དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 24 April 2012
༄༅། །ཁྲ་གནས་ཀྱི་བསང་མཆོད་འདོད་དགུ་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །
ཨོཾ། །
ཆོས་དབྱིངས་དག་པའི་རང་བཞིན་ལས། །དབང་རི་གནམ་རྫོང་ཕོ་བྲང་དུ། ། གླིང་དཀར་ལྷ་ཡི་དཔའ་བོ་ཆེ། །སྤྱི་དཔོན་རྒྱལ་པོ་འཁོར་བཅས་གསལ། །
དབང་རི་མཁར་དམར་དཀྱིལ་འཁོར་ནི། །སྟེང་ན་འཇའ་སྤྲིན་ཀྱི་ལི་ལི། །བར་དུ་འབྲུག་སྒྲ་ལྡི་རི་རི། ། འོག་ན་ཁྲ་ཆུ་མེ་རེ་རེ། །དེ་རུ་ཉ་སྲམ་གྱ་མ་གྱུ། །དེ་འདྲའི་གནས་མཆོག་དམ་པ་ཡི། ། ཤར་གྱི་གླང་ཆེན་འགྱིང་རི་ནས། །ཡུལ་ལྷ་སྔོན་མོ་དྷེ་ཡག་ནི། །ལྷ་དམག་ཚོགས་དང་བཅས་པ་བྱོན། ། སྐུ་ལ་བསེ་ཁྲབ་སེར་པོ་གསོལ། །དབུ་ལ་གསེར་དཀར་རྨོག་ཞུ་ལ། །ཉི་ཟླ་འོད་ཀྱི་དར་འཕྲུ་བཙུགས། ། སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་ན་རལ་གྲི་གླེགས་བམ་བསྣམས། །ཆིབས་སུ་རྐྱང་བུ་དམར་སྨུག་བཅིབས། །རོལ་དུ་ལྷ་ཕྲུག་ན་གཞོན་ཚོགས། །འཁོར་དང་བཅས་པ་གཤེགས་སུ་གསོལ། །
ཧྰུྃ།
ལྷོ་ཡི་མཚེ་འུ་དཀར་འཁྱིལ་ནས། །དགོས་འདོད་ཀུན་འབྱུང་ཀླུ་མོ་ནི། །དཀར་མཛེས་བདུད་རྩིའི་བུམ་པ་འཛིན། །ཀླུ་རྒྱལ་འཁོར་དང་བཅས་པ་བྱོན། ། སྐུ་ལ་ཆུ་རས་དཀར་པོ་གསོལ། །དབུ་ལ་རིགས་ལྔའི་དབང་ཞྭ་ལ། །དར་དང་རིན་ཆེན་ཅོད་པན་བརྒྱན། །ཚེ་མདའ་ཡས་ལ་ཚེ་བུམ་གཡོན། །བྱིན་རླབས་སྦྲང་ཆར་སིལ་མ་འཇོ། །ཆིབས་སུ་གཡུ་འབྲུག་དཀར་པོ་བཅིབས། །རོལ་དུ་ཀླུ་མོ་མཛེས་མའི་ཚོགས། །འཁོར་དང་བཅས་པ་གཤེགས་སུ་གསོལ། །
ཧྲྰིཿ
དབུས་ཀྱི་གཡང་འཁྱིལ་བླ་རི་ནས། །ཡིད་བཞིན་དབང་རྒྱལ་ནོར་ལྷ་ནི། །གཡང་བདག་གུ་རུ་རྣམ་ཐོས་སྲས་། །གཉན་དམག་འཁོར་དང་བཅས་པ་བྱོན། ། སྐུ་ལ་ལོངས་སྐུའི་རྒྱན་ཆས་གསོལ། །དབུ་ལ་རིན་ཆེན་ཐོད་ཕྲེང་མཛེས། ། འཇའ་འོད་ཟེར་ཐག་ལམ་སེ་ལམ། །རྒྱལ་མཚན་གཡས་ལ་ནེའུ་གཡོན། །བྱིན་རླབས་དགྱེས་ཞལ་རབ་ཏུ་ངོམས། །ཆིབས་སུ་སེངྒེ་དཀར་པོ་བཅིབས། །རོལ་དུ་དགེ་འདུན་བྱང་སེམས་བསྐོར། །འཁོར་དང་བཅས་པ་གཤེགས་སུ་གསོལ། །
བྷྲྰུྃཿ
བྱང་གི་གནམ་རྫོང་ཕྱུག་མོ་ནས། །འཛམ་གླིང་གེ་སར་རྒྱལ་པོ་ནི། །རིགས་གསུམ་ཀུན་འདུས་སྤྲུལ་པའི་སྐུ། །རྩ་གསུམ་གླིང་དཀར་དཔའ་ཐུལ་དང་། །གནོད་སྦྱིན་སྡེ་བརྒྱད་འཁོར་བཅས་བྱོན། །སྐུ་ལ་དགྲ་ལྷའི་ཚེ་གོས་གསོལ། །དབུ་ལ་རྨོག་དཀར་དར་འཕྲུ་དང་། །དགྲ་ལྷ་ཝེར་མའི་སྤྲིན་ཕུང་འཁྲིགས། །སྣང་སྲིད་དབང་སྡུད་རིན་པོ་ཆེའི། །ཕྱག་ན་སྦ་ལྕག་ནོར་བུ་འཛིན། ། ཆིབས་སུ་སྐྱང་རྒོད་འཕེལ་བོ་བཅིབས། །རོལ་དུ་དྲེགས་པ་བདུད་སྲིན་རིགས། །འཁོར་དང་བཅས་པ་གཤེགས་སུ་གསོལ། །
བྷྱོཿ
གངས་ཅན་ཡུལ་གྱི་བསྟན་སྐྱོང་དང་། །ཁྱད་པར་གཉན་ཆེན་ཐང་ལྷ་དང་། ། ཨ་མྱེ་རྨ་རྒྱལ་སྤོམ་ར་དང་། །སྡོང་ཡ་ཨ་བོ་གེ་མཛོ་དང་། །སྒ་ཡི་སྒྱོགས་ཆེན་སྡོང་ར་སོགས། །ལྷ་ཀླུ་གཉན་གྱི་གཞི་བདག་རིགས། །སྨན་བཙུན་མང་པོའི་འཁོར་གྱིས་བསྐོར། །ཐམས་ཅད་གནས་མཆོག་དམ་པ་འདིར། །སྤྱན་འདྲེན་མཆོད་འབུལ་ཐུགས་དམ་བསྐུལ། །འཕྲིན་ལས་གཉན་པོ་འདི་བཅོལ་ལོ། །སྔོན་ཀྱི་ཐུགས་དམ་དབང་གིས་ནི། །སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། །
ན་མཿ སརྦ་དྷེ་ཝ་ས་པཱ་རི་ཝ་ར་བཛྲ་ས་མ་ཛ་ཛཿཧཱུྃ་བཾ་ཧོཿསརྦ་ཌཱཀྐི་ནི་ཧཱུྃ་ཛ་ཛཿ
ཀྱཻ། །
རིན་ཆེན་བྱང་སེམས་བཟུང་བའི་ཕྱིར། །བདེ་གཤེགས་སྲས་དང་བཅས་ལ། ། དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན། །ཡོན་ཏན་རྒྱ་མཚོས་ལེགས་པར་མཆོད། ། བདག་དང་རྣལ་འབྱོར་འཁོར་བཅས་ལ། །དགོས་འདོད་ཐམས་ཅད་མྱུར་འགྲུབ་ཆེད། །དངོས་འབྱོར་ཡིད་སྤྲུལ་ཟབ་རྒྱས་ཀུན། །དྲི་ཞིམ་བསང་མཆོད་ལམ་ནས་འབུལ། །རྩ་གསུམ་ལྷ་ཚོགས་བསང་གིས་མཆོད། །ཕྱི་ནང་གསང་བའི་བར་ཆད་སོལ། །དམ་ཚིག་ཉམས་ཆགས་འཐོལ་ཞིང་བཤགས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །
བསྭོ།
ཡུལ་ལྷ་གླང་ཆེན་འགྱིང་རི་བསང་། །ཆུ་ལ་མཚོ་བྱུང་ཀླུ་མོ་བསང་། །གཡང་ལྷ་གཡང་འཁྱིལ་བླ་རི་བསང་། །དགྲ་ལྷ་གནམ་རྫོང་ཕྱུག་མོ་བསང་། །དབང་ལྷ་དབང་རི་མཁར་དམར་བསང་། །རྨ་རྫ་འབྲི་གསུམ་གཞི་བདག་བསང་། །ལྷ་ཀླུ་གཉན་གྱི་དཔུང་ཚོགས་བསང་། །གླིང་དཀར་སྟོད་སྨད་བར་གསུམ་བསང་། །མདོ་དབུས་ཁམས་པའི་སྐྱེས་ལྷ་བསང་། །ཕ་མེས་བརྒྱུད་པའི་ལྷ་སྲུང་བསང་། །གང་མཆོད་ཀུན་ལ་བྱམས་པའི་ལྷ། །རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་། །འཛམ་གླིང་བརྟན་མ་བཅུ་གཉིས་བསང༌། །རྩ་གསུམ་ཆོས་སྐྱོང་སྲུང་མ་བསང། །ཁྱེད་བསང་ཁྱེད་མཆོད་ཁྱེད་བསྟོད་པས། །བདག་སོགས་མགོན་སྐྱབས་མ་ཆུང་ཞིག །དགྲ་ལ་མཐུ་རྩལ་མ་ཞན་ཅིག །བདག་དང་ཡོན་མཆོད་འཁོར་བཅས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །དཀོར་མཛོད་ནོར་གྱི་དངོས་གྲུབ་སྩོལ། །རིན་ཆེན་གཏེར་གྱི་དངོས་གྲུབ་སྩོལ། །འདོ་བ་རྟ་ཡི་དངོས་གྲུབ་སྩོལ། །འདོད་འཇོ་འབྲི་ཡི་དངོས་གྲུབ་སྩོལ། །གཡང་དཀར་ལུག་གི་དངོས་གྲུབ་སྩོལ། །སྙན་གྲགས་མཐུ་ཡི་དངོས་གྲུབ་སྩོལ། ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད། །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །
ཧྰུྃ་ཧྲྰིཿ
རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས། །བདག་ནི་གར་འགྲོ་གར་འདུག་ཀྱང༌། །ཁ་འཛིན་བུ་གཅིག་ཕ་ལྟར་མཛོད། །སྡོང་གྲོགས་ཆུ་བོའི་གཞུང་ལྟར་སྐྱོང༌། །དངོས་གྲུབ་རིན་ཆེན་སྤྲིན་ལྟར་སྤུངས། །དཔའ་ཡ་སྟག་གཡག་བཞིན་དུ་འགྲོགས། །དཔུང་རོགས་སེང་ཆེན་བཞིན་དུ་འགྱིང་། །ཁ་རྗེ་སྡེ་སྲིད་ཆུ་ལྟར་སྲིངས། །བསྟན་པ་ཉི་ཟླའི་ཟེར་བཞིན་སྤེལ། །ལོངས་སྤྱོད་འཛད་མེད་གཏེར་བཞིན་སྒྲུབས། །རྒྱལ་ཁམས་ཞི་བདེ་མཚོ་ལྟར་། །འཁོར་མང་སྐར་ཚོགས་བཀྲ་ལྟར་སྤུངས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུག་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་དུག་སད་མ་གཏོང་ཞིག །ཁྱད་པར་ཁྲ་ལྗོངས་ཕྱུག་མོ་རུ། །དགུན་དུས་གངས་ཐན་མེད་པར་མཛོད། །དཔྱིད་དུས་ནད་མུག་མེད་པར་མཛོད། །དབྱར་དུས་འོ་མཚོ་རྒྱས་པར་མཛོད། སྟོན་དུས་རྩི་ཐོག་སྨིན་པར་མཛོད། །ཚེ་རྫི་སྲོག་གི་སྲུང་མ་མཛོད། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །ཡག་དང་སྤྲོད་ལ་ཉེས་དང་བསྣོལ། །རྒན་པ་རྣམས་ཀྱི་ཚེ་བསྲིང་ལ། །གཞོན་པ་རྣམས་ཀྱི་དཔལ་བསྐྱེད་ཅིག །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང༌། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་དབོ་ཟླའི་ཚེས་བཅུ་ལ་ཆུང་ནས་འདྲིས་པའི་སྙིང་གྲོགས་དམ་པ་དྲང་བདེན་གྱི་རྒྱུ་འབྲས་ཕྲ་ཞིབ་ཅན་བདག་ལ་ཡང་བཅོས་མིན་དད་གུས་ངོ་ལྐོག་མཚུངས་པའི་ཨ་རིག་བློ་གྲོས་རབ་གསལ་ལམ་ཛུ་ལ་དང་ཚ་བུ་འོད་གསལ་མཐའ་ཡས་ཀྱིས་ཡང་ཡང་བསྐུལ་བ་དང་ཡུལ་སྐྱོང་གཉན་པོའི་གསོལ་མཆོད་དང་ཇོ་དར་སྒྲོན་པ་དང་ཁོར་ཡུག་སྲུང་སྐྱོབ་ལ་ལྷག་བསམ་དག་པའི་སྐུལ་ངོ་དང་། བདག་ལ་ཡང་རྨི་ལམ་ཡ་མཚན་ཅན་དུ་མ་ཞིག་རྨིས་པའི་རྐྱེན་ལས་ནུབ་ཕྱོགས་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་མཁན་ཆེན་བླ་མའམ་དཔལ་དགྱེས་པ་རྡོ་རྗེས་གང་ཤར་སུག་ལས་སུ་བགྱིས་པས་ཁྲ་ཀླུང་ཕྱོགས་ལ་ཕན་བདེའི་རྒྱུ་རུ་གྱུར་ཅིག་གུ། །དགེའོ། །
Subscribe to:
Post Comments (Atom)
0 comments:
Post a Comment