དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 15 April 2012
ཀེ་གླིང་གཡུལ་འགྱེད་ཚན་པ་དང་པོ།
གླིང་སེང་ཆེན་ནོར་བུ་དགྲ་འདུལ་དང་འཇང་གཡུ་ལྷའི་རྟོགས་བརྗོད་དཔའ་བོའི་གད་རྒྱང་ལསཿ ཨ་ཁྱུང་ཀེ་རུའི་རྒྱལ་ཁབ་ཆོས་ལ་བཀོད་ཚུལ་གྱི་རྣམ་ཐར་བསྡུས་པ་ངོ་མཚར་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོཿ
དཔལ་ཨོ་རྒྱན་ནམ་མཁའ་གླིང་བས་ཕབ།
ཨེ་མ་ཧོཿ དྲི་མེད་མདངས་ལྡན་ཨོ་རྒྱན་སིནྡྷུའི་མཚོརཿ རང་བྱུང་པདྨ་ལས་འཁྲུངས་སྤྲུལ་པའི་སྐུཿ བདུད་དང་དམ་སྲིའི་རུ་འཛིངས་གཞོམ་མཛད་པའིཿ ཨོ་རྒྱན་སྣང་སྲིད་ཟིལ་གནོན་གཙུག་ན་རྒྱལཿ སྙིགས་མའི་རྒྱལ་བསྟན་རིན་ཆེན་རྒྱས་མཛད་པའིཿ བསྟན་འཛིན་ཚོགས་དང་དགེ་འདུན་སྡེ་རྣམས་ལཿ སྣ་ཚོགས་བར་ཆད་རྩོམ་པའི་མི་བསྲུན་པཿ ཀེ་རུའི་བདུད་དཔུང་བཏུལ་བའི་རྣམ་ཐར་བྲིཿ ཞེས་སྐྱབས་གཅིག་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ལཿ དད་པ་དང་གུས་པས་གསོལ་བ་མང་དུ་བཏབ་པ་ནཿ མཚན་འཛིན་འཁྲུལ་བའི་རྟོག་ཚོགས་ཐམས་ཅད་དབྱིངས་སུ་དག་ནས་གཉུག་མ་ཡེ་ཤེས་ཆེན་པོའི་རང་མདངས་དམིགས་མེད་བློ་འདས་ཀྱི་ངང་མངོན་དུ་གྱུར་ནས་དག་པ་ཉམས་ཀྱི་སྣང་ངོར་འགག་མེད་ཤར་ཆའི་རི་མོ་འདི་ཡིག་རིས་སུ་བཀོད་པ་ནིཿ རབ་མྱོས་ལྕགས་རྟ་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་ཐོ་རེངས་ལ་ནམ་མཁའ་འཇའ་སྤྲིན་གྱི་གུར་ཁང་གི་དབུས་ནས་མ་ནེ་ནེ་བདེ་ཆེན་རྒྱལ་མོ་སྐུ་མདོག་དམར་ལ་སྤྱན་གསུམ་ལྡན་པ་གཡས་པས་ཐོད་པའི་ཌཱ་མ་རུ་དངཿ གཡོན་པས་གྲི་གུག་དཀུར་བརྟེན་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གིས་སེང་ཆེན་ནོར་བུ་དགྲ་འདུལ་ལ་ལུང་བསྟན་གྱི་བརྡ་ཚིག་རྡོ་རྗེའི་སྒྲ་དབྱངས་འདི་འཁྲོལ་ལོཿ གླུ་ཨ་ལ་ཀ་དག་སྤྲོས་བྲལ་གླུཿམ་ཐ་ལ་ལྷུན་གྲུབ་འོད་གསལ་ངགཿ དོན་ཀ་ལྷུན་ཟུང་འཇུག་གླུ་འདི་ལེནཿ སྙིང་མི་ཤིགས་ཙིཏྟའི་གཞལ་ཡས་ནསཿ མགོན་ཨོ་རྒྱན་པདྨ་རྒྱལ་པོ་མཁྱེནཿ བརྡ་རྡོ་རྗེའི་ཚིག་དོན་མ་ལུས་པཿ དོན་གེགས་མེད་བདེ་བླག་འགྲུབ་པར་མཛོདཿ ས་འདི་ཡི་ས་ངོ་མ་ཤེས་ནཿ མཁར་ཕོ་བྲང་སེ་འབྲུག་སྟག་རྩེ་རེདཿ སྨན་ང་འདྲ་ང་ངོ་མ་ཤེས་ནཿ ང་བདེ་ཆེན་པད་མོ་ཡོ་གི་ཡིནཿ ཚུར་གསོན་དང་བདུད་སྡེའི་གཤེད་པོ་མཆོགཿ མགོན་སེང་ཆེན་ནོར་བུ་དགྲ་འདུལ་ལགསཿ དེང་བཀྲ་ཤིས་ལྷ་ཡི་ཉི་མ་ལཿ བསང་གསེར་སྐྱེམས་བདུད་རྩིའི་མཆོད་སྤྲིན་ཕུལཿ གྲོགས་ལྷ་ཀླུ་གཉན་ལ་འབོད་སྐུལ་ཞུསཿ ད་མི་འགྱང་ཀེ་རུ་སྲིན་པོའི་ཡུལཿ ལས་སྨོན་ལོག་ཨ་ཟན་མི་བཞི་དངཿ བདུད་དམ་སྲིན་མོ་མཆེད་བཞི་དེཿ དུས་མྱུར་བར་ཐབས་དང་མངོན་སྤྱོད་ཀྱིསཿ གདུལ་མ་ཐུབ་གླིང་དཀར་བསྟན་པ་དངཿ ཆོས་སངས་རྒྱས་བསྟན་པ་རྨང་མེད་བཟོཿ ལྷོ་འཛམ་གླིང་ཕོངས་པའི་ཉེན་ཡོད་པསཿ དེ་འདུལ་བའི་སྨོན་ལམ་མཐུ་གྲུབ་པཿ སྨན་ནེའུ་ཆུང་མཁའ་འགྲོས་ལུང་བསྟན་བཞིནཿ དུས་མ་བུལ་མ་འགྱང་ཕེབས་རན་ཡིནཿ ཤར་དུང་བྲག་གཡུ་རི་གནམ་རྫོང་ནསཿ ཆོས་ཟབ་བཅུད་རིན་ཆེན་བརྡ་སྒྲོམ་མཛོདཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་གྱིསཿ ལུང་ཇི་བཞིན་ལེན་པའི་དུས་སུ་བབ༔ གླུ་གོ་ན་ཐུགས་ཀྱི་དཔལ་བེར་སྟིམསཿ དོན་མ་གོ་ཚིག་ལ་ཡང་ཟློས་མེདཿ གླིང་སེང་ཆེན་སྐྱེས་བུའི་ཐུགས་ལ་ཞོགཿཅེས་གསུངས་ནས་མི་སྣང་བར་ཡལ་སོངཿ དེའི་ནུབ་མོ་གླིང་ཚོ་དྲག་ལྷ་སྡེ་དཀར་བོའི་ནངཿ སྨན་ནེའུ་ ཆུང་ལུ་གུའི་ཚར་ཡག་དེའི་རྨི་ལམ་འོད་གསལ་གྱི་སྣང་ཆ་ལ་ལྷ་བུ་དུང་ཟླ་འབུམ་པ་ནོར་བུའི་གཙུག་རྒྱན་གྱི་འཁྲུལ་མེད་རྡོ་རྗེའི་ལུང་བྱང་འདི་སྤྲད་དོཿ ཨེ་ཨ་ཡ་དཀར་ཕྱོགས་དབུ་འཕང་མཐོཿ ཨེ་ལ་ལ་ནག་ཕྱོགས་རྩད་ནས་གཅོདཿ ང་འོང་བ་ལྷོ་ནུབ་དཔལ་རི་ནསཿ མགོན་ཨོ་རྒྱན་པདྨ་མས་མངགས་པ་ཡིནཿ ངོ་ཤེས་སམ་ནེའུ་ཆུང་གཡུ་སྒྲོན་ལགསཿ ང་ལྷ་བུ་དུང་ཟླ་འབུམ་པ་ཡིནཿ ད་མ་གཟིམས་བཞེངས་ལ་མཆོད་པ་ཕུལཿ མ་ཌཱཀྐིའི་ཚོགས་མཆོད་དགའ་སྟོན་གྱིསཿ ཚེས་འདི་ཡི་ཡང་ཚེས་བཅུ་གསུམ་ལཿ གླིང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གཅིགཿབློན་འདན་སྲས་གཡུ་འོད་འབུམ་མེ་གཉིསཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་གསུམཿ གདོང་མ་བཞིའི་དཔོན་པོ་ཁྲོ་ཐུང་བཞིསཿ ཤར་ལྷོ་ནུབ་ཀེ་རུའི་ཡུལ་གླིང་དུཿ ལྕགས་ཁྲོ་ཞུན་ངར་མའི་མཁར་རྫོང་གིཿ བདུད་སྨོན་ལོག་ཨ་ཟན་མི་བཞི་དངཿ རྐྱེན་དམ་སྲི་སྲིན་པོ་མཆེད་བཞི་དེསཿ སྐྱེ་ཚེ་རབས་མང་པོར་ལོག་སྨོན་བཏབཿ ཆོས་མདོ་སྔགས་བསྟན་པའི་རྒྱལ་མཚན་བསྙིལཿ མགོན་བསྟན་འཛིན་དུང་ཟླ་གཟའ་ཡིས་བཅོམཿ གླིང་དཀར་པོའི་བསྟན་པ་སྨག་ལ་བཙུདཿ ལས་མི་སྲིད་བྱ་བ་སྣ་དགུ་བརྩམསཿ དེ་བཞག་ན་བསྟན་འགྲོའི་བདེ་སྐྱིད་གཞོམཿ དེ་མ་ཐུལ་སངས་རྒྱས་བསྟན་མི་དརཿ དེ་འདུལ་བའི་དུས་ལ་ད་ལོ་བབཿ རྗེ་སེང་ཆེན་ནོར་བུ་དགྲ་འདུལ་དངཿ གླིང་དཔའ་བོའི་སྐྱེས་བུ་རྣམ་བཞི་ལཿ འཁོར་རུ་འདྲེན་དམག་གིས་ལེགས་བསྐོར་ནསཿ ལྷོ་ཨ་འཛོམ་གསེར་གྱི་དགའ་འཁྱིལ་ཐངཿ མཉམ་འཛོམས་ཚེ་རིམ་བཞིན་ལུང་བསྟན་འོངཿ ད་རྟེན་འབྲེལ་གནད་ལ་ལེགས་ཁེལ་ནཿ གླིང་དཀར་པོར་ཆག་འཆུགས་སྤུ་ཙམ་མེདཿ བདུད་དམ་སྲི་མངོན་སྤྱོད་ཤུགས་ཀྱིས་སྒྲོལཿ ཆོས་སངས་རྒྱས་བསྟན་པ་མཐའ་ནས་རྒྱསཿ ལས་འབྲེལ་ཚད་མཁའ་སྤྱོད་ཞིང་དུ་འདྲེནཿ དོན་གོའམ་ཌཱཀྐི་གཡུ་སྒྲོན་ལགསཿ ཞེས་གསུངས་ནས་འོད་ལམ་ལམ་མི་སྣང་བར་ཡལ་སོངཿ ཉི་མ་དེ་ཡི་ཕྱིར་ནང་གླིང་སེང་ཆེན་རྒྱལ་པོས་གླིང་དཀར་པོའི་དཔའ་བརྟུལ་དུང་སྨན་ལྷ་དམག་མ་ལུས་པ་ཐམས་ཅད་རྨ་དེལ་ཡག་སྟག་ཐང་ཁྲ་མོ་ལ་འཛོམ་དགོས་པའི་ཆ་དང་བང་ཆེན་བརྫངས་ནས་རྒྱལ་བློན་ཀུན་འདུས་ཏེ་གླིང་དཔའ་བརྟུལ་རྣམས་ཀྱིས་གསེར་དངུལ་རིན་པོ་ཆེ་རིགས་སྣ་ཚོགས་དང་དར་དཀར་པོའི་འཇལ་དར་ཕན་ཚུན་ཕུལ་རེས་བྱས་ནསཿ རང་རང་གི་གྲལ་ཐོབ་ཀྱི་གདན་ལ་བཞུགསཿ དེ་ནས་འཛམ་གླིང་མི་ཡི་ཉི་མ་དེས་ལྷ་ཡི་ལུང་བསྟན་བྱུང་ཚུལ་གྱི་གླུ་འདི་གསུངས་སོཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་མཁྱེནཿ ཐུགས་བརྩེ་བའི་ངང་ནས་བདག་ལ་གཟིགསཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ རྨ་དེལ་ཡག་སྟག་ཐང་ཁྲ་མོ་རེདཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ རྗེ་སེང་ཆེན་ནོར་བུ་དགྲ་འདུལ་ཡིནཿ དེང་གསོན་དང་དཔའ་བརྟུལ་སྡེ་ཚོགས་རྣམསཿ ངའི་མདང་སུམ་ཉམས་ཀྱི་སྣང་ཆ་ལཿ མ་ཌཱཀྐི་བདེ་ཆེན་རྒྱལ་མོ་དེསཿ བརྡ་ལུང་ཚིག་འདྲ་མ་འདི་འདྲ་བྱུངཿ ད་མི་རིང་ཤར་ལྷོ་ཀེ་རུའི་ཡུལཿ ཆོས་སངས་རྒྱས་བསྟན་པར་སྨ་ཕབ་པའིཿ བདུད་དངོས་སྐྱེས་ཨ་ཟན་མི་བཞི་དངཿ མཐའི་མི་བསྲུན་་དམ་སྲི་མཆེད་བཞི་དེཿ ད་མྱུར་དུ་འདུལ་བའི་དུས་ལ་བབཿ དེ་འདུལ་ཚུལ་ནེའུ་ཆུང་ལུང་བསྟན་བཞིནཿ དོན་མ་འགྱང་འདུལ་བའི་སྟ་གོན་མཛོདཿ བདུད་མི་བསྲུན་ཕོ་མོ་བརྒྱད་བཏུལ་ནཿ ཡུལ་ཀེ་རུའི་རྒྱལ་ཁབ་ཆོས་ལ་འཛུདཿ བོད་གངས་ཅན་རྒྱལ་བསྟན་མི་ནུབ་རྒྱསཿ དོན་དེ་ཚོ་གླིང་རེས་ཐུགས་ལ་ཞོགཿ གླུ་གོ་ན་བྱ་བའི་དོན་ཐོན་མཛོདཿ མ་གོ་\་ལ་ཡང་ཟློས་མེདཿ ཞེས་གསུངས་ཚེཿ འབྲུག་མོ་བསམ་འགྲུབ་སྒྲོལ་མ་དངཿ ནེའུ་ཆུང་གཡུ་ཡི་སྒྲོལ་མཿ མགར་བཟ་ཆོས་ཀྱི་སྒྲོལ་མཿ འཇང་བཟའ་ཁྲི་དཀར་སྒྲོལ་མཿ མོན་བཟའ་མེ་ཏོག་སྒྲོལ་མ་ བཅས་དུང་སྨན་མཁའ་འགྲོ་སྡེ་ལྔས་སྐུ་ལ་གོས་རིན་ཐང་དང་བྲལ་བའི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཆས་སྣ་ཚོགས་གསོལ་ནས་སྐྱེ་དགུའི་བློ་ཡིད་དབང་མེད་དུ་འཕྲོག་པའི་མཛེས་འཛུམ་བདེ་བ་ཆེན་པོའི་ཉམས་འགྱུར་དང་ལྡན་བཞིན་དུ་གདན་ལས་བཞེངས་ཏེ་གསེར་དངུལ་གཟི་མཆོང་སོགས་ནོར་བུའི་རིགས་སྣ་ཚོགས་དང་འོད་ལྔའི་མདངས་ལྡན་གྱི་་དར་སྣ་ཚོགས་རྒྱ་གར་ནག་དང་བོད་ཀྱི་ཅ་ཆང་སོགས་གསོལ་སྟོན་ཕུན་སུམ་ཚོགས་པ་དྲངས་ཤིངཿདེའི་ནང་ནས་སྨན་ནེའུ་ཆུང་གཡུ་ཡི་སྒྲོལ་མ་དེས་གླུ་འདི་ལྟར་གསུངས་སོཿ ཨོཾ་ན་མོ་ཨཱརྱ་ཏཱ་རེ་ཡཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ནསཿ མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལཿ འཁོར་མ་ཚོགས་མཁའ་འགྲོ་བྱེ་བས་བསྐོརཿ ཨ་སེར་མོའི་བསམ་དོན་འགྲུབ་པར་མཛོདཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གནས་གླིང་ཡུལ་དག་པའི་ཞིང་ཁམས་ནསཿ འདུ་ར་སྟག་ཐང་ཁྲ་མོ་རེདཿ སྨན་ང་འདྲ་ང་ངོ་མ་ཤེས་ནཿ མ་རྗེ་བཙུན་ཨཱརྱ་ཏཱ་རེ་མཿ མིའི་གཟུགས་འཛིན་ནེའུ་ཆུང་གཡུ་སྒྲོན་ཡིནཿ ངའི་གཡས་བཞུགས་སེང་ལྕམ་འབྲུག་མོ་དངཿ གཡོན་བཞུགས་མགར་བཟའ་ཆོས་སྒྲོན་སོགསཿ སྨན་རིགས་ལྔའི་གྲངས་ལྡན་ངེད་ཅག་རྣམསཿ གླིང་སྐྱེས་བུའི་ཐུགས་བཞེད་སྒྲུབ་མི་ཡིནཿ རྗེ་འཛམ་གླིང་སེང་ཆེན་རྒྱལ་པོ་དངཿ གླིང་ཚོ་དྲུག་ལྷ་སྡེ་དཀར་པོ་ལགསཿ ངའི་མདང་སུམ་རྨི་ལམ་འོད་གསལ་ངོརཿ གནས་ཟ་བྱེད་རྔ་ཡབ་དཔལ་རི་ནསཿ ཕ་པད་མས་མངགས་པའི་ཕོ་ཉ་ལཿ ལྷ་དུང་ཟླ་ནོར་བུའི་གཙུག་རྒྱན་གྱིསཿ བརྡ་ལུང་ཚིག་རྡོ་རྗེའི་ཚིག་འདི་བསྒྲགསཿ ཚེས་འདི་ཡི་ཡང་ཚེས་བཅུ་གསུམ་ལཿ རྗེ་འཛམ་གླིང་མི་ཡི་ཉི་མ་དངཿ གདོང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དངཿ འཇང་དཔའ་བོ་གཡུ་ལྷ་ཐོག་རྒོད་རྩལཿ བློན་འདན་སྲས་གཡུ་འོད་འབུམ་མེ་དངཿ གདོང་མ་བཞིའི་ཁྲོ་ཐུང་རྒྱལ་པོ་ལྔརཿ འཁོར་རུ་འདྲེན་འབུམ་གྱིས་བསྐོར་བྱས་ནསཿ ལྷོ་ཨ་འཛོམ་གསེར་གྱི་དགའ་ཐང་དུཿ མཉམ་འཛོམས་ནས་ལྷ་བསང་མཆོད་པ་གྱིསཿ ལྷ་གོང་མའི་རིམ་བཞིན་ལུང་བསྟན་འོངཿ མཐའི་ཀེ་རུའི་ཡུལ་ཁམས་ཁ་ཞེང་ཆེཿ བདུད་སྨོན་ལོག་ཕོ་མོ་དཔའ་རྩལ་རྒོདཿ དུས་མྱུར་བར་མངོན་སྤྱོད་མ་མཛད་ནཿ བོད་འཛམ་གླིང་བདེ་སྐྱིད་སྡུག་ལ་སྦྱོརཿ བོད་གངས་ཅན་བསྟན་པ་ནུབ་ལ་ཉེཿ ཞེས་གསུངས་ནས་ལུང་ཚིག་དེ་འདྲ་བྱུངཿ ངེད་རིགས་ལྔའི་དཔའ་མོས་བློ་གཅིག་ཏུཿ ནེའུ་ཆུང་ང་ཡིས་ཞུ་བ་འབུལཿ ཡུལ་ཀེ་རུ་འཕྲུལ་གྱི་རྒྱལ་ཁམས་དེརཿ སྟོབས་རྫུ་འཕྲུལ་མངའ་ཐང་ལོངས་སྤྱོད་ཆེཿ དེའི་རྒྱལ་པོ་གཡུ་འབྲུག་སྟོབས་ལྡན་དེཿ ཐུགས་དགོངས་པ་དམ་པའི་ཆོས་ལ་དཀརཿ སྔོན་སྨོན་ལམ་འཛམ་གླིང་སྐྱེས་བུར་ཡོདཿ ལྷ་འཇམ་དཔལ་མགོན་པོས་རྗེས་བཟུང་ཡངཿ བློན་མ་རུངས་ཕོ་མོ་དབང་བཙན་པསཿ ཆོས་རྒྱལ་ཁྲིམས་འཛིན་པའི་མངའ་ཐང་བྲལཿ དུག་ཧ་ལ་མུན་ཆུ་དྭངས་མེད་དྲངསཿ སྐུའི་རྩ་ཁམས་དབང་ལྔའི་གསལ་མདངས་ནུབཿ རྗེ་དེ་ཡི་སྲས་མོ་མཚན་ལྡན་མཆོགཿ མ་དབྱངས་ཅན་འོད་གསལ་སྒྲོལ་མ་དེསཿ ཉིན་མཚན་ཀུན་མཆོག་གསུམ་པད་འབྱུང་ལཿ གསོལ་འདེབས་དང་ཐུགས་བསྐྱེད་རྣམ་པར་དགཿ ཁྱེད་དཔའ་ཐུལ་ཨ་འཛོམ་གསེར་ཐང་དེརཿ ལེགས་འཛོམས་ཚེ་བླ་བྱ་ཁྲུང་ཁྲུང་ལཿ ཡུལ་ཀེ་རུའི་བདེ་སྡུག་ཞུ་སྙམ་ཡོདཿ བཙན་ཁ་ཤྭ་གོང་ཡག་མདའ་རྩལ་རྒོདཿ ཨ་སྐྱ་དཔའ་བོ་ཤེད་སྟོབས་ཆེཿ བདུད་ཨ་རུང་མེ་འབར་བློ་རྒྱ་ཆེཿ བྱང་སྤྲིན་ནག་ལྕགས་རྒོད་གྲི་ཁ་ཚཿ ཤར་འདོད་ལྡན་ཡིད་འཕྲོག་བྱ་གདོང་ཅནཿ ལྷོ་རྔམ་ལྡན་སྡང་བའི་ཀ་སྒྲོན་མཿ ནུབ་གསེར་གཤོག་ཁེངས་ལྡན་སྒྲ་སྒྲ་བརྒྱ་མཿ བྱང་མུན་ནག་ཕག་གདོང་གཟི་འབར་མཿ མོ་འདི་བཞིས་བསྟན་ལ་བར་ཆད་རྩོམཿ དེ་འདུལ་བའི་འདུལ་ལུགས་འདི་ལྟར་འདུགཿ ཡུལ་ཀེ་རུའི་ལྕགས་མོ་གནམ་རྫོང་གིཿ ཤར་དུག་ཐང་ཨ་ལུང་སེར་པོའི་དབུསཿ གླིང་ལྷ་དམག་བཞུགས་པའི་སྒར་དེ་ཐོབཿ གནས་འདི་འདུལ་བའི་དངོས་གཉེན་མཆོགཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་ཡིནཿ བཙན་ཁ་ཤྭ་གོང་ཡག་རྐྱེན་པོ་དངཿ བདུད་ཨ་རུང་མེ་འབར་དཔའ་བོ་གཉིསཿ འཇང་གཡུ་ལྷས་རལ་གྲིས་ངར་ལ་དྲོངསཿ ནུབ་ཨ་སྐྱ་དཔའ་བོ་ཁྲོམ་རྒྱལ་དེཿ གདོང་ལྷ་སྲས་དགྲ་ལྷས་རལ་གྲིས་སྒྲོལཿ བྱང་སྤྲིན་ནག་ལྕགས་རྒོད་བཙན་པོ་དེཿ བློན་འདན་སྲས་འབུམ་མེས་མདའ་ཡིས་སོདཿ ཤར་འདོད་ལྡན་ཡིད་འཕྲོག་བྱ་གདོང་མཿ དེ་མ་འོངས་བསྟན་པ་ཉམས་དམའི་ཚེཿ གོས་དུར་སྨྲིག་བསྟན་ལ་ལྷག་པར་གཤེཿ དེ་འདུལ་མྀ་ཨ་ཁུ་ཁྲོ་ཐུང་དངཿ བློན་འདན་སྲས་གཡུ་འོད་འབུམ་མེ་ཡིནཿ ལྷོ་རྔམ་ལྡན་སྡང་མིག་ཁྲོ་ཞལ་དངཿ ནུབ་གསེར་གཤོག་ཁེངས་ལྡན་སྒྲ་བརྒྱ་མཿ དེ་འདུལ་བའི་གཉེན་པོ་གཡུ་ལྷ་མཆོགཿ བྱང་མུན་ནག་ཕག་གདོང་གཟི་འབར་མཿ སྲས་དགྲ་ལྷས་རལ་གྲིས་ངར་ལ་དྲོངསཿ དུས་སྙིགས་མའི་བསམ་སྦྱོར་ལོག་པའི་རྐྱེནཿ བདུད་འདི་ཀུན་བསྒྲལ་ལ་དཀའ་ཙམ་འདུགཿ རྒྱུ་དུག་གསུམ་གདོན་གྱིས་སྤྲུལ་པ་དེཿ ལྷ་རིགས་གསུམ་མ་གཏོགས་འདུལ་སྐལ་མེདཿ ཚེས་ཉེར་དགུའི་དྲག་པོའི་འཕྲོད་སྦྱོར་ལཿ བདུད་འདི་ཀུན་མིང་མེད་བྱེད་དགོས་པའིཿ དེ་འགྱང་ན་རེ་ཞིག་འདུལ་དཀའ་བསཿ ངེད་དུང་སྨན་མཁའ་འགྲོ་སྡེ་ལྔ་ཡིསཿ གནས་ལྷ་རི་པདྨ་འབུམ་རྫོང་དུཿ མ་ལས་བཞིའི་མཁའ་འགྲོ་སྒྲུབ་ལ་བརྩོནཿ གླིང་བླ་མ་རྣམས་དང་དཔའ་བོ་རྣམསཿ སྔགས་བསྐྱེད་རྫོགས་ཟབ་མོའི་སྐུ་རིམ་སྒྲུབསཿ སྐྱེ་དམན་ང་བུད་མེད་རིགས་སྐྱེས་རྐྱེནཿ གཏམ་ཡར་ཞུ་ཞུ་འོས་མ་ཡིན་ཀྱངཿ ངའི་བསམ་པ་དམ་པའི་ཆོས་ལ་དཀརཿ ལྷའི་ལུང་བསྟན་གབ་ཚིག་མ་བཀྲོལ་ནཿ མ་མཁའ་འགྲོས་བཀའ་ཆད་ཨེ་འབྱུང་དོགསཿ གླིང་སྐྱེས་བུས་བཀའ་བཀྱོན་ཨེ་འབྱུང་བསམཿ འདན་ལྷ་སྲས་རྟེན་འབྲེལ་འཆུགས་ལ་དོགསཿ དཔའ་གཡུ་ལྷའི་ཐུགས་བཞེད་ཨེ་འགྲུབ་བསམཿ དོན་དེ་ཕྱིར་སྙིང་ནས་ཞུ་བ་འདིཿ གླུ་འཁྲུལ་བ་སོང་ན་མཐོལ་ལོ་བཤགསཿ ངག་འཆལ་བ་སོང་ན་བཟོད་པར་བཞེསཿ གླིང་རྒྱལ་བློན་ཐུགས་ལ་དེ་ལྟར་ཞོགཿ ཅེས་གསུངས་ནས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་འབོད་མིར་གོ་ཆོད་དཔའ་གཡུ་སྟག་རྒྱལ་ལ་ཡི་གེ་བསྐུར་ནས་ཚེས་བཅུ་ལ་གླིང་ལྷ་ཐང་པད་མའི་དགའ་ཚལ་དུ་འཛོམ་དགོས་གསུངས་ནས་ཆ་འཕྲིན་བཏངཿདེ་ནས་འཇང་ཡུལ་ཞེ་ཐང་ཕྱུག་མོ་ན་འཇང་མཁར་གཡུ་རི་འབུམ་རྫོང་ནང་དུ་འཇང་གཡུ་ལྷས་ཆོས་ཉིད་བློ་བྲལ་ཆེན་པོའི་ངང་ལ་མཉམ་པར་བཞག་ཡོད་ཚེ་བཙུན་མོ་བརྒྱུད་དེ་སེང་ཆེན་གྱི་གསུང་ཕྲིན་རྣམས་ཞུསཿའཇང་གཡུ་ལྷ་དཔའ་བོ་མཆོག་གིས་སེང་ཆེན་གྱི་བཀའ་བཞིན་དུ་དམག་ལ་འགྲོ་གསུངས་ཏེ་ཕྱི་ཉིན་འཇང་བློན་བསམ་དོན་ཀུན་འགྲུབ་གཙོས་དམག་སྟོང་གསུམ་ཁྲིད་དེ་གླིང་ལྷ་ཐང་པདྨའི་དགའ་ཚལ་དུ་སླེབས་སྐབས་སེང་ཆེན་ནོར་བུ་དགྲ་འདུལ་གྱི་གཙོས་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་འདན་སྲས་གཡུ་འོད་འབུམ་མེཿ སྤྱི་དཔོན་ཁྲོ་ཐུང་རྒྱལ་པོ་སོགས་ཀྱིས་རང་རང་གི་ལས་དམག་སུམ་སྟོང་རེ་ཁྲིད་དེ་ཐམས་ཅད་མཉམ་དུ་འཛོམསཿ གླིང་གི་མ་སྲུ་མོ་སྨན་དང་དཔའ་ཐུལ་སྡེ་ཚོགས་ཀུན་ཆིབས་སྐྱེལ་དང་ལྟད་མོ་རུ་འདུས་ཤིང་རྗེ་སེང་ཆེན་རིན་པོ་ཆེ་དང་འཇང་གཡུ་ལྷ་དཔོན་བློན་ཐུགས་དགོངས་གཅིག་འདྲེས་ཀྱི་ངང་ནས་ཕན་ཚུན་མཇལ་དར་དང་མཚམས་རྟགས་གནངཿ དེ་ནས་སེང་ཆེན་རིན་པོ་ཆེས་ཀེ་རུར་ཕེབས་དགོས་ཚུལ་གྱི་གསུང་གླེང་ཞིབ་རྒྱས་མཛད་ཅིངཿ ཐེངས་འདིར་ཀེ་རུའི་རྫོང་ཕབ་པ་དངཿཟབ་མོའི་ཆོས་གཏེར་གདན་དྲངས་པ་སོགས་སྔ་ཕྱི་ཐམས་ཅད་ལ་ཞལ་བཀོད་འཇང་གཡུ་ལྷ་ཁྱེད་ཀྱིས་མཛད་དགོས་པས་དེ་ལུགས་ཀྱིས་ཞལ་བཀོད་གནང་དགོས་གསུངསཿ དེ་ནས་ཚེས་གཅིག་གི་སྔ་དྲོའི་ཉི་ཤར་དང་མཉམ་དུ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེས་དམག་འགྲོ་ཚུལ་སོགས་སྒར་བཀོད་ཀྱི་གླུ་འདི་བླངས་སོཿགླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ ཨོཾཿ ཀ་དག་སྤྲོས་བྲལ་ཆོས་ཀྱི་སྐུཿཨཱཿ རང་བཞིན་མ་འགགས་ལོངས་སྤྱོད་རྫོགསཿ ཧཱུྃཿ སྣ་ཚོགས་ཐུགས་རྗེ་སྤྲུལ་པའི་སྐུཿ དོན་སྐུ་གསུམ་དབྱེར་མེད་བླ་མར་འདུདཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གླིང་རྒྱལ་བློན་བསམ་དོན་འགྲུབ་པའི་གནསཿ སྐྱིད་ལྷ་ཐང་པདྨའི་དགའ་ཚལ་རེདཿ མི་ང་འདྲ་ང་ངོ་མ་ཤེས་ནཿ སྔོན་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནངཿ དཔལ་ནག་པོ་སྤྱོད་དང་ཀུ་ཀུ་པཿ བདུད་ནག་ཕྱོགས་འདུལ་ལ་སྤྲུལ་པ་ཡིནཿ དཔལ་གསང་བདག་ཕྱག་ན་རྡོ་རྗེ་དངཿ མགོན་ཨོ་རྒྱན་པད་མའི་ཐུགས་སྲས་ཡིནཿ ང་སྐྱེས་པ་འཇང་གི་ཡུལ་དུ་སྐྱེསཿ སྨོན་ལམ་དཀར་པོ་གླིང་ལ་ཐེབསཿ འཇང་ཡུལ་མཚར་ར་སྨུག་པོ་ནསཿ ཡང་བཙན་ནམ་མཁའ་ཁྱུང་རྫོང་ནསཿ གཡུ་འབྲུག་ཟིལ་པའི་ཡང་རྫོང་གིཿ ཡང་ཐོག་གཟི་ཁྲིའི་ནང་བཅུད་ལཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་ཡིནཿ ངའི་ལུས་ལ་གྱོན་པའི་གོ་ཁྲབ་ཀྱངཿ ལྷ་ཨོ་རྒྱན་པདྨའི་གཏེར་མ་ཡིནཿ གོས་རྨ་འབྲུག་གསེར་གྱི་རིས་ཅན་སྟེངཿ གཡུ་ཁྲབ་སྔོན་མོ་འཇིགས་མེད་གྱོནཿ རྒྱབ་དར་སྟག་སེང་ཁ་སྤྲོད་ཅནཿ དར་གོས་ཚེ་མདུད་འོད་འཕྲོ་མཛེསཿ མགོ་གཡུ་རྨོག་ནམ་མཁའ་འོད་ལྡན་ལཿ དར་འཕྲུ་སྐུ་གསུམ་རང་ཆས་རྫོགསཿ འོད་ལྔ་ལྡན་རྨ་བྱའི་སྒྲོ་མདངས་མཛེསཿ རྐང་སྭག་ལྷམ་གསེར་གྱི་པ་ཊ་ཅནཿ དེར་པདྨ་རཱ་གའི་ཉྭ་ཆབ་སྒྲོགསཿ གཡས་སྟག་དོང་ལྷ་ཤོག་འབྲུག་སྡེའི་ནངཿ མདའ་ཉག་ཕྲན་ཁྲག་འཐུང་སུམ་ཅུ་དངཿ གཡོན་གཟིག་ཤུབས་ཤ་ཟན་སྟག་ཚང་ལཿ ལྕགས་གཞུ་ནག་པོའི་མགུལ་ཤེས་བཏགསཿ ཤུབས་ཁྲ་རིན་ཆེན་བང་མཛོད་ནངཿ གྲི་གུ་ཟི་ནམ་མཁའ་སྐྱ་རེངས་བཏགསཿརྒྱབ་རིན་ཆེན་ཁམས་གསུམ་ཟིལ་གནོན་ལཿདཔའ་དགྲ་ལྷའི་དར་ཆེན་གསེར་རིས་མཛེསཿ མདུང་སྐྱ་རེངས་གནམ་ལྕགས་དགྲ་འཇོམས་ལཿ མདུང་དར་སྔོན་སྣང་སྲིད་དབང་སྡུད་ཕྱརཿ ཞགས་པ་ཁམས་གསུམ་རང་འགུགས་དངཿ རྟ་ལྕག་འཕྲུལ་གྱི་རྡོ་རྗེ་ཕྱརཿ རྟ་ཅང་ཤེས་གནམ་ཡག་གོང་སྔོན་ལཿ གཡུ་སྟན་བཀྲ་ཤིས་མིག་མང་དངཿ གཡུ་སྒ་ཡིད་བཞིན་དབང་རྒྱལ་བསྟདཿ གློ་ལེན་འབྲུག་སེང་གསེར་ཁྲ་ཅནཿ གོང་ཐག་སྲིན་པོ་ཟིལ་གནོན་དངཿ ཡོབ་ཆེན་ཆུ་སྲིན་རང་བྱོན་ཅནཿ གཡུ་སྲབ་འདོད་དོན་ཀུན་འགྲུབ་རྣམསཿ འཇང་ས་འདམ་རྒྱལ་པོའི་ཕ་ནོར་ཡིནཿ ཀླུ་དུང་སྐྱོང་འབུམ་པའི་གཏེར་རྫས་ཡིནཿ མགོན་ཨོ་རྒྱན་པད་མས་གཏད་པ་ཡིནཿ བདུད་ནག་པོ་འདུལ་བའི་མཐུན་རྐྱེན་ཡིནཿ ངས་རང་བསྟོད་མིན་དེ་འདྲ་མ་ཡིནཿ དེ་ནས་གླིང་དཀར་ལྷ་དམག་རྣམསཿ དགྲ་ཕར་འགྲོ་སྔོན་མ་གཡུ་ལྷས་བྱེདཿ ཚུར་འོང་རྗེས་མ་གཡུ་ལྷས་བྱེདཿ སྐུ་ཆས་མདུང་མོ་འཛིན་མི་ཡིནཿ དཔའ་བརྟུལ་བློན་ཆེན་བརྒྱད་ཅུ་ལཿ འགྲོ་འདུག་སྒར་འཀོད་གཡུ་ལྷས་བྱེདཿ གླིང་འདིར་བཞུགས་རུ་ཤོག་གསུམ་ཙམ་བྱེདཿ རུ་དང་པོའི་དམག་དཔོན་ང་རང་བྱེདཿ རུ་གཉིས་པའི་དམག་དཔོན་འདན་སྲས་བཞུགསཿ རུ་གསུམ་པའི་དམག་དཔོན་དགྲ་ལྷ་བཞུགསཿ དེ་མིན་གྱི་དཔའ་ཐུལ་ཐམས་ཅད་ཀྱངཿ རྗེ་སེང་ཆེན་མཆོག་དང་མཉམ་དུ་བྱོནཿ གླིང་དཀར་དཔོན་བློན་ལས་དམག་ཀུནཿ མི་བརྒྱ་ཁ་སེམས་མཐུན་ནི་དགོསཿ རྟ་བརྒྱ་སྲབ་མདའ་གཅིག་ལེ་དགོསཿ འགྲོ་དུས་ཆུ་བོ་འབབ་འདྲ་དགོསཿ འདུག་དུས་མཚོ་མོ་འཁྱིལ་འདྲ་དགོསཿ གཅིག་ཏུ་ལྷ་ཡི་ལུང་བསྟན་ཡིནཿ གཉིས་སུ་བསྟན་འགྲོའི་སྤྱི་དོན་ཡིནཿ ལྷོ་ཨ་འཛོམས་གསེར་གྱི་དགའ་འཁྱིལཐངཿགླིང་དཀར་པོས་སྒར་གཞི་འཛིན་རྒྱུ་ཡིནཿ ཡུལ་ཀེ་རུ་ཆོས་ལ་བསྒྱུར་རྒྱུ་དངཿ བདུད་སྨོན་ལོག་རྨང་མེད་བྱེད་རྒྱུ་ཡིནཿ གླུ་གོ་ན་རྣ་བའི་བདུད་རྩི་ཡིནཿ མ་གོ་\་ལ་འགྲེལ་བ་མེདཿ གླིང་འདིར་བཞུགས་ཐུགས་ལ་དེ་ལྟར་ཞོགཿཅེས་གསུངས་སོཿ དེ་ནས་བླ་མ་རྣམས་དང་མ་སྲུ་མོ་སྨན་ཚོགས་ཀྱིས་ཆིབས་སྐྱེལ་གླུ་ཞུས་བྱས་པའི་ཚུལ་མང་དུ་ཡོད་ཀྱང་འདིར་རེ་ཞིག་བཏང་སྙོམས་སུ་བཞགཿ དེ་ནས་སྒར་གཤར་ཏེ་ཚེས་བཅུ་གསུམ་གྱི་ཉིན་ཨ་འཛོམ་གསེར་གྱི་དགའ་འཁྱིལ་ཐང་དུ་སླེབས་ནས་སྒར་བརྒྱབ་སྟེ་བཞུགས་སོཿ དེའི་ནུབ་མོར་ཀེ་རུ་པད་མ་འབུམ་རྫོང་གཟིམ་ཤག་མཐོང་གསལ་འོད་ལྡན་ནང་དུ་སྲས་མོ་དབྱངས་ཅན་འོད་གསལ་སྒྲོན་མ་གཟིམས་ཡོད་ཚེ་ནམ་མཁའ་འཇའ་ཡི་གུར་ཁང་ནས་འཇང་གཡུ་ལྷའི་སྲུང་མ་ཌཱཀྐི་རྒོད་ལྕམ་དཀར་མོ་དེས་ལུང་བསྟན་གྱི་གླུ་འདི་གསུངས་སོཿགླུཨ་ལ་གླུ་ཡི་ལེན་ལུགས་རེདཿ ཐ་ལ་ངག་གི་འགུགས་ལུགས་རེདཿ ལྷ་རིགས་གཅིག་པདྨ་འབྱུང་གནས་མཁྱེནཿ ས་འདི་ནི་ཀེ་རུའི་ཡུལ་ལྗོངས་ལཿ མཁར་འདི་པདྨ་འབུམ་རྫོང་ཟེརཿ སྨན་ང་ནི་རྒོད་ལྕམ་དཀར་མོ་ཡིནཿ འཇང་གཡུ་ལྷས་མཆོད་པའི་སྲུང་མ་ཡིནཿ ད་མ་ཉལ་ལོངས་ལ་མཆོད་པ་ཕུལཿ གླིང་སེང་ཆེན་དགྲ་ལྷ་འདན་སྲས་དངཿ དཔོན་ཁྲོ་ཐུང་དང་ནི་གཡུ་ལྷ་སོགསཿ གླིང་དཔའ་བོའི་ལྷ་དམག་ཐམས་ཅད་ཀུནཿ ཨ་འཛོམ་གསེར་གྱི་དགའ་ཐང་དུཿ ཡུལ་ཀེ་རུ་ཆོས་ལ་བསྒྱུར་ཕྱིར་དངཿ བདུད་མ་རུངས་བསྒྲལ་འདྲེན་བྱེད་ཕྱིར་བྱོནཿ དབྱངས་ཅན་འོད་གསལ་སྒྲོན་མ་དེསཿ བླ་བྱ་ཁྲུང་ཁྲུང་སྤུན་གསུམ་ལཿ ཡུལ་ཀེ་རུ་ཆོས་ལ་བསྒྱུར་དགོས་པའིཿ གསུང་འཕྲིན་ཏཾ་བུའི་སྒྲ་དབྱངས་དེཿགླིང་རྒྱལ་བློན་ཕྱག་ཏུ་འཕྲོད་ངེས་གྱིསཿ གླུ་གོ་ན་སྙན་གྱི་བུ་གར་ཆོངསཿ མ་གོའི་གླུ་ལ་འགྲེལ་བ་མེདཿ ཅེས་གསུངས་ནས་མི་སྣང་བར་ཡལ་སོངཿ སྲས་མོ་གཉིད་སད་རྗེས་ས་དང་པོ་རབ་དགའ་ཐོབ་པ་ལྟ་བུའི་དགའ་སྤྲོའི་ངང་ནས་མཆོག་གསུམ་ལ་མཆོད་པ་དང་བསང་དང་སྐྱེམས་ཕུད་ཕུལ་ནསཿ བླ་བྱ་ཁྲུང་ཁྲུང་གསུམ་ལ་ཡི་གེ་འདི་བསྐུར་རོཿཨོཾ་བཀྲ་ཤིས་ཕྱོགས་ལས་རྣམ་རྒྱལ་ཤོགཿ སྐྱབས་མཆོག་གསུམ་ཐུགས་རྗེས་འབྲལ་མེད་སྐྱོངསཿ ཡུལ་ཀེ་རུའི་ཡུལ་ལྗོངས་ཕྱུག་མོ་ནཿ ཡབ་རྒྱལ་བོ་གཡུ་འབྲུག་སྟོབས་ལྡན་གྱིཿ ང་སྲས་མོ་དབྱངས་ཅན་འོད་གསལ་སྒྲོནཿ གླིང་དཀར་པོར་སྨོན་ལམ་མཉམ་དུ་ཐེབསཿ ལྷ་གོང་མས་མངགས་ནས་འདི་རུ་ཕེབསཿ གླིང་རྒྱལ་བློན་དཔའ་ཐུལ་སྡེ་ཚོགས་དངཿ དགོས་འཇང་སྲས་གཡུ་ལྷ་ཐོག་འགྱུར་ལགསཿ སྔོན་དག་ཞིང་ཀེ་རུའི་ལྷ་ལུང་འདིརཿ དུས་དེང་སང་བདུད་ཀྱི་མུན་པ་འཐིབསཿ ཕ་རྒྱལ་པོ་མུན་ཆུ་དུག་གིས་བསྙུངསཿ བློན་ཆོས་ལ་དཀར་ཀུན་ས་མཐར་སྤྱུགསཿ བདུད་སྨོན་ལོགས་ཕོ་མོ་མགོ་འཕང་མཐོཿ ཡུལ་སྡེ་འབངས་བྱ་སྤྱོད་ལོག་ལམ་བསྒྱུརཿ ཆོས་སྒོམ་སྒྲུབ་ཉིན་མོའི་སྐར་མ་ཙམཿ ང་བུ་མོའི་སེམས་རྩ་ཆུ་ལས་གྲངཿ སྐྱབས་བསླུ་མེད་བླ་མར་གསོལ་བ་བཏབཿ རྗེ་སེང་ཆེན་སྐྱེས་བུར་འཕྲིན་ལས་བཅོལཿ གྲོགས་གཡུ་ལྷ་དཔའ་བོའི་ཨེ་དགོངས་སྙམཿ གནས་འདི་རུ་བྱོན་པ་བཀའ་དྲིན་ཆེཿ ད་མུན་གླིང་ཉི་མ་ཤར་རན་འདུགཿ ཟླ་འདི་ཡི་དུས་ཚེས་བཅུ་དགུ་ལཿ བདུད་ཕོ་མོའི་བླ་སྲོག་ཐིག་ལེའི་བཅུདཿ ཤར་བླ་མཚོ་ཁྲག་ཞག་གཡོན་འཁྱིལ་དུཿ ཀླུ་དུག་སྦྲུལ་མགོ་དགུ་མ་སོད་ནཿ ལས་སྨོན་ལོག་འདུལ་བའི་སྐལ་པ་མེདཿ དེ་འདུལ་མི་དཔའ་བོ་གཡུ་ལྷ་ཡིནཿ མདའ་ཉག་ཕྲན་རལ་གྲིའི་ངར་ལ་དྲོངསཿ དེ་ཐུལ་ན་བདུད་དཔུང་རྩད་ནས་གཅོདཿ དོན་དེ་ཚོ་ཐུགས་ཀྱི་དཔལ་བེར་ཆོངསཿ
ཞེས་གསུངས་པའི་འཕྲིན་ཡིག་དེ་ལྷ་བྱ་ཁྲུང་ཁྲུང་གསུམ་གྱིས་ཨ་འཛོམ་གསེར་ཐང་དུ་བཞུགས་པའི་འཇང་སྲས་ཕྱག་ཏུ་ཕུལ་ནས་བྱ་དེ་ཚོར་དགྱེས་པའི་མཐུན་རྫས་སྣ་ཚོགས་ཀྱིས་བརྔན་ཞིང་བྱ་རྣམས་སླར་ཡང་རང་རང་གི་ཕྱོགས་སུ་འཕུར་སོང་ངོཿདེའི་ནུབ་མོར་ཀེ་རུ་སྲིན་པོའི་ཡུལ་ནས་ཤར་འདོད་ལྡན་ཡིད་འཕྲོག་བྱ་གདོང་ཅན་དེ་ལ་བདུད་དབང་ཕྱུག་ཆེན་མོའི་ལུང་བསྟན་འདི་ལྟར་བྱུང་ངོཿ
གླུ་ཐ་ཏྲཾ་མ་ཏྲཾ་ཧ་ཧོ་ཡཾཿ བདུད་ནག་པོའི་དབུ་འཕང་རྒྱལ་གྱུར་ཅིགཿ ས་འདི་ཚོ་སྲིན་མཁར་ལྕགས་ཀྱི་རྫོངཿ མི་ང་ནི་དགའ་རབ་དབང་ཕྱུག་ཡིནཿ ངའི་བུ་མོ་འདོད་ལྡན་ཡིད་འཕྲོག་མཿ ད་སྐྱིད་པོ་ཉལ་ཁོམ་མི་གདའ་ལོཿ གླིང་ད་ཕྲུག་ཨ་བྲ་ཁ་སེར་དངཿ འཇང་བླ་བཙོང་གཡུ་ལྷ་ཐོག་འགྱུར་སོགསཿ གླིང་དཔའ་ཐུལ་ལས་དམག་ཐམས་ཅད་དེཿ གནས་ཨ་འཛོམ་ཐང་ལ་སླེབས་ཚར་བསཿ སང་ནངས་མོ་ཉི་མའི་རྩེ་ཤར་ལཿ ལྷོ་ཀེ་རུའི་ཡུལ་ལ་འོང་ཆས་གདའཿ བཙན་ཁ་ཤྭ་གོང་ཡག་གཙོ་བྱས་པའིཿ བློན་ཆེ་དྲག་དཔའ་རྩལ་སྟོབས་ནུས་སྐྱེདཿ ཕྱི་སྡེ་པས་མ་གོ་ལྐོག་གཏམ་ལཿ རྗེ་གཡུ་འབྲུག་སྟོབས་ལྡན་རྒྱལ་པོ་དངཿ དེའི་སྲས་མོ་དབྱངས་ཅན་སྒྲོན་མ་སོགསཿ བློན་ཆོས་ལ་དགའ་བའི་རིགས་ཀུན་ལཿ སྐབས་སྨྲས་ན་ཕན་མེད་གནོད་ཚབས་ཆེཿ བློན་ཆོས་ལ་དགའ་བ་འགའ་ཡོད་ནཿ ད་མྱུར་དུ་ཁྲིམས་ཀྱི་ལས་ལ་སྦྱོརཿ བརྡ་གསང་ཚིག་ནང་མི་འགའ་ལ་སྨོསཿ མཚོན་རྣོན་པོ་སོ་བདར་དུག་ཆུ་ལུདཿ རྟ་མགྱོགས་པ་རྩལ་ཤུགས་འགྲོས་ཁ་སྡེབསཿ གླུ་གོ་ན་སྙིང་གི་བཅུད་དུ་ཟུངསཿ མ་གོ་གླུ་ལ་འགྲེལ་བ་མེདཿཅེས་གསུངས་ཤིང་དེའི་མཚན་མོ་ནས་ཆ་དང་བང་ཆེན་བརྫངས་ཏེ་བདུད་བློན་ཕོ་མོ་ཀུན་ལ་གོ་བར་བྱསཿ ཐམས་ཅད་ལ་ཞེ་སྡང་མེ་ལྟར་འབརཿ ང་རྒྱལ་རླུང་ལྟར་འཚུབས་ནས་གླིང་དམག་ལ་རྒོལ་བའི་གྲ་བསྒྲིགས་སོཿདེ་ནས་འཇང་སྲས་དཔའ་བོ་གཡུ་ལྷ་དེ་སེང་ཆེན་གྱི་མདུན་དུ་བྱོན་ནས་ཀེ་རུའི་བླ་མཚོ་ཁྲག་ཞག་གཡོན་འཁྱིལ་གྱི་ནང་ནས་བདུད་བློན་ཕོ་མོ་བརྒྱད་ཀྱི་བླ་སྦྲུལ་རེག་ཕུང་མགོ་དགུ་བཏུལ་དགོས་ཚུལ་གྱི་གསུང་གླེང་མཛདཿ སེང་ཆེན་གྱིས་ཚེ་མདུད་དཀར་པོ་མི་ཤིགས་བཀྲ་ཤིས་མདུད་བརྒྱ་ཅན་གཡུ་ལྷ་ལ་གནང་སྟེཿ འཇང་དཔའ་བོ་གཡུ་ལྷ་ཐོག་འགྱུར་རིན་པོ་ཆེ་ལགསཿ ད་རེབ་ཀེ་གླིང་གཡུལ་འཁྲུགས་ཀྱི་ལས་རྩོམ་པའི་ཐོག་མ་ཡིན་ཕྱིར་རྟེན་འབྲེལ་གྱི་གནད་འགག་ལྡན་པས་ཐུལ་བར་མཛོད་ཅིག་གསུངསཿ དེ་ནས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེས་གཡུ་ཁྲབ་སྔོན་མོ་འཇིགས་མེད་གྱོནཿ གཡུ་རྨོག་ནམ་མཁའ་འོད་ལྡན་མནབསཿ འཁོར་གསུམ་ལུས་ལ་ཚར་བར་བྱསཿ རྟ་འདོ་བ་གནམ་ཡག་གོང་སྔོན་ལ་སྒ་འཇོག་དང་སྟན་འཇོག་དུས་གཅིག་ཏུ་བྱས་ཏེཿ མདའ་ཡལ་བ་བཞིན་དུ་ཀེ་རུའི་ཤ་ལ་རི་མཐོ་ནས་གཟིགས་ཚེཿ མཚོ་དམར་པོ་ཁྲག་གི་རྦ་རླབས་དགུང་དུ་འཕྱུར་བ་ཞིག་གི་ནང་ནས་དུག་སྦྲུལ་རེག་ཕུང་མགོ་དགུ་ལཿ དུག་གི་རླངས་པས་ས་གཞི་སྒྲིབ་པཿ ནད་རིགས་བཅོ་བརྒྱད་ཀྱི་ཆར་འབབ་པཿ མགོ་རེ་རེ་ལ་མིག་གསུམ་གསུམ་ཡོད་པཿ ངར་སྒྲས་འཇིག་རྟེན་གྱི་ཁམས་ཀུན་ཤིག་ཤིག་གཡོ་བ་ཞིག་གི་ལུས་དཔག་ཚད་དགུ་ཙམ་མཚོ་ནང་ནས་ཡར་ཕྱུང་བའི་ཚེཿ འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་ལྕགས་གཞུ་ནག་པོ་མགུལ་ཤེས་ནང་ལྕགས་མདའ་ཁྲག་འཐུང་གློག་ལྕེ་ངར་མ་བཞག་ནས་དཔའ་ངར་འགྱུར་བ་མེད་པའི་སྒོ་ནས་གླུ་འདི་བླངས་སོཿ གླུ་ཨ་ལ་མེད་ན་ལེན་ལུགས་མེདཿ མ་ཐ་ལ་མེད་ན་འགུགས་ལུགས་མེདཿ གནས་ལྷོ་ནུབ་པདྨ་འོད་གླིང་ནསཿ ཕ་རྗེ་བཙུན་པདྨ་ཐོད་ཕྲེང་དངཿ མ་མཁའ་འགྲོ་མཐིང་འོད་འབར་མ་མཁྱེནཿ རྐྱེན་མ་རིག་འཁྲུལ་འཁོར་ཞི་གྱུར་ཅིགཿ ཚུར་ཉོན་དང་བླ་སྦྲུལ་མགོ་དགུ་ལོཿ གླིང་གེ་སར་རྒྱལ་པོའི་དཔུང་གྲོགས་སུཿ ཆོས་མདོ་སྔགས་བསྟན་པའི་གཞི་མ་དངཿ བདུད་སྨོན་ལོག་གཞོམ་པའི་གཉེན་པོ་རུཿ ལྷ་གོང་མས་མངགས་པའི་ཕོ་ཉ་བཿ ང་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ཡིནཿ ལྷ་ཨོ་རྒྱན་གྲུབ་པའི་དབང་པོ་དེསཿ རང་སེམས་སངས་རྒྱས་རང་ངོ་སྤྲདཿ ལས་འབྲེལ་ཚད་རིག་འཛིན་སར་སྐྱེལ་བཿ ལམ་གསང་བ་སྔགས་ཀྱི་ཁྱད་ཆོས་ཡིནཿ ཁྱོད་ཀེ་རུའི་སྨོན་ལོག་བླ་སྦྲུལ་དེསཿ ལྷོ་འཛམ་གླིང་ནད་ཀྱི་ཆར་པ་ཕབཿ ཆོས་སངས་རྒྱས་བསྟན་ལ་བར་ཆད་བརྩམསཿ མ་འགྲོ་ལ་ཐར་བའི་སྒོ་མོ་བཀགཿ ཁྱོད་མ་བཏུལ་རང་ཡུལ་ཕྱིར་མི་ལྡོགཿ ངའི་མདའ་མོ་ཁྲག་འཐུང་གློག་ལྕེ་འདིཿ སྦྲུལ་ནག་པོའི་ཙིཏྟའི་ངོས་ལ་འཕེནཿ རྐྱེན་འཛོམས་པ་རླུང་སེམས་འཁྲུལ་རྒྱ་གཏོརཿ བདུད་སྨོན་ལོག་ཕོ་མོ་བརྒྱད་པོ་ཡིཿ ཚེ་བསོད་ནམས་དྭངས་མ་རང་གིས་ལེནཿ སེམས་ཨ་འཐས་གཟུང་འཛིན་བག་ཆགས་སྦྱངསཿ ཡིད་རྣམ་ཤེས་དཔག་ཚད་སྐར་མདའ་བཞིནཿ དབྱིངས་ཀུན་ཏུ་བཟང་མོའི་དགོངས་ཀློང་བསྲེཿ གླུ་གོ་ན་དད་དང་མོས་གུས་སྐྱེདཿ དོན་མ་གོ་མངོན་སྤྱོད་ཤུགས་ཀྱིས་སྒྲོལཿཞེས་གསུངས་ནས་མདའ་དེ་སྤྲིངས་ཚེ་དུག་སྦྲུལ་དེའི་སྙིང་དཀར་ནག་གི་སྲོག་རྩ་བཅད་ཀྱངཿ ད་དུང་འབྲུག་སྒྲ་ལྡིར་བའི་ངར་སྒྲ་སྒྲོགས་བཞིན་དུ་གཡུ་ལྷའི་སྟེང་ནུར་འོང་ཚེ་གྲི་གུ་ཟི་ནམ་མཁའ་སྐྱ་རེངས་དེ་གཡུག་ཐེངས་གཅིག་གིས་དུག་སྦྲུལ་གྱི་མགོ་བོ་དགུ་དེ་ཚལ་བར་གཤགས་ཤིང་རྣམ་ཤེས་དག་པའི་ཞིང་དུ་འདྲེན་པར་མཛད་དོཿདེ་ནས་ཨ་ཁྱུང་ཀེ་རུ་སྲིན་གླིང་གི་ཤར་བཙན་པོ་གོང་ཡག་རྐྱེན་པོ་དང་འདོད་ལྡན་ཡིད་འཕྲོག་བྱ་གདོང་ཅན་སོགས་ཀྱིསཿ སྲིན་ཐུལ་ལས་དམག་ཁྲི་བརྒྱད་འདུ་བར་བྱས་ནསཿ བཙན་པོ་གོང་ཡག་རྐྱེན་པོ་དེས་འདི་སྐད་སྨྲས་སོཿ ཨེ་ཨ་ཏྭཾ་ར་ཡ་ཏ་ཀེ་ཧོཿ བདུད་མགོན་པོ་བཀྲག་མེད་ནག་པོ་མཁྱེནཿ མི་ང་ལ་ཐུགས་རྗེ་སྤྱན་གྱིས་གཟིགསཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གནས་ཨ་ཁྱུང་ཀེ་རུ་སྲིན་གླིང་གིཿ ཤར་དུག་ཐང་སྲིན་པོའི་དགའ་ཚལ་རེདཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ བདུད་སེ་ཤིང་ནག་པོའི་དངོས་སྤྲུལ་པཿ ཕ་ནི་བཙན་ལ་མ་ནི་བདུདཿ བདུད་བཙན་བཤོས་པའི་དཔའ་བོ་མཆོགཿ བཙན་ཁ་ཤྭ་གོང་ཡག་རྐྱེན་པོ་ཡིནཿ དེང་འདིར་ཚོགས་སྲིན་ཐུལ་དཔའ་བོའི་དམགཿ སྙན་དར་ལུང་མ་གཡེངས་\་ལ་གསོནཿ ཤར་འདོད་ལྡན་ཡིད་འཕྲོག་བྱ་གདོང་ལཿ བདུད་དགའ་རབ་དཔའ་བོས་ལུང་བསྟན་བཞིནཿ ད་སང་ཉིན་ཉི་མའི་སྔ་ཆ་ལཿ ང་ཤར་བཙན་གོང་ཡག་རྐྱེན་པོ་དེཿ བཙན་རྟ་རླུང་ནག་འཕུར་ཤེས་ལཿ ཞོན་ནས་གླིང་ལ་འགྲོ་རྒྱུ་ཡིནཿ མ་ངན་བུ་ལ་སྐྲག་དོན་མེདཿ རྒོད་ངན་ཐོ་རུར་འཇིགས་དོན་མེདཿ རྒོད་པོའི་དཔའ་རྟགས་ང་ཡིས་ལེནཿ ངར་མའི་ངོ་ལེན་ང་ཡིས་བྱེདཿ རྒྱལ་ཁ་ཀེ་རུས་ལོན་ངེས་བྱེདཿ གླིང་དཀར་ཡེ་མེད་ཐུབ་ངེས་བྱེདཿ ཁྱེད་རང་བདུད་བློན་ཕོ་མོ་ཡིསཿ འབུམ་མེ་ཁྲབ་ཀྱི་རྒྱུན་ཐག་སྡོམསཿ རྨོག་ནག་དཔའ་བའི་འཕྲུ་ཐོ་ཚུགསཿ བློ་སེམས་གཅིག་སྒྲིལ་དཔའ་སྙིང་སྐྱེདཿ གླུ་གོ་ན་རྣ་བའི་བཅུད་ལ་དྲོངསཿ མ་གོ་གླུ་ལ་འགྲེལ་བ་མེདཿཅེས་ཟེར་ནས་བཙན་རྟ་རླུང་ནག་འཕུར་ཤེས་ལ་ཞོན་ཏེ་གློག་དམར་འཁྱུག་འཁྱུགཿ ཐོག་སེར་ཁོལ་ཁོལཿ དུག་ཟེར་འཚུབ་འཚུབ་བྱས་ནས་ཨ་འཛོམས་གཡུ་རི་གོང་མར་སླེབས་ཚེཿ གླིང་ལྷ་དམག་དཀར་པོའི་གཞི་དཀྱིལ་ནས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེ་འདོ་བ་གནམ་ཡག་གོང་སྔོན་ལ་ཆིབས་ནས་གློག་ཞགས་འཁྱུག་བཞིན་དུ་ཕེབས་ཙ་ནཿ བཙན་ཁ་ཤྭ་གོང་ཡག་རྐྱེན་པོ་དེའི་སེམས་ལ་དཔའ་ངར་འཁྲུགསཿ དུག་མདའ་ལ་དུག་ཟེར་ཁོལཿ ལྕགས་གཞུ་ལས་མེ་རླུང་འཚུབ་བཞིན་དུ་འཇང་གཡུ་ལྷ་ལ་གླུ་འདི་སྐད་བླངས་སོ།།ཨེ་ཨ་ཏྭཾ་ར་ཡ་ཏ་ཀེ་ཧོཿ དགོངས་ཨ་སྔོན་སྤྲིན་གྱི་ཞལ་ཡས་ནསཿ བཙན་རྗེ་ཁྲོམ་འབར་ཐོག་དམར་མཁྱེནཿ གོང་ཡག་ང་ལ་སྡོངས་གྲོགས་མཛོདཿ ས་འདིའི་ས་ངོ་མ་ཤེས་ནཿ ཨ་འཛོམས་གཡུ་རི་གོང་མ་རེདཿ ང་འདྲ་ང་ངོ་མ་ཤེས་ནཿ ཕ་བཙན་རྗེ་དུག་སྡོང་དམར་པོའི་བུཿ དཔའ་རྐྱེན་པོ་གོང་ཡག་ཁ་ཤྭ་ཡིནཿ ཡུལ་ཀེ་རུས་དཔའ་བརྗིད་ས་ལ་འགྲནཿ ས་ཡང་བརྗིད་ཆེ་ཡང་མི་ཐེག་ཙམཿ ང་གོང་ཡག་སྐྱེས་པ་བྲག་ལ་སྐྱེསཿ བྲག་བཙན་དམར་སྲ་མཁྲེགས་ཨེ་ཤེས་དོཿ ང་འབྱུང་བ་ལྔ་ལ་རང་དབང་ཐོབཿ ཆོས་བསྟན་པ་རྨང་མེད་བཟོ་མི་ཡིནཿ ཚུར་ཉོན་དང་སྡར་མ་སྔོན་པོ་སྐྱཿ ཁྱོད་སུ་ཡིན་མིང་ལ་ཇི་སྐད་ཟེརཿ ཕ་ཤི་བླ་མ་སུ་འདྲ་དྲངསཿ ཟོག་ཤོར་ར་མདའ་གང་དུ་འགྲོཿ གླིང་ཇོ་རུའི་སྤྲང་སྡེ་ཨེ་ཡིན་ལོཿ མ་གསང་དྲང་པོའི་གཏམ་བཤད་ནཿ མི་གསོད་ཚེ་ཐར་བྱེད་རྒྱུ་བཟོཿ ཀེ་རུའི་གཡོག་ལ་ཁྲིད་ནས་འགྲོཿ གལ་ཏེ་རྒོལ་བའི་གཏམ་བཤད་ནཿ ཤ་ཁམ་ཁྲག་ཐིག་མི་གསོད་རེཿ གཏམ་གོ་ན་གཡོ་མེད་དྲང་གཏམ་གྱིསཿ མ་གོ་སྲོག་དམར་ཆད་པ་བཟོཿཞེས་ཟེར་ནས་དུག་ལྔ་འཁྲུགས་པའི་ལུས་ལ་འགྱིང་སེམས་ཀྱིས་མེ་རོ་རང་དུ་འབར་ཏེ་གཏུམ་རྔམ་དྲག་པོའི་ངང་ནས་མདའ་གཞུ་སྟེང་དུ་བཞག་ནས་གླུ་རེ་ཡོད་འོང་སྙམ་ནས་ཅུང་སྒུག་ཞིག་བྱེད་ཚེཿ འཇང་གཡུ་ལྷས་ལྕགས་གཞུ་ནག་པོ་འགུལ་ཤེས་ཀྱི་སྟེང་དུ་མདའ་ཁྲག་འཐུང་གློག་ལྕེ་ངར་མ་བཞག་ནས་དཔའ་ངར་འགྱུར་བ་མེད་པའི་གླུ་འདི་བླངས་སོཿཨོཾ་སྐྱེ་མེད་ཆོས་སྐུའི་ཕོ་བྲང་ནསཿ ལྷ་དབང་ཆེན་པདྨ་ཐོད་ཕྲེང་རྩལཿ འགག་མེད་གསལ་དག་ཐིག་ལེའི་ཀློངཿ ཡི་དམ་གསང་བདག་ཕྱག་རྡོར་རྗེཿ རྩོལ་མེད་གདུལ་བྱའི་མོས་མཚོ་རུཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མཁྱེནཿ མི་སྡིག་ཅན་འདྲེན་པའི་ཕྲིན་ལས་མཛོདཿ ས་འདི་འདྲའི་ས་ངོ་མ་ཤེས་ནཿ གནས་ཨ་འཛོམས་གཡུ་རི་གོང་མ་རེདཿ ང་འདྲའི་ང་ངོ་མ་ཤེས་ནཿ སྔོན་སྨོན་ལམ་ཨོ་རྒྱན་ཡུལ་ནས་ཐེབསཿསྐུའི་མཛད་པ་གངས་སྗོངས་བོད་ཀྱི་ཡུལཿ སྐྱེས་པ་འཇང་གི་ཡུལ་དུ་སྐྱེསཿ གནམ་ལྕག་ཐོག་ལ་འགྱུར་ན་ཐརཿ རྩལ་རྒོད་ཐོག་འགྱུར་དེ་ནས་ཐོགསཿ ཆོས་མདོ་སྔགས་བསྟན་པའི་གཞི་མ་ཡིནཿ \ིང་གེ་སར་སྐྱེས་བུའི་བཀའ་བློན་ཡིནཿ བདུད་ནག་པོ་འདུལ་བའི་གཉའ་ཤིང་ཡིནཿ ཤར་སེང་གེ་དཀར་མོའི་འགྱིང་ཡ་དེཿ ནགས་ཕྱུག་མོའི་རྒྱ་སྟག་ཁྲ་བོ་རེདཿ མཐའི་རྒྱ་མཚོ་ཆེན་པོའི་སྐྱོར་ཡ་དེཿ ཕྱོགས་མཐའ་བཞིའི་ཡོན་ཆབ་གཙང་པོ་རེདཿ གླིང་སེང་ཆེན་དཔའ་བོའི་དཔུང་རོགས་དེཿ ང་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་རེདཿ ཡ་ཁོ་རེ་ཚེ་ཟད་ཁ་ཤྭ་ཁྱོདཿ ཕོ་ཁེར་འགྲོས་རྟིང་མ་ལོན་མདོག་བྱེདཿ མདའ་ཁེར་འཕེན་དགྲ་བོ་ཐུབ་མདོག་བྱེདཿ ཨ་མཚར་པོ་ཀེ་རུའི་ཡུལ་གླིང་ནསཿ མི་ཁ་རལ་རྒོད་པོའི་དང་རྩེ་ཟེརཿ གཏམ་དྲང་མོ་ཤོད་དང་མི་གསད་ཟེརཿ ངོ་ཚ་རྒྱུ་ཨེ་གདའ་ཁྱི་ཡི་བུཿ ཁྱོད་ཨ་བ་རེ་ལ་སྙིང་རེ་རྗེཿ བྱ་རྒྱལ་ཁྱུང་གི་གཤོག་རྩལ་དངཿ བྱ་ནག་ཁྭ་ཏའི་གཤོག་ལྡེབ་གཉིསཿ འདྲ་བསམ་ཡོད་ཀྱང་བསྡུར་རྒྱུ་མེདཿ ཁྱུང་མཁའ་ལྡིང་རི་རབ་རྩེ་ལ་བབཿ བྱ་ཁྭ་ཏ་གྲོང་མཐའི་ནགས་ལ་ལུསཿ འདྲ་བསམ་ན་རི་རབ་རྩེ་ལ་ཤོགཿ ང་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དངཿ ཁྱོད་མ་ནུས་སྡར་མ་ཁ་ཤྭ་གཉིསཿ འདྲ་བསམ་བསྡུར་ཐབས་ག་ལ་ཡོདཿ ངས་མདའ་གཅིག་མི་འཕེན་ཐོག་གཅིག་འཕེནཿ མདའ་ཁྲག་འཐུང་གློག་ལྕེ་ངར་མ་འདིཿ མ་འཕང་གཡུ་ལྷ་དཔའ་བོ་མིནཿ མ་ཆོད་གནམ་ལྕགས་མདེའུ་མིནཿ ཁྱོད་དྲིན་ཆེན་ཕ་དང་མ་ལོ་ལཿ ཤི་ཁའི་ཁ་ཆེམས་ཡོད་དང་མེདཿ མེད་ན་སྲོག་དམར་ཆད་ལེ་ཡིནཿ སྙིང་རྩ་ནག་ཁྲོ་ཆུ་མདའ་ཡིས་གཏོརཿ སེམས་རྣམ་ཤེས་མཁའ་སྤྱོད་ཞིང་ལ་འདྲེནཿ སྲིད་ཁམས་གསུམ་འཁོར་བ་སྟོངས་གྱུར་ཅིགཿཅེས་གླུ་དེ་ལྟར་བླངས་པ་དང་མཉམ་དུ་བཙན་རྒོད་ཁ་ཤྭ་དང་མདའ་མཉམ་འཕེན་བྱེད་ཚེ་གཡུ་ལྷ་ལ་དགྲ་བླའི་སྲུང་མའི་མཐུ་ཡིས་གནོད་པ་ཅི་ཡང་མ་བྱུང་གཡུ་ལྷའི་མདའ་དེས་བཙན་རྒོད་ཁ་ཤྭའི་དོན་ལྔ་སྣོད་དྲུག་གཏོར་བ་དང་དུས་གཅིག་ཏུ་རྣམ་ཤེས་པད་མ་འོད་གླིང་དུ་བཀོད་ཅིང་མགོ་རྨོག་དར་འཕྲུ་བཅས་བཅད་ནས་བཙན་རྟ་ལ་ཕྱི་ཤད་བྱས་ནས་གླིང་སྒར་དུ་ཁྲིད་འོང་ཚེ་སེང་ཆེན་གྱི་གཙོས་དཔའ་བརྟུལ་རྣམས་ཀྱིས་དགའ་སྤྲོའི་གསོལ་སྟོན་དང་རིན་ཆེན་སྣ་ཚོགས་ཀྱིས་འཇང་ཕྲུག་གཡུ་ལ་གཏང་རག་ཕུན་སུམ་ཚོགས་པ་ཕུལ་ཞིང་བཞུགས་སོཿདེ་ནས་ཨ་ཁྱུང་ཀེ་རུའི་རྒྱལ་ཁབ་ཏུ་བཙན་གོང་ཡག་ཕྱིར་ཡོང་རྒྱུ་མེད་ཚེ་མཚན་སྟོད་དུས་སུ་ཤར་འདོད་ལྡན་ཡིད་འཕྲོག་བྱ་གདོང་མ་དེའི་མངོན་ཤེས་ཀྱིས་བརྟགས་ནས་བཙན་གོང་ཡག་ཤོར་སོང་བ་ཤེས་ཚེཿ ཁྱེད་བློན་འབངས་ཀུན་རེ་ཞིག་སྡོད་དང་ང་ལྟ་རུ་འགྲོ་ཟེར་ནས་བདུད་མོ་དེ་སྐད་ཅིག་གིས་ཨ་འཛོམས་གསེར་གྱི་དགའ་འཁྱིལ་ཐང་དུ་ནམ་མཁའ་རྟེན་མེད་དུ་འཕུར་ནསཿ ནམ་ལངས་ཉི་ཤར་དུས་སུ་གླིང་སྒར་གྱི་མཐའ་རུ་བུད་མེད་གཞོན་ནུ་མ་གཟུགས་མཛེས་པ་མགོ་ལ་གཡུ་རབ་བཅོ་བརྒྱད་ལུས་ལ་གསེར་རབ་བཅོ་བརྒྱད་སོགས་མཛེས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་རྟ་དཀར་པོ་དུང་རི་གཡུ་རྔོག་ལ་ཆིབས་ཤིང་འཁོར་དུ་མོ་སྨན་བཞིས་བསྐོར་བ་ཞིག་ཏུ་སྤྲུལ་ནས་འོང་ཚེ་གླིང་དཀར་པོའི་ནང་ནས་རྒྱལ་བློན་ཀུན་གྱིས་སུ་ཡིན་ཞེས་གླེངཿ དེ་ཚེ་གདོང་མ་བཞིའི་དཔོན་པོ་ཁྲོ་ཐུང་དེས་སྐུ་ལ་གོས་གསེར་རིས་སེང་འབྲུག་ཁ་སྤྲོད་ཀྱི་ལྭ་བ་སོགས་གྱོན་ཞིང་འདོ་བ་འཕར་བ་རྔ་ནག་ལ་ཆིབས་ནས་མཛོད་དར་ཉིན་མོ་བདེ་ལེགས་ཤིག་ལག་ཏུ་བཟུང་ནས་ཤར་རྒྱག་ཏུ་བུ་མོ་རྣམས་དང་ཉེ་བའི་སར་སླེབས་ཚེ་\་འདི་བླངས་སོཿཨོཾ་པད་མ་ཀྲོ་ཏ་རཱ་ཛ་ཧཱུྃཿ གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ ཨོཾ་ཆོས་དབྱིངས་སྟོང་པའི་ཀློང་དཀྱིལ་ནསཿ ཕ་བཀའ་བརྒྱུད་བླ་མ་དེ་རིང་བྱོནཿ ལྷ་རྟ་འགྲིན་དམར་པོ་བཀའ་དྲིན་ཅནཿ བུ་ང་ཡི་འདོད་དོན་འགྲུབ་པར་མཛོདཿ ཨེ་ཨ་ལ་སྣང་བའི་དགའ་ལུགས་ལཿ སྨན་ཆགས་ལྡན་ཡིད་དབང་འགུགས་\་ལེནཿ ས་འདི་ནི་ཨ་འཛོམ་གསེར་གྱི་ཐངཿ མི་ང་འདྲ་ང་ངོ་མ་ཤེས་ནཿ སྔོན་གྲུབ་ཆེན་པདྨ་བཛྲ་ཡིནཿ རྨ་གླིང་དཀར་ཡུལ་གྱི་ཤར་སྟོད་ནསཿ རྫོང་བཙན་པོ་མདུང་རྩེ་བྲག་དམར་དུཿ ཆེ་རྒྱུད་སྟག་མོ་ཐང་གང་ལཿ སྟག་འཛུམ་དྲུག་ངོམས་མི་ཁྲོ་ཐུང་ཡིནཿ གཏམ་ཚིག་སུམ་འདྲ་མ་བཤད་ས་མེདཿ ཅེ་རེ་མིག་གིས་ལྟ་ས་མེདཿ ལྷང་ངེ་མིང་ནས་འབོད་ས་མེདཿ གདོང་སྟག་རུང་དཔོན་པོ་ཁྲོ་རྒྱལ་ཟེརཿ ཁྲོ་བ་སྡང་བའི་དགྲ་ལ་བྱེདཿ རྒྱལ་བ་བྱམས་པའི་གཉེན་ལ་བྱེདཿ ང་སྲིན་ཁྲབ་དམར་པོའི་ནང་རྫོང་ཡིནཿ སྲིན་གྲི་དམར་པོའི་རྩེ་ཡ་ཡིནཿ སྲིན་རྟ་དམར་པོའི་གོང་གནོན་ཡིནཿ དེ་ནས་ང་ལ་ཉན་རྒྱུ་ལཿ ཁྱེད་སུ་ཡིན་གང་ཡིན་བཤད་མ་དགོསཿ སྐུ་མཛེས་སྡུག་མེ་ཏོག་ཁྲ་ཆུང་ཁྱེདཿ དཀར་ལ་དམར་བའི་འཛུམ་མདངས་ཅནཿ ལི་ཁྲིའི་མཚལ་གྱིས་བརྒྱན་པ་འདྲཿ རྗེ་གཡུ་འབྲུག་སྟོབས་ལྡན་རྒྱལ་པོ་ཡིཿ སྲས་མོ་དབྱངས་ཅན་རྣམ་སྤྲུལ་ལཿ སྨན་འོད་གསལ་སྒྲོལ་མ་ལོས་རེ་ཡིནཿ ཡིན་ན་སྟག་རུང་གླུ་ལ་ཉོནཿ ད་ལོ་ཇུས་ཀྱི་ཡོ་ལང་འདིཿ རྩ་བ་ཁྱེད་ལ་ཐུག་ནས་ཐལཿ དེ་སྟེ་ཅི་འདྲ་བྱེད་བསམ་ཡོདཿ ད་རེས་བུ་མོ་འོང་བ་ལེགསཿ ཀེ་གླིང་འདུན་མ་བུ་མོས་གྱིསཿ ང་སྟག་རུང་དཔོན་ལ་སྒོ་གསུམ་ཕུལཿ བདེ་སྟོང་སྒོམ་པའི་གྲོགས་མོ་གྱིསཿ བུ་མོའི་འདུན་མ་ང་ལ་བབཿ ངས་ཕོ་སར་བརྒྱ་ཡི་འགྲན་ཟླ་བྱེདཿ མོ་སར་བརྒྱ་ཡི་ཚེ་རོགས་བྱེདཿ སྨན་བུ་མོས་སེམས་རྩ་རྒས་ལ་སྤྲོཿ ཡིད་སྤྲོ་བའི་སེམས་ལ་མེ་ཏོག་འཁྲུངསཿ ཚེ་རྟག་ཏུ་དགའ་སྐྱིད་ཉི་མ་ཤརཿ ལར་འདི་འདྲའི་བསམ་པ་འགྲུབ་ལུགས་ལཿ རྗེ་སེང་ཆེན་མདུན་ལ་མ་སོང་ཆོགཿ སྲས་དགྲ་ལྷ་དཔོན་ལ་མ་ཞུས་ཆོགཿ ད་འགྲོ་འགྲོ་སྟག་རོང་ཤོག་ལ་འགྲོཿ དོན་དེ་ཚོ་བུ་མོའི་ཐུགས་ལ་ཞོགཿ
ཅེས་གསུངས་ཚེཿ བུ་མོ་དེས་དར་དཀར་གསེར་གྱི་རི་མོ་ཅན་དང་གསེར་སེར་པོའི་སྒོར་མོ་བཅུ་གསུམ་བླངས་ཏེ་\་འདི་བླངས་སོཿ
གླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ ལྷ་སྟོབས་ལྡན་དབང་ཕྱུག་ཆེན་མོ་དེསཿ ང་སེར་མོའི་གླུ་སྣ་དྲང་དུ་གསོལཿ ས་འདི་ནི་ཨ་འཛོམས་དགའ་འཁྱིལ་ཐངཿ སྨན་ང་ནི་སྲས་མོ་འོད་གསལ་སྒྲོནཿ དོན་ཡིན་ལུགས་གླུ་ཞུས་མ་བྱས་ཀྱངཿ གླིང་ཁྲོ་ཐུང་རྒྱལ་པོས་དགོངས་བཞིན་ཡིནཿ ད་ལོ་ཇུས་ཀྱི་ཡོ་ལང་འདིརཿ རྩ་བ་སྤུ་ཙམ་མེད་ན་ཡངཿ རྩོད་པ་ཁྲག་གི་འཁོར་ལོ་བསྐོརཿ ཁར་སང་གོང་ཡག་བཙན་པོ་དེཿ རིན་ཆེན་སྲོག་དང་བྲལ་བར་གྱུརཿ ང་བུ་མོའི་ཡིད་རྩ་དགའ་ཞིང་སྤྲོཿ མི་དེ་ནི་ཆོས་ལ་གནག་པས་རྐྱེནཿ ངེད་ཡབ་སྲས་དབུ་འཕང་ཆུ་ལས་དམའཿ ཆོས་དཀར་པོའི་བསྟན་པ་ནུབ་ལ་ཁདཿ ད་སེར་མོ་ང་ཡི་བསམ་ཚུལ་ལཿ ཁྱེད་སྟག་རོང་ཁྲོ་རྒྱལ་རིན་པོ་ཆེཿ མ་བཞུགས་ཀེ་རུའི་ཡུལ་དུ་བྱོནཿ ངེད་ཡབ་སྲས་མགོ་འབུལ་ཁྱེད་ལ་འབུལཿ རྒྱལ་པོས་ཅི་གསུངས་དང་ལེན་བྱེདཿ བདུད་ཤ་ཟན་ཕོ་མོ་ཐབས་ཀྱིས་བརྟུལཿ ཚེ་ད་གང་གཉན་པའི་འབའ་ཞིག་འཇོགཿ ཚེ་ཕྱི་མར་གཉན་པའི་མནའ་ཞིག་འཇོགཿ དུས་དེ་རིས་རྟེན་འབྲེལ་འགྲིགས་ལུགས་ལཿ ད་མ་བཞུགས་ལ་མོ་འབྱོན་རོགས་མཛོདཿ དཔོན་ཁྲོ་རྒྱལ་ཐུགས་ལ་དེ་ལྟར་ཞོགཿ
ཅེས་ཟེར་ནས་ཕན་ཚུན་དར་དཀར་འབུལ་རེས་བྱེད་ཚེ་ཁྲོ་ཐུང་དགའ་དྲགས་ནས་ཅི་བྱེད་འདི་བྱེད་མེད་པར་ཡར་བཞེངས་མར་བཞུགས་བྱེད་བཞིན་བསྡདཿ བུ་མོའི་བསམ་པར་ཁྲོ་ཐུང་འདི་གཡོ་ཐབས་ཀྱིས་ཀེ་རུའི་ཡུལ་དུ་ཁྲིད་ཐབས་བྱུང་ན་གླིང་གི་རྒྱུ་མཚན་ཐམས་ཅད་ཞིབ་རྒྱས་སུ་དྲིས་ནས་གསལ་ཐག་ཆོད་ཤེས་ཚེ་གླིང་འདུལ་བའི་ཐབས་ཡོད་བསམ་ནས་དགའ་བཞིན་དུ་ཇ་བསྐོལ་ཞིང་ཤ་ཆང་གི་གསོལ་བ་མཛད་ནས་སོས་དལ་ཁུལ་དུ་འདུག་ཚེ་སྔགས་མཁན་ཁྲོ་ཐུང་རྒྱལ་པོ་དེ་ཨ་ནུ་ཡོ་གའི་རྣལ་འབྱོར་བ་ཡིན་པས་མོའི་རིགས་ལ་བརྟགས་ཚེ་མཚན་ལྡན་གྱི་མཁའ་འགྲོ་ཡིན་པ་ཕར་ཞོགཿ བདུད་དམར་མོ་ཚེ་ལེན་མའི་མཚན་ཉིད་ཅིག་འདུག་སྙམ་པའི་ངང་ནས་སྐད་ཅིག་གིས་བདེ་སྟོང་རོལ་བ་ཆེན་པོའི་ཏིང་ངེ་འཛིན་ལ་དལ་གཅིག་བཞུགས་ནས་ཐུགས་ཀའི་ཡེ་ཤེས་ཀྱི་འོད་དམར་རྡོ་རྗེའི་ཞགས་པ་སྤྲོས་ཚེཿ བུད་མེད་དེའི་སྤྲུལ་པ་རང་ཞིག་ཏུ་གྱུར་ནས་འདོད་ལྡན་ཡིད་འཕྲོག་བྱ་གདོང་ཅན་དངོས་སུ་གྱུར་ཅིང་ཁྲོ་ཐུང་གི་སྟེང་དུ་ལུས་གཡུ་འབྲུག་གི་ཐུལ་བ་སྤྲུགསཿ མགོ་རལ་པའི་དུག་སྤྲིན་བསྡུས་ཐོག་དམར་པོའི་མདའ་ཆེན་དགུ་ཕབ་ཀྱངཿ སྔགས་འཆང་ཁྲོ་ཐུང་རྒྱལ་པོ་ཆོས་ཉིད་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག་ཡོད་པས་གནོད་སྐྱོན་ཅི་ཡང་མ་བྱུངཿ དེ་ནས་ཁྲོ་ཐུང་གི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་མེ་དཔུང་གི་འཁོར་ལོའི་དབུས་སུ་བདུད་མོ་དེ་གར་ཡང་མ་མངགས་པར་གླིང་དཀར་ལ་འབོད་པའི་ཆ་གླུ་འདི་གསུངས་སོཿཧེ་ཀྭི་གཅིག་ཀྭི་གཉིས་ཀྭི་སྒྲ་གསུམཿ གླིང་དཔའ་ཐུལ་དཔའ་བོའི་སྡེ་ཚོགས་གསོནཿ བདུད་ཡིད་འཕྲོག་འདོད་ལྡན་བྱ་གདོང་འདིསཿ མི་གསོན་པོའི་ཤ་ལ་ཧབ་ཐོབ་བྱེདཿ མི་ཁྲག་གསར་བ་རྔམ་འཐུང་བྱེདཿ མ་ཏྲཾ་ མགོ་སྐྲའི་ཞགས་པ་བཟུངཿ རལ་གྲི་ཡ་རྩ་མེ་འབར་ཕྱརཿ བམ་ཆེན་རོ་ཡི་ལགས་ཆ་བཟུངཿ ཡུལ་དགུ་ཕོངས་པའི་སྨོན་ལོག་རེདཿ ཨ་ཙེ་བདུད་མོའི་རྔམ་འཇིགས་ལཿ ཨ་ཁུའི་ར་མདར་ལ་མོར་ཤོགཿ ཚ་བོ་གེ་སར་རྒྱལ་བོ་དངཿ ལྷ་སྲས་འདན་གཡུ་ལ་སོགས་པའིཿ དཔའ་བརྟུལ་ཁོ་རྒོད་ང་རྒོད་རྣམསཿ དེ་རིང་མེད་དོན་ཅི་ལ་རེདཿ མྱུར་བྱོན་མྱུར་བྱོན་ཨ་ཁུར་གཟིགསཿ མགོན་ཆོས་སྐྱོང་སྲུང་མས་སྡོངས་གྲོགས་མཛོདཿཅེས་བསྐུལ་བ་ནཿ གླིང་དཀར་ལྷ་དམག་གི་གཞི་དཀྱིལ་ནསཿ འདན་སྲས་གཡུ་འོད་འབུམ་མེ་དེ་རྟ་མགྱོགས་པ་ཅང་ཤེས་གཡུ་རྔོག་ལ་ཞོན་ནས་སླེབས་ཚེཿ མདའ་ཉག་ཕྲན་གཞུ་སྟེང་དུ་བཞག་ནས་འདོད་ལྡན་བྱ་གདོང་མ་ལ་གདུག་པ་སྙིང་འདར་གྱི་གླུ་འདི་བླངས་སོཿགླུ་ཨ་ལ་མི་ཟེར་ལེན་ལུགས་མེདཿ མ་ཐ་ལ་མི་ལེན་འགུགས་ལུགས་མེདཿ ཨོཾ་དམ་ཆོས་མ་ཎི་པད་མེ་ཧཱུྃཿ བཀའ་ཡང་དག་ཆོས་ལ་གསོལ་བ་འདེབསཿ གནས་དུར་ཁྲོད་མེ་རི་འབར་བ་ནསཿ ལྷ་གཞོན་ནུ་དཔའ་བོ་སྟོབས་ལྡན་མཁྱེནཿ ས་འདི་ནི་ཨ་འཛོམས་དགའ་འཁྱིལ་ཐངཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ སྔོན་འཕགས་ཡུལ་གྲུབ་ཆེན་ཤ་བ་རིཿ མགོན་འཇམ་དཔལ་དཔའ་བོའི་ཐུགས་སྤྲུལ་མཆོགཿ ཁྲ་མོ་གླིང་དཀར་སྟོད་ནས་ཡིནཿ འདན་དམག་ཁྲི་སྐོར་བཅུ་གཉིས་ཀྱིཿ རྩེ་འཛིན་འདན་མ་བསམ་འགྲུབ་ཀྱིཿ ང་སྲས་ཆུང་གཡུ་འོད་འབུམ་མེ་ཡིནཿ ལས་མངོན་སྤྱོད་གྲུབ་པ་ཐོབ་མི་ཡིནཿ མདའ་སྐྱེན་པོའི་རང་དབང་ཐོབ་མི་ཡིནཿ བདུད་སྡིག་ཅན་གསོད་པའི་ཕུར་ཐོགས་ཡིནཿ ཁྱོད་ཕུང་མོ་གཡོ་ཟོལ་དམ་སྲིའི་རིགསཿ ཁྱོད་དད་པ་ཡོད་ན་ཞི་བས་འདྲེནཿ ལོག་འདྲེན་རྒོལ་ན་དྲག་པོས་བཏུལཿ ཆོས་མདོ་སྔགས་བསྟན་ལ་འཚེ་བའི་དགྲཿ སའི་སྟེང་དུ་བཞག་ན་བསྟན་པ་འཇིགཿ ཞིང་འདི་རུ་འདུག་པའི་སྐལ་བ་མེདཿ གཏམ་གོ་ན་སེམས་ཀྱི་དཀྱིལ་དུ་ཞོགཿ མ་གོ་ན་ཡང་ཐར་འཆོར་མེདཿཅེས་གསུངས་རྗེསཿ འདོད་ལྡན་ཁྲོ་གཏུམ་བྱ་གདོང་མས་མིག་གཉིས་ཉི་ཟླའི་འོད་ཟེར་སྒྲིབཿ འཛུབ་མོའི་རྩེ་ནས་གནམ་ལྕགས་ཀྱི་ཐོག་སེར་ཁོལ་བཞིན་\་འདི་ལྟར་བླངས་སོཿཨེ་ཨ་ཏྭཾ་ར་ཡ་ཏ་ཀེ་ཧོཿ བདུད་འདོད་རྒྱལ་དགའ་རབ་དཔའ་བོ་མཁྱེནཿ ང་བདུད་མོའི་བསམ་དོན་འགྲུབ་པར་མཛོདཿ ས་འདི་ནི་ཨ་འཛོམ་གསེར་ཐང་རེདཿ སྨན་ང་ནི་ཚེ་རབས་ལྔ་བརྒྱ་རུཿ བསྟན་འགྲོ་ལ་གནོད་པའི་ལོག་སྨོན་བཏབཿ བདུད་དགའ་རབ་དབང་ཕྱུག་ཐུགས་སྲས་ཡིནཿ དུས་ནམ་ཞིག་སྙིགས་མ་ལྔ་བདོའི་ཚེཿ སྤྱིར་སངས་རྒྱས་བསྟན་པའི་དབུ་འཕང་སྨདཿ སྒོས་རབ་བྱུང་ངུར་སྨྲིག་བསྟན་ལ་འཚེཿ ཁྲིམས་ལྡན་གྱི་རྒྱུད་ལ་ཆགས་སེམས་བསླངསཿ བློ་མ་རུངས་ལོག་པའི་ལམ་དུ་བསྒྱུརཿ ལམ་བསླབ་པའི་རྩ་བ་རྨང་མེད་བྱེདཿ ངས་སྤྲུལ་པའི་དམ་སྲི་གྲངས་ལས་འདསཿ གཞི་ཚུལ་ཁྲིམས་རལ་བའི་རྩ་བ་དེཿ ང་འདོད་ལྡན་ཡིད་འཕྲོག་བྱ་གདོང་ཡིནཿ ཡ་ཁོ་རེ་གླིང་ཕྲུག་མ་སྐྱེས་པཿ ངའི་བློ་ཕུགས་མུ་སྟེགས་སྟོན་པ་དྲུགཿ ལྟ་སྤྱོད་རྟག་ཆད་མཐའ་ལ་གནསཿ ཤི་བསམ་པ་ཞེ་ལ་ཡོད་ལེ་མིནཿ ངའི་ལུས་འདི་རིན་ཆེན་ལྕགས་ལས་གྲུབཿ གནམ་ལྕགས་ཐོག་གིས་མ་བཞུས་ནཿ མདའ་ཤིང་ལྕགས་སྤྲད་མས་ག་ལ་ཕུགསཿ ཆོས་མིན་ཤཱཀྱའི་བསྟན་པ་ལཿ ང་མི་དད་ངེས་པ་ཐག་གིས་ཆོདཿ ཕ་ཀི་རི་བོ་བརྗིད་ལྡན་དེཿ ངས་མཛུབ་མོས་བསྐོར་ན་ཨེ་འདྲ་རེདཿ ཁྱོད་གསོད་པའི་ལས་ཀྱི་སླ་བ་མེདཿ གླུ་གོ་ན་འདན་ཕྲུག་སེམས་ལ་ཞོགཿ དོན་མ་གོ་སྲོག་གཅོད་ཤན་ལས་བྱེདཿཅེས་ཟེར་ནས་རི་བོ་མཛུབ་མོའི་རྩེ་ལ་བསྐོར་ནས་འཕེན་གྲབས་བྱེད་ཚེ་འདན་སྲས་དེ་དཔའ་ངར་རབ་ཏུ་རྒྱས་ཏེ་འཁོར་བ་དོང་སྤྲུགས་ཀྱི་གླུ་འདི་བླངས་སོཿ ཨོཾ་བུངྔྷ་ངྷརྨཱ་སཾ་གྷ་ཡཿ གླུ་ཨ་ལས་དཀར་ཕྱོགས་དབུ་འཕང་མཐོཿ མ་ཐ་ལས་ནག་ཕྱོགས་རྩད་ནས་གཅོདཿ མགོན་བསླུ་མེད་བླ་མ་མཆོག་གསུམ་མཁྱེནཿ ལྷ་འཇམ་དཔལ་གཞོན་ནུས་གླུ་སྣ་དྲོངསཿ མགོན་གཤིན་རྗེ་གཤེད་པོས་སྡོངས་གྲོགས་མཛོདཿ ངས་བསླུ་མེད་ཚིག་གི་བདེན་གཏམ་བཤདཿ དབྱིངས་ནམ་མཁར་ཉི་ཟླ་གསལ་ཞིང་བཀྲཿ སྣང་སྟོང་ཟུང་དུ་འཇུག་པའི་བརྡཿ སེམས་འགྱུར་བ་སྟོང་པར་ཟུང་འཇུག་འདིཿ རིག་པ་རང་བྱུང་འགག་མེད་བརྡཿ བདེན་གཉིས་འགྱུར་མེད་ངོ་མཚར་ཆེཿ མདའ་ཉག་ཕྲན་ཕོ་ཉ་སྤྲིངས་པ་འདིཿ འཛུམ་དྲུག་ལྡན་་རྒྱ་སྟག་སླེབས་པ་འདྲཿ དོམ་ནག་པོ་ཁྲག་གིས་བརྒྱགས་པ་འདྲཿ འོག་དུག་འཚོ་འཕྱུར་བའི་ངད་རླུང་འདྲཿ ཁྱོད་ཤེས་མེད་ནག་མོའི་མགོ་འཕང་མཐོཿ སྤུར་མ་མེ་དང་འཕྲད་པ་བཞིནཿ རྐྱེན་གཟུང་འཛིན་འཁྲུལ་པའི་ལུས་རྒྱ་གཏོརཿ བདུད་དམ་སྲིའི་སྙིང་ལ་མཱ་ར་ཡཿ གླུ་གོ་ན་རྣ་བའི་བཅུད་དུ་དྲོངསཿ མ་གོ་གླུ་ལ་ཡང་ཟློས་མེདཿ ཁྱོད་བདུད་མོའི་སེམས་ལ་དེ་ལྟར་ཞོགཿཅེས་གསུངས་ཤིང་མདའ་སྤྲིངས་ཚེ་བདུད་མོའི་སྙིང་ཚལ་བ་བརྒྱད་དུ་གཏུབས་ཀྱང་སྨོན་ལོག་གི་སྟོབས་ཀྱིས་ད་དུང་དབུགས་མ་ཆད་ཚེ་སྔགས་ཀྱི་དབང་ཕྱུག་ཁྲོ་ཐུང་རྒྱལ་པོས་སྐེད་ཕུར་ནམ་མཁར་ཕྱར་ནས་གླུ་འདི་བླངས་སོཿཨོཾ་ཧྱ་གྷྲྀ་ཝ་ན་མོ་ཧཱུྃཿ གླུ་ཨ་ལ་བརྗོད་ན་དཔའ་བོ་དགྱེསཿ མ་ཐ་ལ་བསྒྲགས་ན་དཔའ་མོ་དགྱེསཿ ངའི་སྦྱོར་སྒྲོལ་རོལ་བའི་བདེ་སྟོང་སྐུསཿ ང་སྔགས་པའི་བཞེད་དོན་གྲུབ་པར་མཛོདཿ མཐའི་འདོད་ལྡན་དམ་སྲི་བྱ་གདོང་མཿ སེམས་ཆགས་སྡང་རང་མཚན་འཁྲུལ་དབང་གིསཿ ལམ་ཡང་དག་དོར་ནས་ལྟ་ལོག་བསྒུབསཿ ལུས་གཏུབ་ཀྱང་ད་དུང་དབུགས་མི་ཆདཿ ཡར་ལྟོས་དང་ལྟོས་དང་བྱ་གདོང་མཿ ནུབ་དབང་གི་འོད་ཁྱིམ་འཕྲོ་བའི་སརཿ དོན་དགའ་བཞིའི་རོལ་སྟོན་འགྱེད་མཛད་པཿ ལྷ་དབང་ཆེན་ཆགས་པའི་རྡོ་རྗེ་དངཿ ཡུམ་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མཿ འདི་མཐོང་ཚེ་འཁོར་བའི་འཁོར་ལོ་གཅོདཿ སེམས་འཁྲུལ་པའི་བག་ཆགས་རྩད་ནས་གཞོམཿ ཐབས་ཤེས་རབ་རླུང་གི་རྟར་བསྐྱོན་ནསཿ ལས་རླུང་ཁམས་འཁྲུལ་བ་རང་མལ་གསོདཿ ཁྱོད་རླུང་སེམས་འོད་ཀྱི་ཐིག་ལེ་དེཿ དཔེ་དཔག་ཆེན་མདའ་འཕང་ཇི་བཞིན་དུཿ ལྷ་དབང་ཆེན་ཡབ་ཡུམ་ཐུགས་དང་བསྲེཿ གཞི་གདོད་མའི་ངང་དུ་ཨ་ཨཱ་ཕཊཿ ཞེས་བརྗོད་ཚེ་བདུད་མོའི་རྣམ་པར་ཤེས་པ་བདེ་གཤེགས་རྒྱལ་བའི་ཐུགས་ཀྱི་དགོངས་ཀློང་དུ་བསྲེསཿ དེ་ནས་དཔའ་བརྟུལ་འགས་བདུད་མོའི་ལུས་ཕུང་བསྲེགས་བླུག་མཛད་ཅིང་ཕྱིར་གླིང་སྒར་དུ་ལོགཿ གླིང་སྒར་ནས་འདན་སྲས་དང་ཁྲོ་ཐུང་གཉིས་ལ་གསེར་དངུལ་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་དགའ་རྟགས་དང་གཏང་རག་རྒྱ་ཆེར་ཕུལ་ཞིང་གླིང་སེང་ཆེན་དང་དགྲ་ལྷ་སོགས་ཀྱིས་དགྱེས་པའི་བསྟོད་\་རེ་ཡོད་ཀྱང་འདིར་མ་བྲིསཿདེ་ནས་ཨ་སྐྱ་དཔའ་བོ་ཁྲོམ་རྒྱལ་དེཿ རྟ་མེ་འབར་རླུང་གཤོག་ལ་ཞོན་ནས་གླིང་སྒར་དུ་མཆོངས་ཡོང་ཚེཿ གླིང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དེས་རྟ་འདོ་བ་རྒྱ་བྱ་ཁྲ་བོ་ལ་དུང་དངུལ་མཛེས་པའི་སྒ་སྟན་སྤྲདཿ དུང་གི་ཁྲབ་རྨོག་དཔའ་ཆས་ཡོངས་སུ་རྫོགས་ཤིང་དཔའ་ངར་དུག་ཆུ་ཁོལ་བ་བཞིན་དུ་མདའ་ཡལ་བ་ལྟར་བརྒྱུགས་ནས་གདོང་གཏུག་ཚེ་སྲས་དགྲ་ལྷས་ཁམས་གསུམ་དབང་སྡུད་ཀྱི་གླུ་འདི་བླངས་སོཿགླུ་ཨ་ལ་གླུ་ཡི་ལེན་ལུགས་རེདཿ མ་ཐ་ལ་ངག་གི་འགུགས་ལུགས་རེདཿ སྐྱབས་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་མཁྱེནཿ སེམས་ཉོན་མོངས་ལས་བསྐྱེད་སྡང་དགྲ་འདིཿ བསྒྲལ་འདྲེན་ནུས་པར་བྱིན་གྱིས་རློབསཿ ས་འདི་ནི་ཨ་འཛོམས་དགའ་འཁྱིལ་ཐངཿ མི་ང་འདྲའི་ང་ངོ་མ་ཤེས་ནཿ སྔོན་འཕགས་ཡུལ་གྲུབ་ཆེན་ལུ་ཧི་པཿ མིའི་ཚུལ་འཛིན་བདུད་སྡེའི་གཤེད་མ་ལཿ དཔའ་རྒྱ་ཚ་དུང་ཟླ་དཀར་པོའི་ཡིཿ ཟེར་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་ཡིནཿ ཚུར་ཉོན་དང་ཨ་སྐྱ་ཁྲོམ་རྒྱལ་ལོཿ ཁྱོད་ཀེ་རུའི་བདུད་ཕོ་བསམ་སྦྱོར་གནགཿ ཆོས་སངས་རྒྱས་བསྟན་པའི་ཆེ་བ་བཅོམཿ མ་འགྲོ་བའི་བདེ་སྐྱིད་སྒོ་མོ་བཀགཿ ལས་མ་བྱས་བྱ་བ་གཅིག་ཀྱང་མེདཿ བྱང་ཨ་ཐང་ལུ་གུའི་གཤེད་མ་དེཿ མཐོ་ལ་ཁའི་སྤྱང་ཐོང་སྔོན་མོར་བབཿ ར་ཙེ་ཙེ་རྒྱ་བོའི་གཤེད་མ་ལཿ རི་སྐེད་འཕར་བ་དམར་ཆུང་བབཿ བྱིའུ་ཆུང་འུར་གྱི་གཤེད་མ་དེཿ ལྕགས་ཀྱི་རྒྱ་ཁྲ་ཧོར་བར་བབཿ ཁྱོད་ཨ་སྐྱ་བདུད་ཀྱི་སྲོག་ལེན་ལཿ ང་འབུམ་པའི་ལྷ་སྲས་དགྲ་ལྷ་བབཿ ཟེར་ཡང་ཟེར་ལ་བདེན་ཡང་བདེནཿ ཉི་མ་དེ་རིང་དུས་ཚོད་ལཿ མཚོན་ཡ་ཟིའི་ངར་ལ་དྲངས་རྒྱུ་ཡིནཿ དགུང་ཨ་སྔོན་མཐོང་བ་དེ་རིང་ཡིནཿ ས་དོག་མོ་མཐོང་བ་དེ་རིང་ཙམཿ ང་གསོད་གཅོད་ལས་ཀྱི་ཤན་པ་ཡིནཿ བསད་བསད་འདྲེན་པའི་སངས་རྒྱས་ཡིནཿ སེམས་དད་པ་ཡོད་ན་ཆོས་ལ་བཀོདཿ མ་དད་རལ་གྲིའི་ངར་ལ་འདྲེནཿ ཤར་མངོན་པར་དགའ་བའི་ཞིང་ལ་བཀོདཿ ངའི་རལ་གྲི་ཡ་ཟི་སྐར་ཕྲན་འདིཿ ཟླ་ཡར་ངོས་གསུམ་ལ་དཀར་བརྡུངས་བྱསཿ དཀར་ཕྱོགས་སྐྱོང་བའི་ཁ་འཛིན་མཛདཿ མར་ངོས་གསུམ་ལ་ནག་བརྡུངས་བྱསཿ བདུད་ནག་ཕྱོགས་གདུག་པའི་མགོ་འཕང་ནོནཿ དཀར་ནག་འདྲེས་མའི་འཇམ་བརྡུངས་བྱསཿ ལྷ་མཚོ་སྐྱེས་བླ་མའི་ཕྱག་མཚན་ཡིནཿ མདའ་ཁྱོད་ཀྱིས་འཕོངས་དང་ང་ཡིས་སྒུགཿ མཚོན་ང་ཡིས་གཡུགས་དང་ཁྱོད་ཀྱིས་སྒུགཿ ཡུན་སྔ་ཕྱི་མི་དགོས་མཉམ་ཆས་བྱེདཿ གླུ་གོ་ན་སེམས་ཀྱི་དཀྱིལ་དུ་ཆོངསཿ མ་གོ་སྲོག་རྩ་རྦད་ཀྱིས་གཅོདཿ བདུད་ཨ་སྐྱའི་ཞེ་ལ་དེ་ལྟར་ཞོགཿཅེས་བརྗོད་ཚེ་ནུབ་བདུད་ཨ་སྐྱ་ཁྲོམ་རྒྱལ་དེའི་ཞེ་སྡང་སྦྲུལ་གྱི་དུག་ལྕེ་འབར་བཞིན་དུ་གླུ་འདི་བླངས་སོཿཨེ་ཨ་ཏྭཾ་ར་ཡ་ཏ་ཀེ་ཧོཿ གླུ་ཐ་ཤང་ཐ་ཤང་ཐེ་མོ་དྲཾཿ བདུད་ལྷ་སྲུང་ཚོགས་ལ་གསོལ་བ་འདེབསཿ ས་འདི་ནི་ཨ་འཛོམ་དགའ་འཁྱིལ་ཐངཿ མི་ང་ནི་བདུད་བློན་ཁྲོམ་རྒྱལ་ཡིནཿ གླིང་རྒྱ་ཚའི་བུ་རོ་ཀ་སྡུག་གིཿ ད་ཕྲུག་མཆུ་དམར་ཚུལ་ལ་གསོནཿ མི་ཆུང་ཆུང་འུར་མགོ་མཐོན་པོ་ཅནཿ རྟ་ཆུང་ཆུང་རིན་གོང་མཐོན་པོ་ཅནཿ ཁྱོད་ཨ་བ་རེ་ལ་སྙིང་རེ་རྗེཿ ངེད་ཀེ་རུའི་ཤར་བློན་ཕོ་མོ་ཡིཿ ཤ་ལན་ལེན་པ་དེ་རིང་ཡིནཿ ཁྱོད་དེ་རིང་འདི་ནས་ཐར་མི་སྲིདཿ ངའི་བདུད་མཚོན་རེག་ཕུང་ནག་པོ་འདིཿ བདུད་དགའ་རབ་དཔའ་བོའི་གཏེར་མ་ཡིནཿ འདེབས་མི་དགོས་ཚད་ཀྱང་སྲོག་རྩ་འཆདཿ ཁྱིམ་བཟའ་མིར་ཆགས་ཞེན་བྱེད་ཁོམ་མེདཿ ཡུལ་སྡེ་བར་ཁ་ཆེམས་འཇོག་དབང་མེདཿ གཏམ་གོ་ན་ད་བུས་སེམས་ལ་ཟུངསཿ དོན་མ་གོ་ན་ཡང་བྲོས་ས་མེདཿཅེས་ཟེར་ནས་ཕན་ཚུན་གྲི་ཁ་མཉམ་འགྲན་བྱེད་ཚེ་སྲས་དགྲ་ལྷ་ལ་སྲུང་བའི་མཐུ་བཙན་པའི་སྟོབས་ཀྱིས་མ་ཆོདཿ ལྷ་སྲས་དགྲ་ལྷས་དཔའ་བོ་ཁྲོམ་རྒྱལ་གྱི་ལུས་ལ་མཚོན་ཡ་ཟི་སྐར་ཕྲན་བཏབ་པས་ལུས་ཚལ་བར་བཏངཿ རྣམ་ཤེས་མངོན་དགའི་ཞིང་དུ་བཀོདཿ མགོ་རྨོག་དར་འཕྲུ་དང་བཅས་བཅད་ནས་གླིང་སྒར་དུ་ལོག་སྟེ་སྐུ་རྗེ་མཆོག་དང་གླིང་དཔའ་ཐུལ་རྣམས་ཀྱིས་དགའ་སྤྲོ་དང་གཟེངས་བསྟོད་རྒྱ་ཆེན་བྱས་ནས་བཞུགས་སོཿ
Subscribe to:
Post Comments (Atom)
0 comments:
Post a Comment