྱིན་གྱིས་བླ་རུང་ནས། །

 ༄༅། །མཁན་ཆེན་དམ་པ་དཔལ་དགྱེས་པ་རྡོ་རྗེར་བསྟོད་ཚིག་དབྱངས་ཅན་དགྱེས་གླུ། །

རྫ་སྟོད་གངས་ལྗོངས་ཧྲག་པ། བླ་རུང་།

སྔོན་སྦྱང་ཚོགས་གཉིས་ཟླ་བའི་འཛུམ་ཟེར་ལས། །
རྨད་བྱུང་གདམས་པའི་ཚིགས་བཅད་ཀུན་དའི་ཕྲེང་། །
སྐལ་ལྡན་བུང་བ་དགྱེས་པའི་ལེགས་སྐྱེས་རྣམས། །
དཔལ༵་ལྡན་དགྱེས༵་པ༵་རྡོ༵་རྗེ༵འི་རང་བྱུང་གཤིས། །
ཁ་བའི་རྡུལ་མང་བརྩེགས་པའི་རི་སུལ་ནས། །
ཡང་དག་དམ་པའི་མཚན་ལྡན་ཡོངས་རྫོགས་ལས། །
མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་རིང་ལུགས་ཀུན། །
གང་གིས་རིག་པའི་འཕྲུལ་གྱིས་ཁམ་གཅིག་བགྱིས། །
སྙིགས་ལྔའི་མུན་ནག་སྤྲིན་ཆེན་འཁྲིགས་ན་ཡང་། །
སྐྱེན་དགོན་མདོ་སྔགས་བཤད་སྒྲུབ་དར་གླིང་དུ། །
ལུང་དང་རྟོགས་པའི་ཕྱི་མོ་དམ་པ་ཞིག །
བཤད་དང་སྒྲུབ་པའི་རྒྱལ་མཚན་སོ་མ་བསྒྲེང་། །
གང་སྐུ་རྟ་བདུན་དབང་པོའི་དཀྱིལ་འཁོར་དངོས། །
དྷརྨྰ་ར་ཛའི་བཤད་གྲྭ་ལ་སོགས་སུ། །
གདུལ་བྱ་ཆུ་སྐྱེས་ཚལ་ཆེན་གྲངས་འདས་རྣམས།
ཐར་བའི་འཛུམ་དཀར་བཞད་ཕྱིར་ཟེར་བརྒྱ་འཕྲོས། །
གཞན་ཡང་གང་གིས་སྟོང་ཆེན་ཁམས་གསུམ་ཀུན། །
ཡོངས་རྫོགས་གཡོ་བའི་ཐུགས་བསྐྱེད་འཆི་མེད་གནས། །
རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ངལ་གྱུར་ན། །
སོ་སྐྱེས་དཔག་པར་འདོད་པ་གད་མོའི་གནས། །
གང་གི་གསང་གསུམ་ཡོན་ཏན་ཕྲིན་ལས་ཀུན། །
བློ་དམན་བདག་གིས་དཔོག་པ་སྲིད་ན་དབེན། །
འོན་ཀྱང་ཁོ་བོས་ཁྱེད་ཀྱི་རྣམ་ཐར་ལས། །
ཆ་ཙམ་རྟོགས་པས་སྤྲོ་དགའི་དད་པས་བྲིས། །

རྫ་སྟོད་གངས་ལྗོངས་ཧྲག་པས་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས་བྲིས། །

 ༄༅། །མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་མཆོག་གི་བརྩམས་ཆོས་སྒྲོལ་མ་ཉེར་གཅིག་གི་
བསྟོད་པ་རྣམ་འགྲེལ་མཇལ་བའི་ངོ་མཚར་ཅུང་ཟད་བརྗོད་པ་
སྐལ་ལྡན་དང་བ་འདྲེན་པའི་ཕོ་ཉ། །

རེབ་སྐོང་བ་མཁྱེན་དཔལ།  བླ་རུང་།

གཟུང་འཛིན་ཕྱག་རྒྱས་མ་བཅིངས་ཡེ་ཤེས་འཕྲུལ། །
གདོད་ནས་འཁོར་འདས་ཁམས་ཀྱི་གཤིས་ལུགས་དཔལ། །
སྣང་སྟོང་འཇའ་རིས་འཁྲིགས་པའི་མཚར་སྡུག་གིས། །
ཆོས་ཀུན་དགེ་ལེགས་དམ་པའི་ངོ་བོར་གྲུབ། །

འོན་ཏང་འཁྲུལ་སྣང་བྱིས་པའི་རོལ་གར་ལས། །
ཕྱོགས་འཛིན་ལྟ་བའི་གུད་པར་འཁྱམས་པ་ལ། །
དུས་ལས་མི་ཡོལ་ངོ་མཚར་ཐུགས་རྗེས་བསྐྱབས། །
རྨད་བྱུང་རྒྱལ་དང་སྲས་བཅས་མཛད་རྣམ་དྲན། །

འདིར་ཡང་གསུང་མཆོག་བདུད་རྩིའི་ཟེགས་མ་གཅིག །
མཇལ་བའི་སྐལ་བཟང་དུས་སྟོན་རོལ་བའི་མོད། །
དགའ་དད་ཁོང་ནས་འཕྱུར་བའི་རླབས་ཤུགས་ཀྱིས། །
བསྟོད་ཕྲེང་མེ་ཏོག་མི་འཐོར་རང་དབང་བྲལ། །

ཉེར་གཅིག་སྒྲོལ་མའི་བསྟོད་པ་གང་གྰའི་རྒྱུན། །
ཧུབ་ཀྱིས་བཏུང་བ་ཛ་ཧུའི་དྲང་སྲོང་མཆོག །
སླར་ཡང་སྔོན་མེད་རྣམ་འགྲེལ་དང་བཅས་པ། །
གཅིག་པུའི་ངོ་མཚར་བསྟན་བཅོས་འཇིག་རྟེན་མཛེས། །

ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི། །
ལུགས་མཆོག་ནོར་བུའི་ཕུང་པོ་གསལ་བྱས་པ། །
བརྒྱུད་ལྡན་བླ་མའི་ཞལ་ལུང་མ་ཡལ་བར། །
བྱིན་རླབས་རང་གྲོལ་འཁྱིལ་བའི་རྣམ་འགྲེལ་མཚར། །
ཨ་ཧོ་མན་ངག་ཉི་ཟླའི་འོད་སྣང་གིས། །
མྱང་འདས་ལམ་གྱི་འཇུག་ངོགས་གསལ་བྱས་པ། །
བསམ་བྱུང་དགའ་བ་སྙིང་གི་འགྱུ་བག་ལས། །
དོན་དམ་མཁན་ཆེན་བླ་མར་ངེས་ཤེས་འདྲོངས། །

ཉམས་རྒུད་དུས་ཀྱི་གཡང་སར་འཁྱམས་པ་ཡི། །
དྲག་སྒོམ་ཁུར་དུ་འཁྱེར་བའི་མཁས་རློམ་དག །
བསྟན་པའི་དགྲ་རུ་ལངས་པ་འདོད་ལྷའི་ཚོགས། །
ཁེངས་དྲེགས་རལ་བ་མཛེས་པའི་རྒྱན་དུ་ཤར། །

དེ་ལྟར་གང་གསུང་ལེགས་བཤད་མཇལ་བའི་གཏམ། །
ཅུང་ཟད་བརྗོད་པའི་རྣམ་དཀར་ཅི་མཆིས་པ། །
བསྟན་པ་དར་ཞིང་བསྟན་འཛིན་དེ་རྣམས་ཀྱི། །
ཕྲིན་ལས་ཕྱོགས་མཐར་རྒྱས་པའི་རྒྱུར་གྱུར་ཅིག །

ཅེས་པ་འདི་ནི་ས་གླང་ལོའི་ཟླ་༡༠ ཚེས༢༩ལ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་མཆོག་གིས་བརྩམས་ཆོས་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་
རྣམ་འགྲེལ་མཇལ་བའི་དུས་སུ་ཁམས་བདེ་ཆེན་གྱི་ས་ཆ་རང་བཙན་ཁ་བ་དཀར་པོའི་ཉེ་འདབས་ནས་འབའ་མཁྱེན་དཔལ་གྱིས་ཤར་མར་སྦྱར་བའོ། །


༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་སྙན་འཇེབས་འགྱུར་ཁུག་གསར་པ། །

ཚུལ་ཁྲིམས་རྣམ་རྒྱལ། བླ་རུང་།

ལང་ཚོའི་རྟ་བདུན་དབང་པོ་མཁའ་ལ་ཤར། །
ཉེས་རྒུད་མུན་པའི་སྨག་རུམ་དྭངས་བས་དཀར། །
དམ་ཆོས་བདུད་རྩིའི་དངོས་གྲུབ་མཁའ་ནས་འཇོ། །
ཡིད་ལ་རེ་བ་སྟེར་བའི་ནོར་བུ་ལགས། །

ཤེས་རབ་རྒྱ་མཚོའི་རྦ་རླབས་མཁའ་ལ་གཡོ། །
རིན་ཆེན་གསེར་གྱི་ལྕང་སྨྱུག་ལག་ཏུ་འཛིན། །
ཐུབ་བསྟན་ཐར་བའི་ལམ་བཟང་སྟོན་མཁས་པ། །
ནམ་ཡང་བསླུ་བ་མེད་དོ་དཔལ༵་དགྱེས༵་མཚན། །

ཚུལ་ཁྲིམས་དྲི་མེད་མདངས་ལྡན་ཟླ་བའི་མདོག །
ཡལ་གའི་ཙན་དན་དྲི་བསང་ཀུན་ཏུ་ལྡང་། །
གསུང་དབྱངས་འཐུལ་པ་དབྱར་གྱི་རྔ་གསང་བཞིན། །
སྙན་གྲགས་འགྲན་ཟླ་བྲལ་བའི་དཔའ་བོ་རྒྱལ། །

བརྩེ་བའི་བདག་ཉིད་དཔལ་ལྡན་མགོན་པོ་ཡིས། །
ཤེས་རབ་རིག་པའི་རལ་གྲི་མཁའ་ལ་འཕྱར། །
ཉོན་མོངས་རྩ་བའི་སྡོང་བོ་གྲི་ཡིས་བཅད། །
འཇམ་དབྱངས་ཀུན་ཏུ་མཚུངས་སོ་དཔལ༵་དགྱེས༵་མཚན། །

ཤེས་བྱ་ཀུན་ནས་གསལ་བའི་བཤེས་གཉེན་པ། །
ངུར་སྨྲིག་ཚང་ཚིང་གཡོ་བའི་ལི་ཁྲིའི་མདོག །
ངག་འཇམ་ཨུད་དཔལ་མེ་ཏོག་འདབ་མ་བཞིན། །
གང་ནས་ཐོས་ཤིང་སེམས་པའི་ཡིད་དབང་འཕྲོག །


ཐོས་ཤེས་ཀུན་ནས་གསལ་བའི་སྒྲོན་མེ་ཆེ། །
རིས་མེད་ཏ་ཐའི་ཆོས་ལ་ལེགས་སློབ་པའི། །
སྐྱབས་མེད་ལས་ངན་འདྲེན་པའི་སྐྱེས་བུ་མཆོག །
སྐལ་བཟང་སྐྱེས་བུ་ལྷམ་མེར་ཨེ་མ་རྨད། །

ཨུ་དུམ་ཝ་ར་མཚུངས་པའི་བཙུན་པ་ལགས། །
དམ་ཆོས་ནོར་བུའི་གཏེར་སྒོ་ཁྱེད་ལ་ཡོད། །
དྲི་ཞིམ་པདྨའི་ནང་ནས་ཁྱེད་དཔལ་བརྗོད། །
ལྷ་རྫས་ལག་ཏུ་ཐོག་ཏེ་མཇལ་བར་སྤྲོ། །

རྫ་སྟོད་སྟོན་ནག་བླ་ཆུང་དགོན་གྱི་ཚུལ་ཁྲིམས་རྣམ་རྒྱལ་གྱིས་བླ་རུང་ཆོས་སྒར་ནས་བྲིས་པ་དགེ །


 ༄༅། །བླ་མ་དཔལ་དགྱེས་པ་རྡོ་རྗེ་ལ་བསྟོད་པ་གཡུ་སྦྲང་གཞོན་ནུའི་རེ་སྨོན། །

ཡོན་ཏན་ཕུན་ཚོགས། བླ་རུང་།

རང་གི་སྙིང་དབུས་དད་པའི་འདབ་བརྒྱ་ཆུ་སྐྱེས་གེ་སར་བཞད་པའི་དབུས། །
ཕྱག་གི་རལ་གྲི་གླེགས་བམ་འཛིན་པའི་དམར་སེར་འཇམ་དབྱངས་བཞད་པ་ལགས། །
ཁྱེད་ཀྱིས་ཐུགས་རྗེས་འགྲོ་བ་ཀུན་གྱི་སྒྲིབ་གཉིས་བག་ཆགས་ཀུན་བསལ་ནས། །
ད་ནི་བསྟོད་པ་འབྲི་བས་བརྗོད་བྱའི་བྱིན་རླབས་ཆུ་རྒྱུན་མྱུར་ཕོབ་ཅིག །

ཨ་མའི་བུ་ཞེས་མིང་དུ་བཏགས་ནས་ལང་ཚོའི་ཨུཏྤལ་བཞད་ན་ཡང། །
ཐུན་མོང་ཐུན་མིན་རིག་གནས་ཀུན་ལ་ཉིན་མཚན་ཀུན་ཏུ་སྦྱང་བའི་དུས། །
ང་མཁས་ཁྱོད་མཁས་བསམ་པ་མང་བའི་དམར་སེར་འདུས་པའི་བཞུགས་བྲལ་ནས། །
འཇམ་དབྱངས་གཉིས་པ་མིང་དུ་གྲགས་པའི་བདག་གི་བླ་མ་ཨེ་མ་རྨད། །

བླ་མ་མ་བཞུགས་རྒྱང་རིང་ཡུལ་དུ་ངེས་མེད་ས་མཐའ་འགྲིམ་ནས་ཐལ། །
ཁྱེད་ཀྱིས་ཐུགས་རྗེས་འོད་སྟོང་དཀར་པོས་སློབ་བུ་ང་ལ་གཟིགས་ནས་སུ། །
བདག་གི་བླ་མ་དྲན་ཐང་རེ་ལ་ཆུ་བོ་གང་གྰའི་བྱེ་མ་བཞིན། །
དཔོན་སློབ་མི་འབྲལ་ཚོམ་བུ་གཅིག་ཏུ་ནམ་ཡང་འགོད་པའི་དབུགས་དབྱུང་སྩོལ། །

བླ་མ་ལགས།
ངས་ཁྱེད་དྲན་སོང་།
བྱམས་བརྩེ་ཡི་མི་གཞི་བཟང། །
ལྷག་བསམ་གྱི་བསམ་པ་དཀར། །
སྐུ་མདོག་ལ་བཞད་བགད་འཆགས། །
རྟེན་འབྲེལ་གྱི་རྟགས་མཚན་ངོམ། །

བླ་མ་ལགས་ཁྱེད་དྲན་སོང་།
འབྲི་ཀློག་ལ་སྦྱང་བ་བྱས། །
སྐར་གྲངས་ཀྱི་བཟང་རྟགས་ཐོབ། །
རིག་གཞུང་གི་རྩ་བ་རྣམས། །
མ་ལུས་པ་ཐུགས་ལ་མངའ། །
བླ་མ་ལགས།
ངས་ཁྱེད་དྲན་སོང་།
ཐོས་བསམ་གྱི་བྱ་བ་བྱས། །
སྒྲོ་འདོགས་ཀྱི་རྩ་བ་ཆོད། །
ངུར་སྨྲིག་གི་བསྟན་པ་སྤེལ། །
སྒྲུབ་པ་ཡི་རྒྱལ་མཚན་བཙུགས། །

རྫ་སྟོད་འབྲོང་གྲྭ་ཡོན་ཏན་ཕུན་ཚོགས་ཀྱིས་བླ་རུང་ཆོས་ཀྱི་གྲོང་ཁྱེར་ནས། །

༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེའི་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཆེན་མོ་ལ་སྨོན་ཚིག །

མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ། བླ་རུང་།

བསིལ་ལྡན་བོད༵་ནས་ལེགས་བརྒྱུད༵་མདོ་སྔགས་ཀྱི། །
ཐུབ་བསྟན་སྙིང་པོ་ཟབ་ལམ་རྣལ༵་འབྱོར༵་ཆེའི། །
སྒྲུབ་ལ་སྦྱོར་བའི་བསྟི་གནས་ཆོས༵་ཚོགས༵་འདིའི། །
མཛད་ཕྲིན་དཀར་ཕྱོགས་ཟླ་བའི་རྗེས་འགྲོར་ཤོག

བསྟན་འཛིན་རྒྱ་མཚོས ༢༠༠༨ ༣ ༢༩། །
 ༄༅། །མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་རིན་པོ་ཆེའི་ཞབས་བརྟན་
སྨོན་ཚིག་འཇིག་བྲལ་རྡོ་རྗེའི་ལྷུན་པོ་ཞེས་བྱ་བ།།
འོད་ཟེར་མཐའ་ཡས། སྐྱེན་དགོན།

ན་མོ་གུ་རུ་པདྨ་ཀ་ར་ཡེ། །

རྒྱལ་ཀུན་འདུས་པའི་བདག་ཉིད་དཔལ༵་ལྡན་བླ་མ། །
དགྱེས༵་བཞིན་རྗེས་སུ་འཛིན་པ༵ར་གསོལ་བ་འདེབས་ཤིང་། །
གསང་གསུམ་རྡོ༵་རྗེ༵འི་ངོ་བོར་འཚོ་གཞེས་གསོལ་བས། །
མི་འཇིགས་གདོང་ལྔའི་ཁྲི་ལ་བརྟན་པར་བཞུགས་མཛོད། །

སྐྱེ་འཇིག་བགྲེས་རྒུད་ཀུན་བྲལ་རྒྱལ་དབང་པདྨ། །
འཆི་མེད་མཆོག་གྲུབ་གནུབས་སྟོན་སངས་རྒྱས་ཡེ་ཤེས། །
ཇི་བཞིན་འགྱུར་མེད་རྟག་བརྟན་རྡོ་རྗེའི་ཆོས་སུ། །
མི་གཡོ་བརྟན་པར་བཞུགས་ལ་འགྲོ་དོན་མ་བསྙེལ། །

སྙིགས་འགྲོ་སྤྱི་དང་ཁྱད་པར་སློབ་ཚོགས་རྒྱ་མཚོའི། །
རྩེ་གཅིག་གསོལ་འདེབས་དོན་ལ་བཏང་སྙོམས་མ་མཛད། །
ཐུགས་བསྐྱེད་སྨོན་ལམ་བརྟན་པོའི་གོ་ཆ་མ་བྲལ། །
རླབས་ཆེན་བསྟན་འགྲོའི་བདེ་དོན་ཡལ་བར་མ་དོར། །

ཚེ་ལྷ་དྲང་སྲོང་རིག་འཛིན་བརྒྱུད་པའི་མཐུ་ཡིས། །
གནས་ཡུལ་དབྱིངས་ཀྱི་ཌྰ་ཀིིའི་བསུ་མ་སློག་ནས། །
སྐུ་ཚེ་བསྐལ་བརྒྱར་བཞུགས་པའི་སྨོན་འདུན་ཞུ་ན། །
མཆོག་གསུམ་བདེན་པས་ཇི་བཞིན་འགྲུབ་པར་གྱུར་ཅིག །

ཅེས་འོད་ཟེར་མིང་གིས་ཤར་མར་གསོལ་བ་བཏབ་པས་སློབ་ཚོགས་འབུམ་ཕྲག་བརྒལ་བ་དག་གིས་མཆོག་གི་དགུང་སྐེག་ལས་གྲོལ་ཕྱིར། ཞབས་རིམ་དུ་རྣམ་དཀར་རྒྱ་ཆེན་སྒྲུབ་པའི་མཐུས་དེ་ལྟར་དུ་འགྲུབ་པར་གྱུར་ཅིག། བདག་ གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་ཤོག །ཚིག་གིས་གཟི་བརྗིད་མཐུ་དེས་ནི། ། བསོད་ནམས་ཐམས་ཅད་འགྲུབ་པར་ཤོག །བདག་གི་ཚིག་ནི་ཅི་སྨྲས་པའི། །དོན་དེ་ཐམས་ཅད་འགྲུབ་པར་ཤོག ། ཏདྱ་ཐ། ཨོྃ་དྷ་རེ་དྷ་རེ་བྷནྡྷ་རེ་སྭྰ་ཧྰཿ སྨོན་ལམ་འདི་ནི་རྒྱལ་བའི་བཀའ་ཡིན་ནོ། །

༄༅། །མཐིང་འོད་ཡེ་ཤེས་ཌྰཀྐིའི་བརྡ་སྣང་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བ། །

སེ་ར་ཡང་སྤྲུལ་རིན་པོ་ཆེ། གསེར་རྟ།

ཤྲྰི་དེ་ཝ་ཌྰཀྐི་བྷྱ། །

རེ་དྭོགས་འཁྲུལ་བྲལ་དོན་གྱི་དབྱིངས་ན། །
གཟུང་འཛིན་སྤྲིན་རིས་དག་པའི་ཞིང་ནས། །
མཐིང་འོད་ཡེ་ཤེས་དགའ་མའི་བཞད་སྒྲ་ཉིད། །
བརྡ་སྣང་རྡོ་རྗེའི་ཐོལ་གླུ་འདི་སྐད་ཐོས། །

རིགས་འདུས་པདྨ་ཀ་རའི་ཐུགས་སྲས་ཉིད། །
སྒྱུ་འཕྲུལ་སྒྱུ་མའི་ཟློས་གར་ཆུ་ཟླ་བཞིན། །
བདུད་འདུལ་རོལ་བའི་མཛད་པ་གླིང་དཀར་ཡུལ། །
བྱང་འབྲོག་སྟག་གི་གོང་བར་འགྲོ་དོན་སྐྱོང་། །

ཕུན་ཚོགས་བདེ་སྐྱིད་བཟང་པོ་གཟུགས་སྐུའི་གར། །
ལང་ཚོའི་འདབ་མ་ཉེར་འཚེས་གཟིར་བའི་སྐབས།
དབང་དྲག་དཔུང་གི་གོ་ཁྲབ་བགོ་ན་བཟང་། །
རྐྱེན་སྣ་ཆོས་ཀྱི་གྲོགས་མཆོག་མྱུར་དུ་འཕྲད། །

ཤར་གྱི་ལྗོངས་ནས་འབྲས་དཀར་མྱུ་གུ་འཁྲུངས། །
ལྷོ་ཡི་གླིང་ནས་པད་དཀར་འདབ་ཡངས་རྙེད། །
དབང་སྡུད་དགའ་བདེའི་སྤྲིན་ཆེན་ས་གསུམ་གཡོ། །
མི་ཚེའི་ཉི་མ་ཕན་བདེའི་དཔལ་དུ་འཆར། །

གྲགས་པའི་དབྱར་རྔ་སྙན་པའི་ཕྱོགས་སུ་འཛུམ། །
ཐབས་མཆོག་བདེ་ཆེན་ཞི་བའི་དཔལ་འཛིན་མས། །
གསང་གསུམ་རང་བྱུང་ཐིག་ཐིག་ལེར་བསྐུལ་བའི་མཐུས། །
པདྨའི་ཟབ་གཏེར་འགྱེད་པའི་སྐལ་བཟང་ཐོབ། །

དྭངས་སྨན་དབྱིངས་ཀྱི་ཌྰཀྐི་ཏྰ་རེའི་མཚན། །
ཕ་གཅིག་པདྨའི་ཟབ་གཏེར་གཉེར་བའི་བདག །
དབང་ཕྱོགས་ནོར་འཛིན་མཛེས་པའི་སྤང་ནས་རྙེད། །
ཐབས་མཆོག་རྟེན་འབྲེལ་ལྗང་ཆུང་སྨིན་སྲིད་ན། །

དོན་ཆེན་ལོ་ལེགས་སྙེ་མ་གཡང་གི་དཔལ། །
ཞི་རྒྱས་དབང་མཆོག་ལས་ཀུན་ལྷུན་གྱིས་གྲུབ། །
ཐབས་ཤེས་ཟུང་འཇུག་མ་བྲལ་ས་མ་ཡ། །
བདུད་བཞི་གཡུལ་ངོར་བཟློག་པའི་ར་མདའ་སྦྲན། །

ཁ་ཊྃ་རི་བོ་བརྒལ་བའི་དུས་བྱུང་ཚེ། །
རྒྱལ་བསྟན་པདྨའི་དགའ་ཚལ་སྨིན་ངེས་སུ། །
ངོ་མཚར་འོད་སྣང་ས་གསུམ་བརྡལ་བའི་མགོན། །
སྐལ་བཟང་འདབ་ལྡན་འཛུམ་པའི་དཔལ་དུ་ཤར། །

དུང་སེང་གི་བདུད་རྩི་འབྱུང་བའི་དུས། །
སྒྱུ་འཕྲུལ་གྱི་དཀྱིལ་འཁོར་དབྱིངས་སུ་བསྡུས། །
ལྔ་རིགས་ཀྱི་ཆར་དང་འཇའ་རིས་འཁྱིལ། །
འབྲེལ་ཚད་ཀུན་བདེ་ཆེན་ལྗོངས་རྒྱུར་ཕེབས། །

བརྡ་དོན་ཀུན་རེ་ཞིག་མཁའ་ལ་ཐིམ། །
བརྗོད་མེད་ཀྱི་ཕ་རྒན་གསར་དུ་རྙེད། །
ཁྱེར་སོ་གསུམ་གུ་རུའི་རྣམ་པར་འཆར། །
ས་མ་ཡ་ཨུ་ཐི་གུ་ཧྱ་རྒྱ། །

ཞེས་པའང་རབ་རྒྱལ་ཀུན་དགའ་ཞེས་པའི་ཤིང་སྟག་ལོའི་སྣྲོན་ཟླ་བའི་ཡར་ཚེས་བཅུ་ཉིན་ཡ་དུང་སྒྲོན་འདྲིས་ཀྱིས་
དཔལ་དགྱེས་པ་རྡོ་རྗེ་ལ་ལུང་བསྟན་ཞུས་པའི་ལན་དུ་རིག་འཛིན་གསང་སྔགས་གླིང་པའམ་སེ་ར་ཡང་སྤྲུལ་པས་
གང་ཤར་མྱུར་བྲིས་བགྱིས་པ་དགེའོ།། །།

 ༄༅། །མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་བསྡུས་པ་རཏྣ་ཙིཏྟ་ཞེས་བྱ་བ་བཞུགས་སོ། །

རིག་པའི་རྡོ་རྗེ། ཨ་རི།

ན་མོ་རཏྣ་གུ་རུ་ཤྲྰི་ཨ་ནནྟ་བཛྲ་བིརྱ་དྷ་ར་ཡེ།
རྨད་བྱུང་ལེགས་བཤད་འོ་མའི་རྒྱ་མཚོའི་དཔལ༵། །
དགྱེས༵་པ༵འི་རྦ་རླབས་མགྲིན་པའི་གཡང་དུ་འཁྱིལ། །
འཆད་རྩོད་རྩོམ་པའི་སྦྲང་ཆར་འཇོ་བའི་གཉེན། །
འཇམ་དཔལ་དགྱེས༵་པ་རྡོ༵་རྗེ༵་རྒྱལ་གྱུར་ཅིག །
ཅེས་ བསྟོད་དབྱངས་དགེ་ལེགས་སུ་བྱེད་པའི་བདེན་ཚིག་ཚངས་པ་ཆེན་པོའི་ངག་གི་རྣམ་ འགྱུར་ཅིར་ཡང་འཆར་བ་ཀུན་ཏུ་ཤིས་པའི་དགེ་མཚན་ཕུན་སུམ་ཚོགས་པའི་མེ་ཏོག་ཆར་དུ་ བསྙིལ་ཏེ། དེ་ཡང་མཁན་ཆེན་བླ་མ་རིན་པོ་ཆེའམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རིན་པོ་ཆེ་ནི། ཇི་སྐད་དུ།
ཁྱོད་ཞབས་ཐུགས་རྗེ་ཟླ་བ་ནི། །
སྐལ་ལྡན་བདེ་འབྱུང་རལ་བ་ལ། །
བཀོད་པས་ས་གསུམ་མཐའ་དག་གི །
སྙིང་གི་མུན་སེལ་བླ་མ་རྒྱལ།།
ཞེས་གསུངས་པ་ལྟར་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་དམ་པ་བྱང་ཆུབ་སེམས་དཔའ་རྣམས་བསམ་བཞིན་དུ་གདུལ་བྱར་རྣམ་པར་སྣང་བ་ནི། །ཇི་སྐད་དུ། བྱང་ཆུབ་སེམས་དཔའ་བློ་ལྡན་ནི། ། རིགས་ནི་ཚད་མ་དག་ལས་ཤེས། ། ཞེས་གསུངས་པ་ལྟར། རིན་པོ་ཆེ་ཉིད་ཀྱང་ཆུང་ནས་དགེ་བའི་བཤེས་གཉེན་དམ་རྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་གྱིས་རྗེས་སུ་བཟུང་བ་དང་དཔག་སྟེ་མདོར་བསྡུས་ཅུང་ཟད་ཅིག་ཞུ་ན། ཉིད་ཀྱི་གསུངས་ལས།
ཁ་བའི་འདབ་སྟོང་ལྷབ་ལྷུབ་གཡོ་བའི་གནས། །
གངས་ལྗོངས་ལྟ་ན་སྡུག་པའི་ཞིང་མཆོག་ཏུ། །
རྣམ་དག་ཐུབ་བསྟན་མཇལ་སྐལ་བཟང་བདག།
ཆུང་ནས་ཆོས་དང་འཕྲད་པས་སྣང་བ་སྤྲོ། །
ཞེས་ གསུངས་པ་བཞིན། རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་ས་ག་ཟླ་བའི་ཡར་ཚེས་བཅུ་གསུམ་མམ་ཕྱི་ལོ་༡༩༧༠ ༥ ༡ ལ་ ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་མདོ་སྟོད་ཁྲྭ་ཁོག་གི་གཞི་ཆུ་བར་མའི་མཚེའུ་ དཀར་འཁྱིལ་གྱི་ ཉེ་དྲུང་།སྤང་ལྷས་སྒང་དུ་ཡབ་དབྲ་ཆེན་ཨ་མྱེ་ཞི་ཁྲོ་རབ་འབྱམས་དང་། ཡུམ་ཡ་བཟའ་ཨོ་རྒྱན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་སོ། དེའི་སྐབས་དུས་དབང་གིས་དགེ་སྒྲུབ་ལ་ལྷག་པར་སྡང་བའི་དུས་ཡིན་ཡང་མཆོག་ཉིད་བཙས་མ་ཐག་ཏུ་རྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེས་ཁྱེའུ་ཤེས་རབ་འཕེལ་ཐབས་དང་ཁྲུས་གསོལ་བསྲུང་བ་རྒྱས་པར་མཛད་ནས་མཚན་
ལའང་དཔལ་དགྱེས་པ་རྡོ་རྗེ་གསང་བ་འདུས་པ་ཞེས་གསོལ་ནས་རྗེས་སུ་བཟུང་།རིན་པོ་ཆེ་ཉིད་ལའང་ཆུང་ ནས་ལྷན་སྐྱེས་སུ་དད་གུས་དང་བྱམས་བརྩེ་དྲང་བདེན་སོགས་ཡ་རབ་ཀྱི་སྤྱོད་ལམ་དང་ ལྡན་པ་ཞིག་ཡོད་པས་དེ་ཡོད་ཡུལ་མི་ཁྱིམ་མཚེས་ཚང་མས་གཅེས་ཕྲུག་ཏུ་མཐོང་ནས་དཀར་ རིས་སམ་དཔལ་དགའ་དང་དཔལ་ལོ་དཔལ་དགྱེས་པ་སོགས་བརྟགས་ནས་མཐོང་ཐོས་དགའ་བའི་གནས་ སུ་མཆིས།དགུང་གྲངས་གསུམ་བཞི་ནས་ཚིག་བཅད་ངོ་མཚར་ཅན་དང་རྨི་ལམ་འདྲ་མིན་མཐོང་ བའི་ལོ་རྒྱུས་རྒྱས་པ་ཉིད་ཀྱིས་གསུངས་པའི་རྨི་ལམ་འོད་གསལ་གྱི་རྣམ་བཤད་ལས་ ཤེས་པར་བྱའོ། །དགུང་གྲངས་དྲུག་བདུན་ནས་སྐྱབས་རྗེ་དེ་ཉིད་ལས་བོད་ཡིག་ཀློག་སྦྱོར་བསླབ་པ་དང་མནག་ཕྱུགས་འཚོ་སྐྱོང་ལེགས་པོར་བྱས་པས་ཨང་རྟགས་ཀྱི་བྱ་དགའ་རྒྱ་ཆེར་ཐོབ། ཉིད་ཀྱི་ཞལ་ནས།
ངེས་ལེགས་གཏན་བདེའི་འདོད་པ་འཇོ་བའི་དཔྱིད། །
མཚུངས་མེད་དགེ་བའི་བཤེས་གཉེན་ཡིད་བཞིན་ནོར། །
གཙུག་གི་རྒྱན་ཏུ་ཐོབ་པའི་རྩེད་དགའ་ཡིས། །
སྐལ་བཟང་ལམ་སྣ་ཟིན་པས་སྣང་བ་སྤྲོ། །
ཞེས་གསུངས་པ་བཞིན།
དགུང་ གྲངས་བཅུ་གསུམ་པར་སྐུ་སྐེག་གི་སྟེང་དུ་མཆོག་ཉིད་ལ་རྐྱེན་ངན་གྲོགས་སུ་ཤར་བ་ དང་། ཐན་ངན་གཡང་དུ་འགུགས་པའི་དཔེ་དོན་ལྟར་སྐྱབས་རྗེ་འཇིགས་མེད་རྣམ་རྒྱལ་རིན་པོ་ ཆེ་དེ་ཉིད་ཀྱི་རྗེས་སུ་འབྲངས་ནས་དགེའུ་དགོན་ནང་དུ་ཕེབས་ཤིང་འདོན་ཆོག་དང་ རྒྱ་གཞུང་རྩ་བ་རྣམས་ཐུགས་འཛིན་ལེགས་པར་གནང་བ་དང་།བྱེ་བྲག་ཏུ་རྫ་རྒྱུད་དགེ་ མང་རི་ཁྲོད་ཀྱི་མཁན་པོ་ཕྲིན་ལས་དབང་རྒྱལ་ལས་རབ་ཏུ་བྱུང་ནས་མཚན་ལ་དགེ་ལེགས་ ཡར་འཕེལ་དུ་གསོལ།སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་ལས་སྡོམ་གསུམ་སྤྱོད་འཇུག་ སོགས་བློ་སྦྱོང་སྐོར་ལ་ཐོས་བསམ་རྒྱ་ཆེར་གནང་ངོ་། ཉིད་ཀྱི་ཞལ་ནས།
ཕྱི་ངུར་སྨྲིག་དར་གྱི་ཆོས་གོས་མཛེས། །
ནང་གཞན་ཕན་བདུད་རྩིའི་ཐིག་འཕྲེང་འཛུམ། །
དོན་རྡོ་རྗེ་ཐེག་པའི་སྐལ་བཟང་ཐོབ། །
ཚེ་འདི་ཕྱིའི་དོན་ཆེན་འགྲུབ་པས་སྤྲོ།
ཞེས་ གསུངས་པ་བཞིན། ཕྱི་ལོ་༡༩༨༧་ལོར་སྐྱབས་རྗེ་རིན་པོ་ཆེ་དེ་ཉིད་ཀྱིས་གསུངས་འཕྲིན་དང་ལམ་རྒྱགས་ ཚང་མ་གནང་ནས་ཆོས་རྗེ་ཡིད་བཞིན་ནོར་བུ་༧འཇིགས་མེད་ཕུན་ཚོགས་ཀྱི་སྐུ་མདུན་ རྒྱ་ནག་རི་བོ་རྩེ་ལྔ་རུ་མངགས། ཆོས་རྗེ་ཡིད་བཞིན་ནོར་བུས་ཀྱང་བརྩེ་བས་རྗེས་སུ་བཟུང་སྟེ་ཟབ་མོ་འཇམ་དཔལ་ཞི་ དྲག་གི་གདམས་ངག་ རྒྱ་ཆེར་བསྩལ་ནས་མཚན་ལ་ཆོས་དབྱིངས་བློ་གྲོས་སུ་གསོལ།ཆོས་རྗེ་མཆོག་དབུར་མཛད་ དེ་རྒྱ་ནག་རི་བོ་རྩེ་ལྔར་བོད་མི་ཁྲི་ཕྲག་མཉམ་འཛོམ་དུ་བཟང་སྤྱོད་དུང་འཚོགས་ ཀྱི་ཐུགས་སྨོན་ཟབ་རྒྱས་དང་རྒྱ་ཡུལ་གནས་ཆེན་ཁག་ཏུ་གནས་བསྐོར་དང་པེ་ཅིང་ཕེབས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལས་དུས་ འཁོར་སྐོར་སོགས་བཀའ་ཆོས་དབང་ལུང་མན་ངག་དུ་མ་ཞུས།གཞན་ཡང་ཞེ་རྫོགས་མཁན་སྤྲུལ་ དུ་མ་ལས་གར་དབྱངས་ཐིག་རྩ།འབུད་རྡུང་བཅའ་གསུམ་སོགས་སྦྱངས་བ་དང་།
ཉིད་ཀྱི་ཞལ་ནས།
མན་ངག་ཡང་གསང་ངེས་དོན་བླ་མེད་ཆོས། །
མཚན་ལྡན་བླ་མའི་ཞལ་ནས་སྙན་བརྒྱུད་མཆོག །
དུས་གསུམ་རྒྱལ་བའི་གཤེགས་ཤུལ་མ་ནོར་བ། །
སྨིན་གྲོལ་གདམས་བཟང་མྱོང་འདི་ཨེ་མ་ཧོ། །
ཞེས་དང་། ཁྱད་པར་སྐྱབས་རྗེ་མཁན་ཆེན་འཇིགས་མེད་རྣམ་རྒྱལ་ལས་མན་ངག་སྙན་བརྒྱུད་དམར་ཁྲིད་ཟབ་རྒྱས་
ཆ་ ཚང་ཐོབ་ཚུལ་སོགས་མཆོག་གི་ཐོབ་ཡིག་ཟིན་ཐོ་གསལ་བའི་སྒྲོན་མེ་ལས་གསལ་བ་དང་། ཉིད་ཀྱིས། རྣམ་དཀར་ལས་ཀྱི་ཅང་ཤེས་བྷ་ལ་ཧར།།སྦྱང་བརྩོན་དར་དཀར་ལྕག་ཚན་རབ་བསྐུལ་ནས།། རྣམ་གྲོལ་ཞི་བའི་གླིང་གི་ལམ་སྟེགས་སུ།།འགྲོས་ལྡན་སྐལ་བཟང་ཐོབ་པས་སྣང་བ་ སྤྲོ།ཞེས་སེར་ཤུལ་དགོན་དང་དགེ་མང་རི་ཁྲོད་དང་ལྕང་མ་རི་ཁྲོད་ཀྱི་འཛིན་གྲྭ་ དང་བཤད་གྲྭ་རུ་ཕེབས་ནས་དགེ་བཤེས་དང་མཁན་པོ་པདྨ་དབང་རྒྱལ་དང་མཁན་པོ་དབང་ལོ་ དང་།མཁན་པོ་དབང་སྡིས་དང་།སྤྲུལ་སྐུ་ཕུར་བ།མཁན་པོ་ཐུབ་བསྟན་འཇམ་དཔལ་སོགས་ལས་ བསྡུས་གྲྭ་སྨན་དཔྱད་མདོ་རྒྱུད་སོགས་རྒྱ་ཆེར་ཞུས་པ་ཟིན་བྲིས་ལས་གསལ། ཁྱད་པར་མཁན་པོ་ཐུབ་བསྟན་འཇམ་དཔལ་གྱིས་བཀའ་གནང་བཞིན་དུ་མཁན་ཆེན་པདྨ་ཚེ་དབང་ ལྷུན་གྲུབ་ལས་བཅུ་ཕྲག་རིག་པ་ལ་དད་འདུན་གུས་རྟག་བརྩོན་འགྲུས་ཆུ་བོས་རྒྱུན་ བཞིན་དུ་ལོ་ལྔའི་བར་འབད་ པ་དྲག་པོར་གནང་།གཞན་ཡང་བཀའ་གཏེར་ཟབ་ཁྲིད་རྩ་རླུང་དབང་བསྐུར་སོགས་མཁན་པོ་ བསོ་ཚེ་དང་མགོན་བླ་པདྨའི་སྐུ་མདུན་ཞུས།མཁན་ཆེན་པདྨ་ཚེ་དབང་བཀའ་གནང་ལྟར་ཀུན་ སྤང་བྱ་བྲལ་༧ ཆོས་དབྱིངས་ཁྱབ་བརྡལ་ལས་གསང་སྙིང་དང་བཀའ་འབུམ་དུ་མའི་ཁྲིད་ལུང་དང་། ཁྱད་པར་དུ་སྙིགས་དུས་འགྲོ་བའི་མགོན་པོ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ ཕུན་ཚོགས་ལས་ཀུན་ མཁྱེན་ཡབ་སྲས་ཀྱི་ཟབ་ཁྲིད་དང་མཆོག་གི་གསུང་འབུམ་ཟབ་ཆོས་ཆ་ཚང་བསན་བསམ་མཛད། ཆོས་རྗེ་ཉིད་ཀྱི་ཐུགས་སྲས་མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་མཁན་ཆེན་ཚུལ་ ཁྲིམས་བློ་གྲོས་ཀྱི་འཛིན་གྲྭ་རུ་ཞུགས་ནས་འཆད་རྩོད་རྩོམ་པ་ལ་གཤིས་ཕྱིན་པར་མཛད་དོ།ཇི་སྐད་དུ།
རང་དོན་ཐོས་བསམ་བསྒོམ་པའི་རྒྱུན་སྐྱོང་ཞིང་། །
གཞན་དོན་འཆད་རྩོད་རྩོམ་པས་སྨིན་གྲོལ་བཀོད་། །
གཉིས་དོན་བསྙེན་སྒྲུབ་ཕྲིན་ལས་རྟག་བརྩོན་པའི། །
མཁས་བཙུན་བཟང་ལྡན་བླ་མ་དམ་པ་བསྔགས། །
ཞེས་ པ་ལྟར་རོ། སྐྱེན་པོ་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དུ་ཕེབས་ནས་དབྱར་གནས་དང་ བཤད་སྒྲུབ་གསར་དུ་གཙུགས་།གཞན་ཡང་དགེའུ་དགོན་དང་སྔ་འགྱུར་ཨ་མྱེ་འོད་གསལ་རྡོ་ རྗེའི་སྙིང་པོ་གླིང་སོགས་སུ་ཕེབས་ནས་ཨ་མྱེ་སྔགས་པའི་སྡེ་ལ་བར་དོ་དྲུག་ཁྲིད་བཏབ་སོགས་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་གཉིས་སུ་ཆོས་འཆད་ཉན་གྱི་ཕྲིན་ལས་ཟབ་རྒྱས་ངང་འཛིན་སྐྱོང་སྤེལ་བར་མཛད་དོ། ཕྱི་ལོ་༢༠༠༡ལོ་མགོ་ནས་སྒ་བསྒྲུབ་བརྒྱུད་སྐྱེ་སྔ་རིན་པོ་ཆེ་དང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་སོགས་ བླ་སྤྲུལ་དུ་མས་བསྐུལ་མ་དང་རྟེན་འབྲེལ་དུས་བབས་ཀྱིས་བལ་ཡུལ་དཔལ་ལྡན་ཕག་ གྲུའི་ནང་བསྟན་སློབ་གཉེར་ཁང་གི་ཕག་གྲུའི་མཁན་ཆེན་དུ་གདན་འདྲེན་ཞུས་པ་བཞིན་ མཆོག་གིས་དཔལ་ལྡན་
ཕག་གྲུའི་སློབ་གཉེར་ཁང་དང་། དྷརྨྰ་ར་ཛའི་བཤད་གྲྭ་དང་སྒྲུབ་གྲྭའི་ཇོ་ སེར་ཀུན་ལ་སུམ་རྟགས་དང་རྩིས་དཀར་ནག་སྡོམ་གསུམ་སྤྱོད་འཇུགཀུན་བཟང་བླ་མའི་ཞལ་ ལུང་།བསྡུས་ཚན་དང་།དབུ་ཕལ་འདུལ་མཛོད་སོགས་ཟབ་རྒྱས་གསུངས་ནས་འཆད་རྩོད་རྩོམ་ པ་རྒྱུན་སྐྱོང་བར་མཛད། ནང་ཆེན་འབྲོང་བ་དཔོན་གཡུལ་རྒོད་དཔོན་ཚང་གིས་སྦྱིན་བདག་གནང་ནས་བལ་ཡུལ་དང་། རྒྱ་དཀར་ཀྱི་གནས་ཆེན་ཁག་ཏུ་ཕེབས་ནས་ཐུགས་སྨོན་རྒྱ་ཆེར་བཏབ། ཇི་སྐད་དུ།
དཀོན་མཆོག་མཆོད་དང་ངན་སློང་སྦྱིན་པ་གཏོང་། །
རླབས་ཆེན་ཚོགས་གཉིས་སྒྲུབ་པའི་ལས་ལ་འབད། །
བསྟན་འགྲོར་སྨན་པའི་ཐུགས་སྨོན་ཡང་ཡང་མཛད། །
མདོ་སྔགས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲེངས། །
༢༠༠༤ལོར་བྱང་ཨ་རིའི་དྷརྨ་ཀིརྟི་ཆོས་ཚོགས་ཀྱིས་གདན་འདྲེན་ཞུས་ནས་སྔོན་འགྲོ་དང་བར་དོ་དྲུག་ཁྲིད་དང་པད་གླིང་གཏེར་གསར་བསྐོར་ཟབ་རྒྱས་གནང་བས་འདིར་ནས་སློབ་ཚོགས་ཀུན་ལ་མཆོག་གི་མཁྱེན་ རབ་དང་བྱམས་བརྩེ་ལ་དད་གུས་བླ་མེད་སྐྱེས་ནས་སྔོན་འགྲོའི་བསགས་སྦྱང་དང་དམ་ ཆོས་དོན་གཉེར་བ་དག་དགའ་བའི་གསོས་སུ་ཐོབ་ནས་སྐལ་བ་བཟང་པོ་རུ་གྱུར། གཞན་ཡང་༢༠༠༧ལོར་ཡོི་རོབ་དངལྷོ་ཕྱོགས་ཨ་རིའི་ཨོ་རྒྱན་ཏྲིའི་ན་དང་མེག་སིའི་ ཁོ།སེངྒ་གླིང་དང་མ་ལེ་ཤ་ཡ་སོགས་སུ་ཕེབས་ནས་དམ་ཆོས་འཆད་སྤེལ་བསྒོམ་སྒྲུབ་ཁོ་ ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་ནས་སངས་རྒྱས་ཡེ་ཤེས་ཆོས་ཚོགས་དང་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་དུ་རྩ་བའི་བཞུགས་གནས་སྐུ་མཚམས་ཡུན་རིང་དུ་མཛད་ནས་བསྟན་འགྲོར་ཕན་བདེ་ཕྲིན་ལས་སྐྱོང་བཞིན་པ་ལགས་སོ། །
དཔལ་ལྡན་བླ་མའི་སྐུ་ཚེ་སྲ་ཞིང་བརྟན། །
དཔལ་ལྡན་དམ་ཆོས་སྣང་བ་རྒྱུན་རིང་རྟག །
དཔལ་ལྡན་སློབ་མའི་དད་གུས་མི་འགྱུར་གནས། །
དཔལ་ལྡན་བསྟན་པར་ཕྱོགས་མཐར་རྒྱས་རྒྱུར་ཅིག། །
མདོར་བསྡུས་པ་ཞིག་མཆོག་གི་ཞལ་གསུང་དང་གསེར་རྟའི་མཁན་པོ་ཆོས་དབང་དང་བསྟན་དར་གྱིས་
བསྒྲིགས་པའི་རྣམ་ཐར་གཞིར་བཞག་ནས་རིག་པའི་རྡོ་རྗེས་བྲིས་པའོ།།

 ༄༅། །མཁན་ཆེན་དཔལ་དགྱེས་པ་རྡོ་རྗེའི་རྣམ་ཐར་
སྐལ་བཟང་དད་པའི་འཇུག་སྒོ་
ཞེས་བྱ་བ་བཞུགས་སོ། །

མཁན་པོ་ཆོས་ཀྱི་དབང་ཕྱུག རྒྱ་གར།

ན་མོ་གུ་རུ་ཤྰཀྱ་མུ་ནེ་ཡེ། །
མཐའ་བྲལ་ཆོས་སྐུའི་གནས་ལུགས་མངོན་དུ་བྱས། །
མཁྱེན་བརྩེ་ནུས་མཐུའི་དཔལ་ཡོན་ཉིན་བྱེད་དབང་། །
འགྲོ་ཁམས་མོས་ངོར་འོད་སྣང་རྟག་འགྱེད་པ། །
རྣམ་འདྲེན་ཤྰཀྱ་སེངྒེས་བདག་སོགས་སྐྱོངས། །

རབ་འབྱམས་རྒྱལ་ཀུན་གསང་གསུམ་སྤྲུལ་བའི་དཔྱིད། །
འོ་མཚོར་སྐུ་འཁྲུངས་སྐུ་གསུམ་སྟོན་པ་མཆོག །
ཐབས་མཁས་མཛད་པས་སྲིད་གསུམ་འདྲེན་པའི་དཔལ། །
པདྨ་འབྱུང་གནས་དད་གསུམ་ཕྱག་གིས་བསྙེན། །

ལྔ་རིག་སྨྲ་བའི་དབང་ཕྱུག་ཆོས་ཀྱི་རྗེ། །
བརྟན་པའི་འཁོར་ལོ་མི་ཡི་ཤ་ཚུགས་ཅན། །
སྙིགས་དུས་རྒྱལ་བསྟན་གསལ་བའི་གཉེན་གཅིག་པུ། །
མཚུངས་མེད་ཡིད་བཞིན་ནོར་བུས་བདག་སྐྱོངས་ཤིག །

དམ་པའི་ཡོན་ཏན་མཐའ་དག་ཀུན་ནས་རྫོགས། །
ངོ་མཚར་ཕྲིན་ལས་བསྟན་འགྲོར་སྨན་མཛད་པ། །
མཁས་བཙུན་གྲུབ་པ་དཔལ༵་དགྱེས༵་རྡོ༵་རྗེ༵་ཡི། །
རྣམ་ཐར་སྐལ་བཟང་འཇུག་སྒོ་དེང་འདིར་སྤྲོ། །
 ཞེས་ བསྟོད་རྩོམ་གྱི་མེ་ཏོག་སྔོན་དུ་བསྟར་ནས་གང་གླེང་བར་བྱ་བ་ནི། དེ་ཡང་བསླབ་གསུམ་ཡོན་ཏན་རྒྱ་མཚོའི་ཐུགས་རྒྱུད་ཕྱུག་ཅིང་འཆད་རྩོད་རྩོམ་པ་ སོགས་སྨྲ་བའི་དབང་ཕྱུག་དམ་པ་ཆེ་བའི་ཡོན་ཏན་འབུམ་གྱིས་མངོན་པར་མཐོ་བའི་མཁན་ ཆེན་དཔལ་དགྱེས་པ་རྡོ་རྗེ་མཆོག་གི་རྣམ་ཐར་བསྡུས་པ་ཙམ་རང་གི་མཐོང་ཐོས་སུ་ གྱུར་པ་འགའ་ཞིག་འབྲི་བར་བྱའོ། ། དེ་ཡང་མཁན་རིན་པོ་ཆེ་ཁོང་ནི་བསིལ་ལྗོངས་ཁ་བ་དཀར་པོའི་མུ་ཁྱུད་ཀྱིས་ཡོངས་སུ་ བསྐོར་བའི་གནས་མཆོག།འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་ཁམས།དྭངས་ གཙང་ཡིད་འོང་གི་བཀོད་པ་ཕུན་སུམ་ཚོགས་པའི་ཡོན་ཏན་མ་ཚང་བ་མེད་པའི་གནས་སུ་བོད་ རུས་ཆེན་ལྔའམ་མི་བུ་གདུང་དྲུག་གི་ཡ་གྱལ། དབྲ་སེང་ཁྱུང་ལྷོ་ནས་ཆགས་པ་སྟེ་དགེ་བཅུ་འཛོམས་པའི་སྡེ་ཆེན་སྟེ། སྡེ་དགེ་རྫོང་ཁག་ཉེར་ལྔ། དབྲ་རལ་བ་ཅན་དེ་མཐོང་ན་ལེགས་གསུངས་པའི་ནང་གསེས་སྐུའི་ཡབ་དབྲ་ཆེན་སྔགས་འཆང་ ཞི་ཁྲོ་རབ་ འབྱམས་དང་། སྐྱེས་ཡུམ་ནི་རྫོགས་པ་ཆེན་པོའི་རྣལ་འབྱོར་མ་གླིང་བཟའ་ཨོ་རྒྱན་སྒྲོལ་མ་གཉིས་ ཡིན་ནོ། ཁྱད་པར་དུ་སྐུ་ཉིད་མ་ཡི་མངལ་ན་བཞུགས་སྐབས་སུའང་སྔོན་གྱི་གཏམ་རྒྱུད་ལྟར་མ་ ཡུམ་ལ་ན་ཟུག་གཏན་ནས་མེད་པར་སྐུ་ཁམས་བདེ་བས་ཁྱབ་པ་དང་ཉམས་རྟོགས་འཕེལ་ཞིང་ སྔོན་མ་མཁྱེན་པའི་ཤྭ་ལོ་ཀ་དུ་མ་བློ་ནས་འདོན་པ་དང་རྒྱུན་དུ་བྱ་རྒོད་ཐང་དཀར་ཞིག་དང་བྱ་རོག་སྔོན་མཐོང་ མ་མྱོང་བ་གཉིས་ཀྱིས་བསྲུང་བ་ལྟར་མཛད་པས་དེར་ཡོད་ཀུན་ཡ་མཚན་ཅན་དུ་གྱུར་ཀྱང་། དེ་དུས་དུས་འཁྲུག་གི་སྐབས་ཡིན་པས་ཐུན་མོང་གི་གསང་གཏམ་དུ་ཆགས། བཙའ་བའི་དུས་སུའང་མ་ཡུམ་ལ་སྙུན་གཞིའི་མི་བདེ་བ་སྣ་གཅིག་མེད་པར་སྐྱེ་བོ་ཐ་ མལ་པ་དག་སྲིད་པ་ལས་ཀྱི་རླུང་གིས་མགོ་འཇུག་བཟློག་སྟེ་སྐྱེ་བ་ཡིན་ན་ཡང་མཆོག་ ཉིད་ནི་དབུ་ཕྱོགས་གྱེན་དུ་བསྟན་ནས་སྤྱན་ཁྲ་སྒོ་རེ་ཞལ་འཛུམ་པ་དང་བཅས་སྤྱི་ ལོ་༡༩༧༠ལོ་ཟླ༥ཚེས་༡ཉིན་ནམ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་ལོའི་དུས་ཆེན་ སུམ་འཛོམས་ས་ག་ཟླ་བའི་ཡར་ངོའི་ཚེས་པ་བཅུ་གསུམ་ལ་སྐུ་འཁྲུངས་སོ། ། བཙས་ མ་ཐག་ཏུ་བརྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེས་སྐུ་ལ་ཁྲུས་གསོལ་ དང་ལྗགས་ལ་དྷྰིཿཡིག་བཀོད་པ་དང་ཐུགས་ཀྱི་བློ་གྲོས་འཕེལ་བའི་ཐབས་ཀྱི་རིལ་བུ་ གནང་ནས་རྟེན་འབྲེལ་ལེགས་འགྲིགས་ ཀྱིས་དཔལ་དགྱེས་པ་རྡོ་རྗེ་གསང་བ་འདུས་པ་ཞེས་སོགས་རྒྱུད་ཚིག་བཞིན་མཚན་གྱི་ ཅོད་པན་གསོལ་བ་དང་། ཉིད་ཀྱི་ངོས་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཚོན་བྱེད་ཡི་གེ་ཨ་ཡིག་དང་། སྟོང་ཉིད་ཡིན་ཡང་དོན་དམ་སྣང་བ་མཚོན་བྱེད་ཡི་གེ་པ་ཡིག་གཉིས་ཞལ་ནས་རྒྱན་དུ་ འདོན་པར་མཛད་པ་སོགས་ངོ་མཚར་བའི་ཁྱད་ཆོས་མང་དུ་མཆིས་སོ། །སྐུ་ལུས་མདུན་གྱི་མཆན་གཡོན་དུ་ཟླ་བ་ཧྰུྃ་གིས་ མཚན་པ་དང་།སྐུའི་རྒྱབ་ཕྱོགས་སུ་ཉི་མའི་གདན་ལ་ཕཊ་ཀྱིས་མཚན་པ་དང་།ལྗགས་ལ་པདྨ་ དམར་པོའི་ཚོམ་བུའི་དཀྱིལ་དུ་ཨ་ཡིག་དཀར་པོ་རང་བྱུང་སོགས་གང་ཟག་ཕལ་བ་དག་དང་ མི་འདྲ་བའི་ཁྱད་པར་དུ་མ་གསལ་པོར་ལྡན་པ་སྐུ་ན་གཞོན་པའི་དུས་ཤིན་ཏུ་གསལ་དེང་ སང་ཡང་སྐལ་ལྡན་རྣམས་ཀྱི་མཇལ་དུ་ཡོད།ཕྱིས་སུ་དེ་དག་གི་དོན་རྣམས་དང་མ་འོངས་པ་ ཅི་འདྲ་འབྱུང་འགྱུར་གྱི་ལུང་བསྟན་གསུངས་རོགས་ ཞེས་ཞང་པོ་སྒྲོན་འདྲིས་ཀྱིས་རིག་འཛིན་གསང་སྔགས་གླིང་པ་ལ་ཞུས་པས། རྒྱལ་དབང་ཨོ་རྒྱན་ཆེན་པོ་དང་ཞལ་མི་གཉིས་པ་སེ་ར་ཡང་སྤྲུལ་རིག་འཛིན་བསྟན་པའི་ སྒྲོན་མེའམ་རིག་ འཛིན་གསང་སྔགས་གླིང་པ་མཆོག་གིས་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་གྱིས་དུས་ གསུམ་སྒྲིབ་མེད་དུ་གཟིགས་ཏེ་ལུང་བསྟན་མཁའ་འགྲོའི་བརྡ་ཡིག་དེ་ཉིད་དོན་གྱི་ རྣམ་ཐར་དུ་གྲུབ་པས་དེ་དང་མཐུན་པར་ཁོག་དབུབ་ན་སྒྲོ་བཀུར་དང་བྲལ་བ་ཞིག་འོང་ བས་འདིར་དགོད་པར་བྱ་བ་ནི་འདི་ལྟར།
བརྡ་སྣང་རྡོ་རྗེའི་ཐོལ་གླུ་ལས།
རིག་འདུས་པདྨ་ཀ་རའི་ཐུགས་སྲས་ཉིད། །
སྒྱུ་འཕྲུལ་སྒྱུ་མའི་རོལ་གར་ཆུ་ཟླ་བཞིན། །
བདུད་འདུལ་རོལ་བའི་མཛད་པ་གླིང་དཀར་ཡུལ། །
བྱང་འབྲོག་སྟག་གི་གོང་བར་འགྲོ་དོན་སྐྱོང། ། ཞེས་སོགས་གུ་རུའི་ཐུགས་སྲས་ཡིན་ཚུལ་དང་གནས་གང་དུ་འགྲོ་དོན་སྐྱོང་ཡུལ་སོགས་ཤིན་ཏུ་གསལ་བར་གསུང་པ་བཞིན་སོ་སོའི་ཐད་དུ་ལུང་དྲངས་ཏེ་བཤད་པར་བྱའོ། །
མཁན་ཆེན་འདི་ཉིད་ཆུང་དུས་ནས་དད་པ་དང་བྱམས་བརྩེ་དྲང་བདེན་ལྷན་སྐྱེས་སུ་མངའ་བས་དེར་ ཡོད་ཉེ་འབྲེལ་གྲོང་སྡེ་ཀུན་གྱིས་གཅེས་མིང་དུ་དཔལ་ལོ་དང་དཔལ་དགའ་དཔལ་གཅེས་ སུ་གསོལ། དགུང་གྲངས་ལྔ་ནས་བོད་ཡིག་སློབ་སྦྱོང་དང་། བཀའ་ཐང་དང་ཐོས་གྲོལ་སོགས་ཆོ་ག་ཆོས་སྤྱོད་གང་འཚམས་ དག་ལ་ཐུགས་འཛིན་ལེགས་པར་གནང་ངོ་། །དགུང་གྲངས་བཅུ་གསུམ་པར་ངེས་འབྱུང་རྣལ་མའི་ཐུགས་རྒྱུད་བསྐུལ་ནས་དགེ་མང་མཁན་ པོ་ཕྲིན་ལས་དབང་རྒྱལ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཐུབ་བསྟན་དགེ་ལེགས་ཡར་འཕེལ་ ཆོས་ཀྱི་རྒྱལ་མཚན་དུ་གསོལ་ བ་དང་། འདིའི་སྐབས་དགོན་པ་་རེ་ཟུང་གི་སྤྲུལ་སྐུ་རུ་ངོས་བཟུང་ཡང་མཆོག་གིས་མཚན་རྟགས་ ཆོས་ཀྱི་བར་ཆད་དུ་དགོངས་པ་དང་མ་ཡུམ་གྱིས་ཀྱང་དང་ལེན་མ་བྱས་པར་དགེའུ་དགོན་ དུ་བརྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེའི་སྐུ་མདུན་ནས་སྤྱོད་ འཇུག་དང་སྡོམ་གསུམ་སུམ་རྟགས་སོགས་སློབ་སྦྱོང་གནང་བ་དང་། ཁྱད་པར་སྔོན་འགྲོ་བསགས་སྦྱང་དང་ཁྲིད་ཡིག་ཡེ་ཤེས་བླ་མ་དང་། བར་དོ་དྲུག་ཁྲིད་དང་། རིག་པ་གཅེར་མཐོང་རང་གྲོལ་གྱི་ཐོག་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ ངོ་འཕྲོད། དེ་ནས་བཟུང་དཔེ་ཀློག་སོགས་གང་གི་སྐབས་སུ་སྔར་དང་མི་འདྲ་བར་དཔེ་ཆ་ཀུན་ལ་གོ་ མྱོང་རྟོགས་པ་རྒྱ་ཆེན་བྱུང་བར་གསུངས་སོ། །དགུང་གྲངས་བཅུ་དྲུག་ཐོག་ཞེ་ཆེན་བསྟན་གླིང་དར་རྒྱས་གླིང་དུ་ཕེབས་ནས་ཆོ་ག་ཆོས་སྤྱོད་ཀྱི་ཕྱག་ལེན་ཆ་ཚང་བ་ཨུ་རྒྱན་སྨིན་གྲོལ་གླིང་གི་རིང་ལུགས་ལ་བྱང་ཆུབ་པར་ སྦྱང་ནས་སྐྱེན་པོ་དགོན་གྱི་དབུ་མཛོད་གནང་། རབ་བྱུང་བཅུ་བདུན་པའི་མེ་མོ་ཡོས་ལོར་གསེར་རྟ་མཁན་ཆེན་༧ཆོས་རྗེ་དམ་པ་ཡིད་ བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་སྐུ་འཁོར་དང་ བཅས་པ་རྒྱ་ནག་རི་བོ་རྩེ་ལྔ་རུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་ཐོས་པས་ཕེབས་ འདོད་བཟོད་མི་ཐུབ་པ་སྐྱེས་ནས་མཆོག་ཉིད་རྒྱ་ནག་ཏུ་བྱོན་ན་ཅི་འདྲ་ཞེས་ཡོངས་ འཛིན་བརྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་ལ་ཞུས་པས་མཁན་ཆེན་དགྱེས་བཞིན་དུ་ ལམ་རྒྱག་དང་ཕྱག་ཡིག་བསྐུར་བ་བཞིན་༧ཆོས་རྗེ་ཉིད་ནས་ཐུགས་བརྩེ་བ་ཆེན་པོས། ཡ་ཡ་ང་དང་འཇིགས་རྣམ་ཧ་ཅང་ནང་གྲོགས་ཡག་པོ་ཡིན་གསུངས་ནས་ཐུགས་མཐུན་དང་བརྩེ་ གདུང་ཡོད་ཚུལ་གྱི་བཀའ་མོལ་དང་དམ་པ་ཆོས་ཀྱི་སློབ་གསོ་སོགས་བདག་རྐྱེན་ལེགས་ པར་གནང་སྟེ་གྲུབ་ཆེན་སྤྲུལ་སྐུ་ཀློང་ཡངས་དང་སྤྲུལ་ཨུ་པོ་སོགས་ལ་བཀའ་བགོས་ ཏེ་ལམ་རྒྱག་དང་གནས་ཚང་མལ་ཆ་སོགས་གང་འཐད་ནས་ཕུན་སུམ་ཚོགས་པའི་རོགས་དན་ཆ་ཚང་ བ་དག་གནང་ངོ་། ། དེ་ཡང་གཏེར་ལུང་ལས། ཤར་གྱི་ཕྱོགས་ནས་འབྲས་དཀར་མྱུ་གུ་འཁྲུངས། །ཞེས་གསུངས་པ་བཞིན། ཤར་རྒྱ་ནག་གི་གནས་ཆེན་ཁག་ལ་གནས་གནས་བསྐོར་དང་ཁྱད་པར་རྒྱ་ནག་རི་བོ་རྩེ་ལྔ་ནས་༧ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་ལས་ཀློང་ཆེན་མཛོད་བདུན་སོགས་ཐེག་ཆེན་ཆོས་ཀྱི་ བགོ་སྐལ་མང་དུ་ཐོབ་ཅིང་ཁྱད་པར་འཇམ་དཔལ་སྨྲ་སེང་ང་འདྲ་མའི་སྐུ་འདུན་ནས་སྨོན་ ལམ་གསུངས་བཞིན་པའི་སྐབས་ འཇམ་དཔལ་སྨྲ་སེང་གི་འདྲ་སྐུ་ལས་འོད་ཟེར་འཕྲོ་བ་དེར་ཡོད་ཀུན་གྱི་མངོན་སུམ་ མིག་གི་དགའ་སྟོན་དུ་གྱུར་ཏོ།།ལྷག་པར་མཁན་ཆེན་དཔལ་དགྱེས་ཉིད་ལའང་འཇམ་དཔལ་ བཅོས་མིན་གྱི་དད་པ་སྐྱེས་ནས་༧་ཆོས་རྗེ་དམ་པའི་སྐུ་མདུན་ནས་ཨ་ར་པ་ཙ་ན་དྷྰི་ དུང་ཕྱུར་འདོན་ངེས་སུ་ཁས་ལེན་བྱས་ནས་གསོལ་ འདེབས་ཕུར་ཚུགས་སུ་བཏབ་ནས་ལོ་ལྔའི་ནང་དུ་ལེགས་གྲུབ་བྱུང་ཞིང་རྟགས་མཚན་རྣམས་ མངོན་དུ་གྱུར་ཏོ། །དེ་ནས་ཕེབས་ལམ་དུ་༧པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་ལས་ དུས་འཁོར་རྗེས་གནང་དང་ཤམ་བྷ་ལའི་སྨོན་ལམ་ལམ་གཙོ་རྣམ་གསུམ་སོགས་ཀྱི་ཆོས་ཚུལ་ མང་དུ་ཐོབ་པའི་སྐལ་བཟང་དུ་གྱུར།།དེ་རྗེས་བརྩེ་བའི་མཁན་ཆེན་འཇིགས་མེད་རྣམ་ རྒྱལ་རིན་པོ་ཆེ་ཞིང་དུ་གཤེགས་པ་སོགས་དཀའ་ངལ་དུ་མ་བྱུང་ཡང་དཀའ་བ་ཁྱད་དུ་བསད་དེ་ཟླ་རྒྱུད་དགེ་མང་དགོན་དུ་ཕེབས་ནས་མཁན་ ཆེན་དབང་དྷིས་དང་དབང་ལོ་པདྨ་དབང་རྒྱལ་སོགས་ལས་གསང་སྙིང་སྐོར་དང་ཡོན་ཏན་ མཛོད་རྒྱུད་བླ་མ་དང་སྤྱོད་འཇུག་སྡོམ་གསུམ་སོགས་ལ་སྦྱང་།སེར་ཤུལ་དགོན་ཆེན་ སོགས་ཆོས་གྲྭ་དུ་མ་ལས་ཐོས་བསམ་ལྷོད་མེད་མཛད་ཅིང་ཁྱད་པར་ཡུལ་ཟླ་རྒྱུད་ཀྱི་མ་ཧྰ་ཎྜིཏ་མཁན་ཆེན་༧སྐྱབས་རྗེ་པདྨ་ཚེ་དབང་ ལྷུན་གྲུབ་མཆོག་ལ་མཉེས་པ་གསུམ་གྱིས་བླ་མར་བསྟེན་ཏེ། དབུ་མ། འདུལ་བ། ཕར་ཕྱིན། ཚད་མ། མངོན་པ།འཇིགས་གླིང་གསུང་འབུམ།ཀློང་ཆེན་བཀའ་འབུམ།མི་ཕམ་བཀའ་འབུམ་མང་ཆེ་བ་དང་ གཏེར་མཛོད་བླ་དབང་སོགས་ལོ་བཞིའི་རིང་ལ་མདོ་སྔགས་རིག་གཞུང་ཀུན་ལ་མ་གཟིགས་པ་ མེད་པར་ལྟ་བུར་མཛད་ནས་གུས་རྟག་བརྩོན་པར་རྒྱུན་བསྐྱངས་ཏེ་མཁན་ཆེན་མཆོག་གི་ ཐུགས་སྲས་ཀྱི་བུ་ཆེན་དུ་གྱུར། དེ་ནས་མ་ཧྰ་ཎྜིཏ་ ཉིད་སློབ་གླིང་གཞན་དུ་ཆིབས་བསྒྱུར་གནང་སྐབས་བླ་སློབ་གཉིས་འབྲལ་མི་ཕོད་པའི་ ངང་ནས་མཁན་ཆེན་མཆོག་གིས་ལུང་བསྟན་པ་ལྟར་གསེར་རྟ་མཁན་ཆེན་ཀུན་སྤང་བྱ་བྲལ་ ཆེན་པོ་སྐྱབས་ རྗེ་༧པདྨ་ཆོས་དབྱིངས་ཁྱབ་བརྡལ་རིན་ཕོ་ཆེ་མཆོག་གི་སྐུ་དྲུང་དུ་ཕྱིན་ནས་རྗེ་ བཙུན་མི་ལ་དངོས་ཀྱི་དད་པ་བཅོས་མིན་སྐྱེས་ཞིང་བླ་མ་བཀུར་གསང་སྙིང་མུན་སེལ་ སྐོར་གསུམ།གསང་ཞལ་ལུང་དང་།གསང་བདག་དགོངས་རྒྱན།རོང་ཟོམ་བཀའ་འབུམ།བོད་སྤྲུལ་བཀའ་འབུམ་སོགས་ལ་སྦྱང་བརྩོན་ལྷོད་མེད་ དུ་གནང་བའི་སྐབས་འདིར་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་བས་དམ་པ་གོང་མའི་ རྣམ་ཐར་གྱི་རྗེས་སུ་ཚུལ་བཞིན་དུ་བསྒྲུབས་པས་བྱ་བྲལ་རིན་པོ་ཆེའི་ཐུགས་ཟིན་པ་ ཞིག་བྱས་པར་ཡང་བདག་གི་མཐོང་ཐོས་སུ་གྱུར་པ་འདི་ལྟར་། བུད་ཤིང་ཁུར་གཅིག་གིས་ཀྱང་ཟླ་བ་དགུ་ལ་གོ་ཆོད་པར་བྱས་པ་དང་ རྩམ་པ་དང་ཨ་ལོའི་འཚོ་བ་ཙམ་ལ་བརྟེན་ནས་ཤིང་སྒམ་ཞིག་ཏུ་བཞུགས་ཤིང་ཉིན་མཚན་བར་ མེད་དུ་ཐོས་བསམ་སྒོམ་པ་ཁོ་ན་ལ་འབད་པ་དང་འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་འབའ་ ཞིག་ལས་ཆེ་ཆེ་དང་རྫིག་རྫིག་སོགས་མེད་པས་རྒྱལ་སྲས་ཞི་བ་ལྷ་ལྟར་ཐོས་དོན་ཉམས་ སུ་བཞེས་པ་ཞིག་ཀུན་གྱིས་མཐུན་སྣང་དུ་བྱུང་ཞིང་བསླབ་ལྡན་འདོད་ཆུང་མཆོག་ཤེས་ འཕགས་པའི་རིགས་སུ་གནས་སོ། ། དེ་རྗེས་གསེར་རྟ་བླ་རུང་ལྔ་རིག་ཆོས་གྲྭ་ཆེན་མོ་རུ་བྱོན་ནས་༧ཆོས་རྗེ་ཡིད་ བཞིན་ནོར་བུ་ལས་རྒྱབ་ཆོས་པད་དཀར། མདོ་སྡེ་ལས་བརྒྱ་པ། སྤྱོད་འཇུག་འགྲེལ་ཆེན། གསང་སྙིང་དབང་ལུང་ཁྲིད་དང་། ཆོས་རྗེ་ཉིད་ཀྱི་གསུང་འབུམ་ཆ་ཚང་དང་། སྙིང་ཐིག་གི་དམར་ཁྲིད་མན་ངག་བཅས་གསན་ཞིང་། གཞན་ཡང་གངས་ལྗོངས་མཁས་པའི་དབང་པོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་རྨེ་སྤྲུལ་ བསྟན་འཛིན་རྒྱ་མཚོ་གཉིས་ཀྱི་འཛིན་གྲྭ་རྩ་བ་བྱས་ཤིང་བརྟན་མཁས་གཉིས་ལྡན་གྱི་ མཁན་སྤྲུལ་གང་མང་ལས་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་མཐར་ཕྱིན་པ་གནང་ནས་ འཆད་རྩོད་རྩོམ་པའི་རྒྱུགས་སྤྲོད་ལེགས་པར་བྱས་སོ། །གཞན་ཡང་ཁོང་གི་གསུང་ཆོས་སྐོར་ལ། རྩིས་ཀྱི་དཔྱད་རྩོམ། མདོ་སྔགས་འཆད་ཐབས། གྲུབ་མཐའི་སྤྱི་ཆིངས། སྔོན་འགྲོའི་སྤྱོད་བསྡུས། དགོངས་གཅིག་ཟུར་དཔྱད་དང་འབེལ་གཏམ་སྙམ་རྩོམ་སོགས་རྗོད་བྱེད་ཚིག་གི་སྡེབ་ལེགས་ཤིང་བརྗོད་བྱ་དོན་གྱི་གཏིང་ཟབ་པའི་ལྗགས་རྩོམ་ཡང་མང་དུ་མཆིས་སོ། 
རྨད་བྱུང་ལེགས་བཤད་འོ་མའི་རྒྱ་མཚོའི་དཔལ༵། །
དགྱེས༵་པའི་རྦ་རླབས་མགྲིན་པའི་གཡང་དུ་འཁྱིལ། །
འཆད་རྩོད་རྩོམ་པའི་སྦྲང་ཆར་འཇོ་བའི་གཉེན། །
འཇམ་དཔལ་དགྱེས་པ་རྡོ༵་རྗེ༵་ཁྱེད་མིན་སུ། །
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།  ། དེ་ནས་དགུང་གྲངས་ཉེར་དགུའི་སྐབས་སུ་གཞན་དོན་ཕྲིན་ལས་འཇུག་པ་དུས་ལ་བབས་པ་ནི། ཇི་སྐད་དུ། རིག་འཛིན་གསང་སྔགས་གླིང་པའི་གཏེར་ལུང་ལས། བྱང་འབྲོག་སྟག་གི་གོང་བར་འགྲོ་དོན་སྐྱོང་། ། ཞེས་གསུང་པ་ལྟར་ཤར་ཕྱོགས་ཀྱི་གནས་ཡུལ་རྨ་རྫ་འབྲི་གསུམ་གྱི་ཆུ་བོ་ཆེན་པོ་ གསུམ་གྱི་ཆུ་འགོ་ཐུག་ས། ཡུལ་སྐྱོང་ཨ་མྱེ་རྨ་རྒྱལ་སྤོམ་རའི་སྐུ་སྲས་རྣམ་གསུམ་གྱིས་བདག་ཏུ་བཟུང་བའི་ རི་རྒྱལ་གངས་དཀར་གྱི་གཏམས་པའི་རི་རྒྱུད། །ཤེས་སྙིང་དང་དགེས་སྙིང་གི་མདུན་ཐང་སྟག་གཞུང་དགའ་བ་གཡང་འཁྱིལ་དུ་ཤར་ གླིང་དཀར་ཚ་ཞང་མདན་མའི་གདུང་བརྒྱུད་དགེ་རྩེ་སྐྱེན་པོ་དགོན་སྡེ་ཀུན་གྱིས་ སྤྱན་འདྲེན་ཞུས་ཏེ་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དུ་དམ་ཆོས་བཤད་སྒྲུབ་ ཀྱི་བསྟན་པའི་རྒྱལ་མཚན་བཙུགས་ཏེ་སློབ་འབངས་བརྒྱ་ཕྲག་ལྷག་ལ་བགྲང་བྱ་གསུམ་ གྱི་རིང་མདོ་སྔགས་རིག་གཞུང་དང་བཅས་པའི་འཆད་སྤེལ་རྒྱ་ཆེར་གནང་། འདིའི་སྐབས་ཁྲི་འདུ་རྫོང་དགོན་སྡེ་སུམ་ཅུ་ལྷག་གི་ཆོས་ལུགས་ཞིབ་འཇུག་ཚོགས་ པའི་
མཁས་དབང་འགྲན་བསྡུར་དང་རིག་གཞུང་དར་སྤེལ་ཕྱོགས་ལ་བརྟག་དཔྱད་གནང་སྐབས་རྫོང་ཆོས་ལུགས་ལས་ཁུངས་ཀྱི་ཚོགས་གཙོ་སྐྱབས་རྗེ་མཁས་དབང་པདྨ་ཀུན་དགའ་ནས་གྲུབ་མཐའ་རིས་མེད་ལ་མཁས་པའི་ཡོན་ཏན་ཁྲི་འདུ་རྫོང་མི་དགོས་རང་སྐྱོང་ཁུལ་ལ་ཡང་འདི་ལས་ལྷག་པར་མི་འདུག་ཅེས་མཁས་དབང་ཨང་དང་པོ་རུ་ངོས་འཛིན་གནང་སྟེ་བསྔགས་བརྗོད་ཡང་ཡང་མཛད་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། །མཁན་ཆེན་ཉིད་བཞུགས་གནས་ལ་ངེས་པ་མེད་པར་བཤད་སྒྲུབ་ཁོ་ནའི་ཆེད་དུ་སྐྱེན་པོ་དགོན་དང་། དགེའུ་དགོན་སོགས་ས་དགེ་བཀའ་རྙིང་གི་གྲུབ་མཐའ་ཁག་གི་དགོན་སྡེ་
སོགས་སུ་བྱོན་ནས་དམ་པའི་ཆོས་ཀྱི་ཁྲིད་ལུང་གི་རྒྱུན་སྤེལ་གནང་ནས་བསྟན་འགྲོར་ཕན་བདེའི་མཛད་བཟང་ཁོ་ན་མཛད་དོ།  །གཞན་ཡང་འཕྲོས་དོན་དུ་འབྱུང་བཞི་ལ་རང་དབང་ཐོབ་ཚུལ་མདོ་ཙམ་ཞིག་བརྗོད་ན་སྐྱེ་བོ་ཕལ་ཆེ་བ་དག་དད་གུས་བླ་ལྷག་འཕེལ་ངེས་པ་ཡིན་པས་ཅུང་ཟད་སྤྲོ་ན་མཆོག་ཉིད་ཀྱིས་ཀུན་ མཁྱེན་མི་ཕམ་རྒྱ་མཚོའི་གསུང་རྣམས་གཞིར་བཞག་སྟེ་ནད་ཡམ་གཅོད་པ་དང་། གཡང་འགུགས། བུམ་གཏེར་བཞག་པ་དང་། ས་གཏེར་སྦས་པ། ཆར་འབེབས་དང་།གངས་ཐན་བཀག་པ་སོགས་མཛད་དོ། །
ཁྱད་པར་སྤྱི་ལོ་༡༩༩༩་ལོར་ཡུལ་དེ་དག་ཏུ་བཙའ་སད་བྱུང་ནས་འོ་མཚོ་དང་ཕུན་སུམ་རྫ་དམར་དང་།
བྲག་ དཀར་སོགས་ཀྱི་འབྲོག་སྡེ་རྣམས་ཀྱི་ཆར་འབེབས་ཞུས་པ་དང་ཉིད་ཀྱི་ཞལ་ནས་བདག་གིས་ ཀུན་མཁྱེན་བླ་མའི་གསུང་ལ་བརྟེན་ནས་ཞི་རྒྱས་དབང་དྲག་ལས་གང་བྱས་གྲུབ་ངེས་ཡིན་ གསུངས་ཏེ་དགོས་མཁོའི་ རྫས་རྣམས་སྟ་གོན་ཆ་ཚང་བསྒྲིགས་ཏེ་མཚོ་གཉིས་ཚེ་རིང་གདོང་ནས་བསང་མཆོད་ནམ་མཁའ་ ལངས་འདྲ་ཞིག་བཏང་བ་དང་ཀླུ་མཆོད་ཀྱི་བུམ་གཏེར་གཡུ་མཚོ་ཨ་མོའི་ཁུག་ཁྲ་རུ་བཞག་ ནས་ར་འོ་ཤེལ་ དམ་གང་དེ་མཆོད་པས་གཡུ་མཚོ་ཕྱུག་མོ་དེ་འོ་མའི་མདངས་སུ་གྱུར།།ནམ་མཁའ་གཡའ་དག་ ཀྱང་གློ་བུར་དུ་ལྷོ་སྤྲིན་ཕྱུག་མོས་ཕྱོགས་མཚམས་གཏམས་ཏེ་སྦྲང་ཆར་འཇམ་པོ་སིལ་ སིལ་དུ་བབས་པས་དེར་ཡོད་སྐྱ་སེར་བརྒྱ་ཕྲག་དུ་མ་ཧ་ལས་པ་སོགས་སྣང་སེམས་ལ་མངའ་ དབང་བསྒྱུར་བའི་རྟགས་མཚན་དུ་མ་མཆིས་པ་དེར་ཡོད་ཀུན་གྱིས་གླེང་ངོ་། །དེ་ཡོད་འབྲོག་སྡེ་ཀུན་ལ་བྱམས་བརྩེ་ཆེན་པོས་ལོ་དེར་ཤེས་ཡོན་གྱི་དྭ་ཕྲུག་སློབ་གྲྭ་ཞིག་ཀྱང་གསར་དུ་དབུ་འཛུགས་གནང་། །དེ་ནས་སྤྱི་ལོ་༢༠༠༡ལོར་མཁས་བཙུན་གྲུབ་ པའི་དབང་ཕྱུག་དམ་པ་སྒ་སྒྲུབ་སྤྲུལ་༧སྐྱེ་སྔ་རིན་པོ་ཆེ་དང་འབྲི་གུང་༧ལམ་ མཁྱེན་རྒྱལ་པོ་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་བཞིན་བལ་ཡུལ་དཔལ་ལྡན་ཕག་གྲུའི་ ནང་བསྟན་སློབ་གཉེར་ཁང་གསར་དུ་བཞེངས་ ནས་ཆེད་གཉེར་དུ་ཕག་གྲུ་མཁན་ཆེན་བོད་ནས་གདན་དྲངས་ཏེ་མཁན་ཆེན་དུ་མངའ་གསོལ་ཡང་ མཛད་དོ། མཆོག་གིས་ཀྱང་མདོ་སྔགས་རིག་གཞུང་ཀུན་ལ་འཆད་སྤེལ་གནང་སྟེ་བལ་ཡུལ་ཕག་གྲུ་དགོན་དང་།ལ་དྭགས་དྷརྨྰ་ར་ཛའི་ཆོས་གླིང་།འཕགས་ཡུལ་བྱང་ཆུབ་གླིང་། འོག་མིན་མདོ་སྔགས་གླིང་།ཁྲ་ འགུ་དགོན།བེེ་རོ་དགོན།ཨ་ཕྱི་ཆོས་གླིང་སོགས་ཀྱི་བླ་གྲྭ་ཁག་ལ་བཤད་ཁྲིད་གང་མང་ གི་རྒྱུན་སྤེལ་ནས་མཁན་སྤྲུལ་གྲྭ་བཙུན་ཚད་ལྡན་ཀུན་གྱི་ཐུགས་ཀྱི་དཔྱིད་དཔལ་ དུ་གྱུར། དེ་ཡང་གཏེར་ལུང་ལས་། །
ལྷོ་ཡི་གླིང་ནས་པད་དཀར་འདབ་ཡངས་རྙེད། །
དབང་སྡུད་དགའ་བདེའི་སྤྲིན་ཆེན་ས་གསུམ་གཡོ། །
མི་ཚེའི་ཉི་མ་ཕན་བདེའི་དཔལ་དུ་འཆར། །
ཞེས་ པའི་ལུང་བསྟན་ཐོག་ཏུ་བབས་པ་ལྟར་རྒྱ་བལ་གནས་ཆེན་ཀུན་ལ་ཕྱག་སྐོར་མཆོད་འབུལ་ མཚམས་སྒྲུབ་སོགས་རྒྱ་ཆེར་གནང་བའི་ཐུགས་སྨོན་སྐྱབས་གསོལ་མཛད་པ་ནི་མཆོག་གི་ གསུང་རྩོམ་ཁག་ཏུ་གསལ་ལོ། ཁྱད་པར་༧གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་ གི་ཐུགས་ བརྩེ་བ་ཆེན་པོས་ཞལ་གདམས་རྒྱ་ཆེར་བསྩལ་བ་དང་རྒྱལ་བའི་བསྟན་པའི་ཡང་སྙིང་ བསྙེན་རྫོགས་ཀྱང་གནང་ནས་མཚན་ལ་བསྟན་འཛིན་དགེ་ལེགས་ཡར་འཕེལ་ཆོས་ཀྱི་རྒྱལ་ མཚན་དུ་གསོལ། །གཞན་ ཡང་འཕགས་ཡུལ་གྱི་མཚན་ལྡན་གྱི་བླ་མ་དམ་པ་སྐྱབས་རྗེ་༧གྲུབ་དབང་པདྨ་ནོར་བུ་ དང་། སྨིན་གླིང་ཁྲི་ཆེན་སོགས་ས་དགེ་བཀའ་རྙིང་གི་ཚད་ལྡན་གྱི་སྐྱེས་བུ་དུ་མ་ལས་ དབང་ལུང་མན་ངག་གི་བརྒྱུད་ པ་ངོམས་མེད་དུ་གསན་བསམ་བསྒོམ་སྒྲུབ་གནང་སྟེ་ད་ལྟ་འཚོ་བཞིན་པའོ། ། སྤྱིར་དམ་པ་འདི་ཉིད་ནི་ཕལ་བ་དག་དང་མི་འདྲ་བར་བྱམས་དང་སྙིང་རྗེས་དམན་པ་རྣམས་ ལ་ལྷག་པར་བརྩེ་བ་དང། །སྡོམ་པ་དང་དམ་ཚིག་གང་ལའང་བརྩི་བསྲུང་གཅེས་སྤྲས་མིག་འབྲས་དང་སྲོག་ལྟར་མཛད་པ་ནི་དཔེར་ན་ཕྱི་དྲོའི་ཁ་ཟས་ཙམ་ལ་ཡང་བག་ཟོན་བྱེད་པ་སོགས་དེང་དུས་ཀྱི་བླ་སྤྲུལ་གཞན་
དང་མི་འདྲ་ཞིང་མདོར་ན་ཆུང་ནས་བཟུང་རང་དོན་དུ་ཐོས་བསམ་སྒོམ་གསུམ་གཞན་དོན་དུ་འཆད་རྩོད་རྩོམ་པ་གཉིས་དོན་དུ་བསྙེན་སྒྲུབ་ལས་གསུམ་གྱི་ཕྲིན་ལས་དམ་པའི་ཆོས་བཞིན་དུ་མཛད་པའོ། །
སྨྲས་པ།
གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཕྱུག །
སྡོམ་གསུམ་ཚུལ་ཁྲིམས་གཙང་མའི་དྲི་བཟང་འཐུལ། །
བསྟན་འགྲོར་སྨིན་པའི་རེ་ཁ་མ་ཉམས་པར། །
རྨད་བྱུང་ཆེ་བའི་ངོ་མཛད་བླ་ན་མཐོ། །

འདིར་འབད་ལེགས་བྱས་ཉ་གང་འོད་དཀར་ཅན། །
ཡུན་རིང་འགྲོགས་པའི་བདག་ལྟའི་ཚ་བའི་དབལ། །
ཞི་བྱེད་ལུང་རྟོགས་ཆོས་ཀྱི་བསིལ་ཟེར་རྒྱུན། །
རིས་མེད་སྐྱེ་འགྲོའི་དཔལ་དུ་ཐོབ་པར་ཤོག །

ཅེས་འཁོར་གདོང་དགོན་པའི་གསེར་རྟ་མཁན་པོ་ཆོས་ཀྱི་དབང་ཕྱུག་གིས་༢༠༠༣ ༨ ༢༧ ལ་བྲིས་པ་དགེའོ།། །།

                            ༄༅། །རྣམ་བཤད་ཀྱི་ངོ་སྤྲོད་ལྷག་བསམ་དཀར་པོའི་མེ་ལོང་། །
ཨ་རིག་ཤེས་རབ་བཟང་པོ། ། ཨ་རི།
དེ་ཡང་སྟོན་པ་བཀའ་དྲིན་ཅན་འགྲོ་བ་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་གཅིག་པུ་རྒྱལ་བ་ཤྰཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་ཁམས་འདིར་ཡོངས་སུ་དར་ཞིང་རིས་མེད་སྐྱེ་བོ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་བསྐལ་རྨད་དུ་བྱུང་བ་དང་། སེམས་ཅན་རྣམས་ཀྱི་ཁམས་དབང་དང་མཐུན་པའི་ཕན་བདེའི་ལེགས་ཚོགས་ཐམས་ཅད་ཀྱི་གཞི་མ་བླ་ན་མེད་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལུགས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ།   འོན་ཀྱང་རང་སེམས་ལ་སྦྱོར་བའི་ཉམས་ལེན་
དངོས་ བྱེད་མཁན་ནི་ཤིན་ཏུ་དཀོན་ཞིང་ལྷག་པར་དུས་རབས་འདིར་འཛམ་གླིང་ཧྲིལ་བོར་ཕྱི་ དངོས་པོའི་དཔལ་འབྱོར་མི་དམན་པ་ཙམ་གྱི་གོང་འཕེལ་ཡོད་ཀྱང་།  ནང་ཞི་བདེ་བག་ཕེབས་ཀྱི་བློ་ནི་ཉིན་རེ་བཞིན་ ཡལ་ཞིང་དོན་དངོས་ཀྱི་བདེ་སྐྱིད་ནི་ཉིན་མོའི་སྐར་མ་ལྟར་གྱུར་བའི་དུས་འདིར་ མེད་ཐབས་མེད་པའི་མི་ཚེའི་དགོས་དོན་སྙིང་པོ་ལ་བསམ་གཞིག་བྱས་ནས། ཕྱི་ཚུལ་ཙམ་མིན་པར་ནང་སེམས་ཀྱི་གནས་སྟངས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་རྒྱུ་ནི་ཕྱི་རྫིག་ལ་ནང་སྟོང་བའི་དུས་རབས་འདིར་ཧ་ཅང་གལ་ཆེ་བ་ཞིག་རེད།  དེས་ན་སྙིགས་དུས་འདིར་ཐུགས་རྗེ་གཞན་ལས་མྱུར་ཞིང་སྐྱབས་མཆོག་མཚུངས་པ་མེད་པ་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ལྷག་པའི་ལྷ་མཆོག་རྗེ་བཙུན་སྒྲོལ་མ་ཡི་དམ་དུ་བསྟེན་ནས་གསོལ་བ་བཏབ་ན་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་ཚུལ་སྔོན་བྱོན་གོང་མ་དག་གི་ལུང་ལས་ཡང་ཡང་བསྔགས་པ་ལྟར་ལ།དེས་ཕྱིར་མང་ཆེ་བས་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་འདི་དག་བློ་ལ་ཤར་ཤར་རྒྱུན་དུ་ཁ་དོན་བྱེད་ན་ཡང་དོན་གྱི་གནས་ལུགས་ལ་བློ་གྲོས་ཀྱི་འཇུག་པ་མི་དམན་ པ་ཆེས་ཉུང་ལ། དེས་ན་རིག་འཛིན་དཔལ་དགྱེས་པ་རྡོ་རྗེའི་ལྷག་ལྷ་རྗེ་བཙུན་སྒྲོལ་མ་ཉེར་གཅིག་ གི་འགྲེལ་བཤད་རྒྱས་པ་འདི་དགོས་གལ་ཆེ་བར་གཟིགས་ནས་གནད་དོན་གལ་ཆེན་རྣམས་ཁ་ གསལ་གོ་བདེའི་འབྲེལ་བྱེད་གནང་འདུག་པས་གཞུང་འདིར་གཟིགས་པ་ཙམ་གྱིས་དོན་བདེ་བླག་ཏུ་རྟོགས་པར་འགྱུར་ ཐུབ་པ་དེས་ན།ཆོས་ལ་དོན་གཉེར་ཅན་གྱི་སེར་སྐྱ་རྒན་གཞོན་ཚང་མས་འདི་ལ་ཡང་ཡང་ བློ་སྦྱོང་གོམ་འདྲིས་བྱེད་རྒྱུ་དགོས་གལ་ཤིན་ཏུ་ཆེ་བ་དང་། དེ་བཞིན་འདི་ཉིད་དཔར་སྐྲུན་འགྲེམ་སྤེལ་བྱས་ན་རྒྱ་ཆེ་མང་ཚོགས་ཡོངས་ལ་ཕན་རླབས་ཤིན་ཏུ་ཆེ་བས་སྙིང་ནས་ཡི་རངས་དང་འབྲེལ། །
ཨ་རིག་ཤེས་རབ་བཟང་པོ་ནས།
ཕྱི་ལོ་༢༠༠༩ ཟླ་བ་༣ ཚེས ༢༡ལ་ཕུལ། །

                                        ༄༅། །སྒྲིག་པ་པོ་རྣམ་ཞོལ་ཤེས་རབ་ཆོས་འབྱོར། །

ཤེས་རབ་ཆོས་འབྱོར། བླ་རུང་།

སྙིང་དབུས་ན་བཞད་པའི་བསྟོད་པ་མེ་ཏོག་གི་ཆུན་པོ། །
ལྔ་རིག་གི་གར་སྟེགས་ནས་ནམ་མཁའ་ལ་འཕུར། །
དངོས་ནས་རོལ་དབྱངས་འདིའི་དཀྲོལ་སྟངས་ཁོ་ནས། །
སྙན༵་འཇེབས༵་ཡིད༵་འཕྲོག༵་གླིང༵་བུའི༵་འགྱུར་ཁུག་གྱེར། །
གྲགས་ཅན་ཡར་ཀླུང་གཙང་པོའི་རླབས་དཀར་གྱི་ཟེགས་མ་རྒུམ་ཞིང་། །
ཕུགས་འདུན་སྤྲོ་སེམས་ཀྱི་མིག་ཞགས་གྲུང་པོ་རྒྱང་རིང་དུ་མཐོང་ཁ་ཕྱེས། །
རྗེས་ལུས་མུན་ཁུང་བརྟོལ་ནས་དུས་རབས་ཀྱི་ཕོ་ཉ་བསུ་བའི་རམ་འདེབས་སུ། །
ཤེས་རབ་ཆོས་འབྱོར་རམ་རྣམ་ཞོལ་ཁ་བའི་མེ་ཏོག་གི་སྨྱུག་རྩེར་འཕྱུར། །

ཤེས་རབ་ཆོས་འབྱོར་གྱིས་བྲིས། །
༄༅། །ཞལ་གདམས་ཐུགས་སྨོན་རྡོ་རྗེའི་ཐོལ་གླུ། །
 
གཟུངས་སྤོབས་རིག་པའི་རྡོ་རྗེས།

ཨེ་མ་ཧོ། །
རབ་འབྱམས་རྒྱལ་བའི་སྟོང་ཉིད་སྙིང་རྗེའི་ཐུགས༎
གཟུགས་སྐུའི་ངོ་བོར་འཕོས་པའི་བཀའ་དྲིན་ཅན༎
འཇིགས་བྲལ་ཆོས་ཀྱི་རྒྱལ་པོའི་ཡེ་ཤེས་སྐུས༎
མངོན་སུམ་རྗེས་བཟུང་གནས་ལུགས་སྟོན་པར་ཤོག །
ལུས་ཀྱི་གཡེན་པ་ལྟ་བུའི་དགྲ་བོ་འདི༎
བཏུལ་ཞིང་བཏུལ་ཞིང་མང་དུ་འགྱུར་བས་ན༎
མཛའ་དང་སྡང་ལ་རེ་དོག་མི་ཆེ་བར༎
ཚིག་གསུམ་གནད་ཀྱིས་སྙིང་ལ་བརྡེག་པར་ཤོག །
སྲིན་བུའི་དར་ཐག་འདྲ་བའི་རྒྱུ་རྫས་འདི༎
བསགས་ཤིང་བསགས་ཤིང་རང་ཉིད་འཆིངས་བས་ན༎
སྤེལ་དང་བསྲུང་བའི་འདུ་འཛི་མི་མང་བར༎
བཞག་ཐབས་བཞི་ཡིས་རང་མགོ་ནོན་པར་ཤོག །
ཚོང་འདུས་མགྲོན་པོ་ལྟ་བུའི་གཉེན་གྲོགས་འདི༎
འབྲེལ་ཞིང་འབྲེལ་ཞིང་འཁོན་པ་མང་བས་ན༎
འདུ་དང་འབྲལ་བའི་དགའ་སྡུག་མི་རྐྱེན་པར༎
གཟེར་བུ་བདུན་གྱིས་དབེན་སར་འདོགས་པར་ཤོག །
ལན་ཚྭའི་རྫིངས་བུ་འདྲ་བའི་འདོད་ཡོན་འདི༎
སྤྱད་ཀྱིན་སྤྱད་ཀྱིན་འདོད་གདུང་འཕེལ་བས་ན༎
ཐོབ་དང་ཤོར་བའི་ཟུག་རྔུ་རྒྱང་བསྲིངས་ནས༎
སྒོམ་ཉམས་དྲུག་གིས་སེམས་ཕུག་དྲོས་པར་ཤོག །
རང་གི་གྲིབ་མ་འདྲ་བའི་ལས་འབྲས་འདིར༎
བྲོས་དང་གབ་པས་བཟུར་ས་མེད་པས་ན༎
བཤག་དང་བཤག་བྱའི་གཉིས་འཛིན་མི་དམ་པར༎
ཚིག་ཆེན་བརྒྱད་ཀྱིས་དབུགས་དབྱུང་ཐོབ་པར་ཤོག །
སྲིད་པའི་རྡུལ་ཕྲན་འདྲ་བའི་ཤེས་བྱ་འདི༎
བསླབས་ཤིང་བསླབས་ཀྱང་ཤེས་དུས་མི་འདུག་པས༎
ཐོས་དང་བསམ་པའི་རྩོལ་སྒྲུབ་མི་མང་བར༎
སྒྲོན་མ་བཞི་ཡིས་རང་སྣང་གསལ་བར་ཤོག །
འདམ་ཁུང་ཆུ་མིག་ལྟ་བུའི་རིག་པ་འདི༎
དཀྲུག་ཅིང་དཀྲུག་ཅིང་རྙོགས་པར་འགྱུར་བས་ན༎
རྟོག་དང་དཔྱོད་པས་དགག་སྒྲུབ་མི་སློང་བར༎
ཡེ་ཤེས་བླ་མའི་རང་ཞལ་མཐོང་བར་ཤོག །
         ཅེས་པ་འདི་ཡང་མཁན་ཆེན་དཔལ་དགྱེས་པ་རྡོ་རྗེས་ཇོ་མོ་མཁར་ཆེན་མཚོ་རྒྱལ་གྱི་ ཞུས་ལན་གདམས་ངག་མར་གྱི་ཡང་ཞུན་ཞེས་པའི་གདམ་པ་ཟབ་མོ་ཞིག་བསྐུར་འབྱོར་བྱུང་ ཉིན་བྲིས་ཏེ་ལན་གྱི་ཚུལ་དུ་ཕུལ།། །།

0 comments:

ཟིན་བྲིས་འཚོལ་ཡུལ