དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 15 January 2012
༄༅། །དགེ་བཅུའི་ཆོས་ཁྲིམས་ལག་ལེན་གནང་བར་གལ་ཆེན་པོ་རེད། །
ཨེ་ཝྃ་ཆོས་སྨན་གླིང་གི་ཚོགས་གཙོ་དང་གྲོགས་པོ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་།
དེ་ལ་འདིར་སྤྱིའི་གནམ་ལོའི་ལོ་གསར་ཚེས་ནས་བཟུང་། ང་ཚོ་བྱ་བ་ཆེ་ཕྲ་གང་ཡིན་ཡང་སོ་སོར་འབད་ནས་རང་གཞན་དོན་དག་རྣམས་ལ་ལོ་དང་ཟླ་བ་ཞག་གི་དུས་ཚོད་དག་ཆུད་མི་ཟ་བར་དམ་པའི་ཆོས་དང་འཇིག་རྟེན་གྱི་ཕྱོགས་སུ་ནུས་པ་ཅི་ཡོད་ཀྱིས་སྒྲུབ་ དགོས་པ་བཞིན་དུ་དོན་མེད་མི་ཚེ་ལང་ཤོར་མི་བཏང་བར་དོན་དག་ཡོད་པའི་ལས་ཀ་སྒྲུབ་དགོས་པ་རེད། དེ་ལ་སྒེར་དོན་དང་སྤྱི་དོན་གཉིས་རེད། དོན་ལ་ཡང་འཇིག་རྟེན་ཚེ་འདིའི་དོན་དག་སྒྲུབ་པ་དང་། ཚེ་ཕྱི་མའི་དོན་གཉིས་རེད། འཇིག་རྟེན་པ་ཡིན་ན་ཡང་མི་གཤིས་གོམས་འདྲིས་དག་བདེན་པ་དྲང་པོ། ངོ་ལྐོག་དང་རང་ཚུགས་ཟིན་པ། ཡ་རབས་ཀྱི་བསམ་པ་བཟང་པོ་དང་སྤྱོད་པ་བཟང་པོ་བྱ་དགོས་པ་ནི། སྔོན་ཆོས་རྒྱལ་དམ་པ་གོང་མ་དག་གིས་ཕན་བདེའི་ཚུལ་ཁྲིམས་དང་མཐུན་པར་བྱ་རྒྱུ་དང་། དེ་ཡང་རྒྱུ་མཚན་དང་བཅས་པས་བཟང་ངན་ཤེས་ན་བླང་དོར་བྱེད་སླ་བས་ཤེས་རྒྱུ་དེ་ཤིན་ཏུ་གལ་ཆེའོ། ད་ལྟ་ང་ཚོ་བོད་ཡུལ་གྱི་ཞིང་འབྲོག་ཕལ་ཆེ་བའི་ནང་གི་མི་སྐྱ་ཕོ་མོ་རྒན་གཞོན་བྱིས་པ་རྣམས་ལ་དགེ་བའི་ཕྱོགས་ལ་ཆོས་འཆད་ཉན་གྱི་སྲོལ་རྒྱུན་ནུབ་ནས་མི་ལོ་དྲུག་ཅུ་ལྷག་འགོར་ཡོད། བླ་གྲྭ་དགོན་སྡེ་ཟེར་བ་ཚོས་ཀྱང་དཀར་ཏོག་དང་འབྲུ་རིགས་སློང་བའི་དཀོར་གཉེར་ཙམ་དང་། བླ་གྲྭ་མཁན་སྤྲུལ་ཟེར་དུས་དགོན་ནང་དུ་བསྡད་པ་འམ་དཀོར་བདག་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་ནས་རྒྱ་བླ་དང་བོད་བླ་ཟེར་ནས་མི་ཁ་དང་ཁ་སྨྲས་ངན་པ་མི་ཉུང་བ་ཞིག་ཁུར་བཞིན་པ་ལས་མི་སྐྱ་ཕོ་མོ་ལ་སློབ་གསོ་སྤྲོད་སློབ་སྦྱོང་གནང་ནས་སྐྱ་འདུ་སེར་འཚོགས་བྱས་ནས་དགེ་བཅུའི་ཁྲིམས་བཟང་བཅའ་བ་འདི་ནི་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཁོ་ནས་རྣམ་དཔྱོད་ཀྱིས་གསར་དུ ་གཙུགས་པ་ཞིག་རེད། རྒན་གཞོན་བྱིས་པ་སུ་ཡིན་ཡང་རང་ཆོས་གཙང་མ་དང་རང་གི་སྐད་རིགས་བེད་སྤྱོད་ཐུབ་ན་ཕ་མེས་བཟང་པོའི་བཞག་པའི་གཅེས་ནོར། གུ་རུ་རིན་པོ་ཆེས་ཞལ་ནས་ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད། ཅེས་གསུངས་པའི་དོན་དག་ཡང་དེ་རེད། ལོ་ངོ་སྟོང་ཕྲག་རིང་དར་བའི་ནང་ཆོས་དང་རིག་གཞུང་། ཕ་མེས་བཟང་པོས་བཞག་པའི་ཆོས་དང་རིག་གཞུང་ལ་བདག་རྒྱབ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད།
ད་ལྟ་ང་ཚོ་འཛམ་གླིང་གང་དང་ཡིན་ཡང་ངོ་ནངས་མི་དགོས་པ་བོད་ཅེས་ཞིག་ཡོད་པ་དེ་ཡབ་མེས་བཀའ་དྲིན་ཅན་ཚོས་བཞག་པའི་དམ་པའི་ཆོས་དང་རིག་གནས་འདི་དག་རེད། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ། ལས་དགེ་སྡིགཚེ་སྔ་ཕྱི་ཡོད་པར་ཤེས་ནས་གཟོད་མི་ལུས་སྙིང་པོ་ལོན་པའི་བླང་དོར་ཤེས་ནས་ཉམས་སུ་ བླངས་པ་ཡིན་པས་ན། ཐར་པ་ཐོབ་ཚུལ་དག་རྒྱུ་མཚན་གོ་བརྡ་སྤྲད་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་དག་དམ་པའི་ཆོས་ཕྱོགས་ཀྱི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས། གསང་སྔགས་ཀྱི་དག་སྣང་དང་། རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་རང་ངོ་ཤེས་ནས་ཡང་གསང་རྫོགས་པ་ཆེན་པོའི་གནས་ལུགས་རྟོགས་པ་ཚུལ་ཆོད་ཕྱི་ནང་གསང་བའི་གོ་བརྡ་སྤྲད་ནས་སྨིན་གྲོལ་དུ་སོང་བ་ཤར་ཏག་རེད། དེས་ན་ཕྱི་ཡི་ཡོངས་འཛིན་དམ་པ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན་ནས། ནང་གི་རང་རྒྱུད་ཀྱི་དྲན་ཤེས་བག་ཡོད་ཀྱིས་རང་ཆོས་རང་གིས་ཟིན་པ། རང་ཐག་རང་གིས་ཆོད་པ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་སྙིང་པོ་ལོན་པ་ཞིག་བྱེད་རྒྱུ་དེ་རེད། དེ་ལ་ཕོ་མོ་ལ་ཁྱད་པར་མེད། སྐྱ་སེར་ལ་དབྱེར་བསལ་མེད། སྡེ་དགོན་ལ་ཁྱད་པར་མེད། ཕྱི་རྒྱལ་ཞིག་ལ་ཁ་གདེང་རྒྱུ་མེད། ནང་རྒྱལ་ལ་ཞེན་ཆགས་རྒྱུ་མེད་པར་རང་རྒྱུད་དགེ་བཅུའི་ཕྱོགས་ལ་དང་མཐུན་པར་བྱ་རྒྱུ་དེ་རེད།
ཆོས་བཤད་ཀྱི་སྙིང་པོ་དེ་རེད། རང་རྒྱུད་ཀྱི་དགེ་བ་འཕེལ་ན་རང་སེམས་སྐྱིད་པ། ཁྱིམ་ཚང་བདེ། ཡུལ་མི་ཀུན་ལ་ཡང་ཕན་ཐོག་རྒྱ་ཆེར་འབྱུང་བ་དང་།རང་བསྡོད་སའི་རྒྱལ་ཁབ་ལ་ཡང་ཞི་བདེ་འབྱུང་བ་ཡིན། འཛམ་གླིང་འདི་དང་འགྲོ་བ་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་རྒྱ་ཆེན་དང་། དགེ་བ་བརླབས་ཆེན་ཞིག་འགྲུབ་པ་ཡིན་པས་ཀུན་གྱིས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ། རང་གཞན་གྱི་དོན་དག་ཆེ་ཕྲ་ཆུང་སོགས་ལ་སྙིང་པོ་ཡོད་པར་ཞིག་འབད་པར་འཚལ་ལོ། །
རང་གིས་གནམ་ཀླད་གཟུགས་མཐོང་རྒྱུད་ནས་སྐད་ཆ་བཤད་པ་ཡིག་ཐོག་ཏུ་ཤྲྰིས་བཀོད་པ་དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment