དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 24 October 2012
༄༅།།
འཇམ་དབྱངས་ཟུར་ཕུད་ལྔ་པའི་བསྔགས་པ་རིག་བྱེད་ངག་གི་མཆོད་སྤྲིན་ཞེས་བྱ་བ་བཞུགས།
|
[ 2012-10-24 18:05:27 | By: amaho ]
|
ལྗགས་རྩེའི་སྤྲིན་དཀར་འདབ་མ་གཡོ་ལས་ལེགས་བཤད་གློག་གི་རྩེད་འཇོ་ངོམ། ། སྔོ་བསངས་རལ་གྲིའི་འཕྲུལ་ཐབས་མྱུར་མོས་སྲིད་པའི་འཆིང་ཐག་དྲུངས་ནས་གཅོད།། རྒྱལ་ཀུན་མཁྱེན་རབ་མཚན་དཔེའི་གཟུགས་འཆང་བརྒྱད་ཟུང་ལང་ཚོའི་སྒེག་ལྡན་ལྷའི།། གསང་གསུམ་གཟི་བྱིན་ཡིད་འཚོར་འབབ་པས་དད་བརྒྱའི་རྦ་རླབས་མཁའ་ལ་འཕྱོ།། ཡིད་འོང་ཆུ་སྐྱེས་འདབ་སྟོང་འཛུམ་གྲོལ་ཟེ་འབྲུའི་ལང་ཚོ་ངོམ་པའི་ཁར།། མཛེས་སྡུག་ཉམས་བརྒྱའི་ཆ་ཤས་ཡོངས་རྫོགས་ཆུ་ཤེལ་དབང་པོའི་གདན་གྱི་སྟེང་།། ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས་འཁྲུངས་མཚན་དཔེའི་དཀྱིལ་འཁོར་ག་བུར་དབང་།། སྲིད་ཞིའི་མཚར་སྡུག་གཏན་དུ་རྫོགས་པའི་ཤེས་རབ་འཁོར་ལོར་དད་ཕྱག་བརྩེགས།། གང་སྐུ་ཉི་མས་ལེགས་བཤད་ཆོས་ཀྱི་འོད་ཟེར་སྣང་བ་འབུམ་སྤྲོ་བས།། སྐལ་བཟང་གདུལ་བྱའི་བློ་ཡི་པད་མོའི་དགེ་ལེགས་འདབ་སྟོང་འཛུམ་བྱེད་ཅིང་།། རྟག་ཆད་གཡང་སར་ལོག་པར་འཕྱན་པའི་འབྱུང་བྱར་བླང་དོར་མིག་ལྡོང་སྟེ།། ཡིད་སྲུབས་བདག་པོ་དགའ་རབ་དཔུང་གི་ཀུན་དའི་འདབ་ཚོགས་ཟླུམ་ཞིང་ཟུམ།། དེ་ཕྱིར་མགོན་པོ་འཇམ་དབྱངས་ཁྱེད་ཀྱི་གསང་གསུམ་རྣམ་ཐར་དཔག་མེད་པར།། རླབས་ཆེན་དད་པའི་ཉིན་བྱེད་གཞོན་ནུ་བདག་ཡིད་ལྷ་ལམ་སྒེག་མོའི་ལྟོར།། རྟག་པར་འཛིན་བཞིན་རྒྱལ་སྲས་དཔའ་བོར་དད་གསུམ་ཡིད་ཀྱིས་རབ་བསྙེན་ནས།། ཡལ་འདབ་ལྔ་ཟུང་མཚན་མོ་བཞད་པའི་སོར་བཅུའི་འདབ་མ་སྙིང་གར་ངོམ།། ཕུལ་བྱུང་རིན་ཆེན་རྣམ་མང་རྒྱན་གྱིས་གནག་སྣུམ་ལྕང་ལོའི་ཐོར་ཅོག་མཛེས།། མཚན་སྙན་གྲགས་དཀར་སྲིད་ན་གཡོ་བས་འགྲོ་བློའི་བརྟན་པ་ཅིག་ཅར་ཕྲོགས།། ཤཱཀྱའི་བསྟན་པའི་ཕ་མཁར་ཁ་འཛིན་ལ་ལེགས་བཤད་དབྱངས་ཀྱི་རྔ་གསེང་ལྡིར།། དྲེགས་ལྡན་གནམ་བསྐོས་རལ་བའི་གདན་ལ་ཞབས་ཟུང་འཁོར་ལོའི་རེ་ཁཱ་བཀོད།། ཚོགས་གཉིས་རྒྱ་མཚོ་གྲངས་མེད་བསྐལ་བར་བརྒྱ་ཕྲག་འབད་པས་བསྲུབས་པ་ལས།། མཁྱེན་གཉིས་རྩལ་གྱི་ཆ་ཤས་ཀུན་རྫོགས་བརྩེ་ཆེན་སྙིང་རྗེའི་རི་བོང་མཛེས།། བདེན་གཉིས་ཆོས་ཚུལ་ཡེ་ཤེས་འོད་བརྒྱས་ཡོངས་སུ་འཁྱུད་ཅིང་ཉེར་གཟིགས་པ།། དོན་གཉིས་མཁའ་ལ་མངའ་དབང་འབྱོར་བའི་རྒྱལ་སྲས་མཚན་མོའི་མགོན་ཁྱོད་བསྔགས།། རྐང་གདུབ་འཁྱུད་མོས་མཛེས་པར་བཅིངས་པའི་དྲི་མེད་ཞབས་མཐིལ་ཡིད་འོང་བར།། རྩིབས་སྟོང་འཁོར་ལོའི་རེ་ཁཱ་འཁྱིལ་ལ་འོད་རིས་སྡུག་པས་ཉེ་བར་བརྒྱན།། འོད་སྟོང་འཚེར་དང་རི་དྭགས་མཚན་སོགས་གཟི་ལྡན་ཀུན་གྱི་བཀྲག་མདངས་ཀྱང་།། འཛམ་བུའི་གསེར་དྲུང་ར་གན་ཇི་བཞིན་ཁྱེད་སྐུའི་བྱིན་གྱིས་མོག་པོར་བྱས།། ཐུབ་བསྟན་བ་དན་མཁའ་རུ་བསྒྲེངས་ཤིང་བཤད་སྒྲུབ་སྲོག་གི་ཀ་བ་བཙུག ། ཟབ་རྒྱའི་གདམས་པའི་ཆོས་ཆར་ཕབ་ཅིང་འགྲོ་རྒྱུད་ཞིང་ས་ཡོངས་སུ་བརླན།། རྨད་བྱུང་མཛད་པའི་བསིལ་ཟེར་འབུམ་གྱིས་ཕན་བདེའི་འདབ་སྟོང་རྣམ་པར་འབྱེད།། གཞན་དོན་ཁུར་བཞེས་རླབས་ཆེན་དམ་བཅས་འགྲོ་ཀུན་སྐུ་བཞིའི་རྒྱལ་སར་འགོད།། མཁྱེན་བརྩེའི་ཆུ་འཛིན་དྲ་བའི་ཀློང་ནས་ལེགས་བཤད་གསུང་གི་སྦྲང་ཆར་གྱིས།། དུག་གསུམ་མེ་དཔུང་གཏན་དུ་གཞིལ་ཞིང་ཉེར་འཚེའི་ཚ་རེག་རྒྱང་དུ་བསྐྲད།། རྟག་བརྟན་བགྲེས་རྒུད་གཞོམ་གཞིག་ཡོངས་བྲལ་གཞོན་ནུའི་གཟུགས་འཆང་རྡོ་རྗེའི་སྐུས།། ནམ་མཁའ་སྲིད་དུ་མུ་མེད་ཞིང་ལ་རྟག་ཅིང་ཁྱབ་པའི་གཞན་དོན་མཛད།། གསེར་གྱིས་བསྐྲུན་པའི་མཆོད་སྡོང་བཞིན་མཛེས་མཐོང་གྲོལ་ཡིད་འོང་མཚན་དཔེའི་སྐུ།། གསེར་མངལ་ཅན་གྱི་མགྲིན་གླུ་བཞིན་སྙན་དྲུག་ཅུའི་དབྱངས་ལྡན་སྙན་འཇེབས་གསུང་།། གསེར་ཉའི་ཕ་ཁྱིམ་རྒྱ་མཚོ་བཞིན་ཟབ་སྒྲིབ་མེད་ཡེ་ཤེས་དྭངས་མའི་ཐུགས།། གསེར་རིའི་ཚལ་ན་ལྷུན་པོ་བཞིན་མཐོ་ཡོངས་རྫོགས་རྒྱལ་བའི་ཁྱུ་ཡི་མཆོག ། སྤངས་རྟོགས་ཆ་ཤས་ཡོངས་སུ་རྫོགས་པའི་ཁྱེད་སྐུ་ཟླ་བའི་དཀྱིལ་འཁོར་ནི།། མཐའ་མེད་གདུལ་བྱའི་མོས་བློའི་ཆུ་སྣོད་ཇི་སྙེད་གྲངས་ཀྱི་ཞིང་རྣམས་སུ།། གཅིག་ལས་དུ་མར་སྤྲུལ་བའི་སྣང་བརྙན་བྱེ་བ་ཕྲག་བརྒྱའི་རོལ་བ་ཡང་།། འཆར་ནས་འགྲོ་བའི་རྨོངས་མུན་བསལ་ཞིང་དུཿཁའི་ཚ་གདུང་མཐར་བར་བྱེད།། མཚན་དཔེའི་རེ་ཁཱ་མངོན་པར་གསལ་བས་མཐོང་གྲོལ་སྐུ་མཆོག་ངང་གིས་མཛེས།། རྣམ་དག་ཁྲིམས་ཀྱི་དྲི་བསུང་ངད་ལྡན་འཁོར་ཡུག་ཕྱོགས་མཐར་ཡོངས་སུ་ལྡང་།། རྨད་བྱུང་རྒྱལ་སྲས་ཞི་དུལ་སྤྱོད་པའི་པད་དཀར་ཕྲེང་བས་རྣམ་པར་བརྒྱན།། རབ་འབྱམས་ཞིང་ལ་རྟག་ཁྱབ་མཛད་པས་ལས་བཞི་འབད་མེད་ལྷུན་གྱིས་གྲུབ།། རྣམ་མང་དུཿཁའི་ཚོར་བ་རྩུབ་མོས་རྟག་པར་གཟིར་བའི་ཉམ་ཐག་འགྲོར།། ཚད་མེད་ཐུགས་རྗེའི་འོད་ཞགས་རྣོན་པོས་ཉེ་བར་རེག་ཅིང་འཁྱུད་མ་ཐག ། དགེ་ལེགས་བྱེ་བའི་དུས་སྟོན་ཕུན་ཚོགས་རྫོགས་ལྡན་གསར་བའི་ཡོ་ལང་ལ།། འགྲན་པར་བཟོད་ཙམ་བདེ་བླག་བསྐྲུན་འདི་ཁྱོད་ཀྱི་ཕྲིན་ལས་ཆ་ཤས་ལགས།། དག་དང་མ་དག་མུ་མེད་ཞིང་གི་དཔག་ཡས་གདུལ་བྱ་འདུལ་བའི་ཕྱིར།། ཞི་དང་ཁྲོ་སོགས་སྣ་ཚོགས་གཟུགས་ཀྱི་རྣམ་པར་རོལ་པའི་ཐབས་མཁས་ཀྱིས།། ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་ཞིང་ཞི་རྒྱས་དབང་དྲག་མཛད་པ་བརྒྱས།། ཁམས་དང་དབང་པོ་མོས་པ་དང་བསྟུན་འགྲོ་རྣམས་བདེ་ནས་བདེ་ལ་བཀོད།། བསམ་མི་ཁྱབ་པའི་སྐུ་དང་མཛད་པའི་ཆོ་འཕྲུལ་རྣམ་པ་དཔག་མེད་ཀྱིས།། ལུས་ཅན་འགྲོ་བའི་རེ་བ་མཐའ་དག་ཡོངས་སུ་སྐོང་ལ་འགྲན་བྲལ་བས།། ཡིད་བཞིན་ནོར་དང་ཡོངས་འདུའི་ལྗོན་བཟང་བྱེ་བ་ཁྲག་ཁྲིག་དུ་མས་ཀྱང་།། ཁྱོད་ཀྱི་མཛད་པའི་ཆ་ཤས་ཙམ་ཞིག་ནམ་ཡང་མཚོན་པར་ནུས་མ་ལགས།། ངོ་མཚར་དཔའ་ཆེན་རྒྱལ་སྲས་ཕྲེང་བ་ཚར་དུ་དངར་བའི་རྒྱུ་སྐར་ཁྲོད།། ཕུལ་བྱུང་ཐུགས་བསྐྱེད་འོད་སྟོང་རབ་འབར་ཡིད་འོང་ལང་ཚོའི་ཆ་ཀུན་རྫོགས།། འགྲོ་བསོད་ཀུན་གསལ་དབྱིངས་ནས་འཆར་བཞིན་འཕོ་ཆེན་ཡེ་ཤེས་སྐུ་ཟླུམ་པོས།། འགྲོ་བློའི་ལོག་རྟོག་མུན་དཔུང་ཡོངས་འཇོམས་འཇམ་དབྱངས་ཆུ་ཤེལ་དབང་པོར་བསྔགས།། གནས་ཡུལ་ཉེར་བཞིའི་གྲོང་ན་བཞུགས་པའི་ཞིང་སྔགས་ལྷན་སྐྱེས་མཁའ་འགྲོ་མ།། འབུམ་ཕྲག་དུ་མའི་ཚོགས་དཔོན་གྱུར་པ་ཟླ་བའི་སྲིང་མོ་དབྱངས་ལྡན་མས།། ཤེས་རབ་སྟོང་པའི་ཟློས་གར་ངོམ་ཚེ་བརྟུལ་ཞུགས་ཐབས་མཆོག་དགྱེས་རོལ་བས།། ཆགས་མེད་ཆགས་པའི་འཕྲུལ་ཆེན་ཟབ་མོས་བདེ་སྟོང་དགའ་བཞིའི་དགའ་སྟོན་རྫོགས།། རྨད་བྱུང་རྒྱལ་སྲས་རྒྱུ་སྐར་བྱེ་བ་རྣམ་པར་བཀྲ་བའི་ལྷ་གྲལ་ན།། འཕགས་མཆོག་ཁྱེད་ཀྱི་མཚན་སྙན་གྲགས་པའི་སྟོན་ཟླ་དཀར་པོའི་གཟི་འོད་ཀྱིས།། རབ་འབྱམས་ཞིང་གི་འཁོར་ཡུག་ཁྱོན་ཀུན་ཡོངས་སུ་འཁྱུད་ཅིང་བསྡམས་བྱས་པས།། སྐྱེ་འཕགས་སྟོང་གི་ཐུགས་ཀྱི་ཀུན་དར་དད་གསུམ་འདབ་མ་ཆེས་ཆེར་བཞད།། སྲིད་གསུམ་ཆེ་དགུའི་གཙུག་གི་རྒྱན་དུ་ཞབས་མཐིལ་རེ་ཁཱ་རྟག་བཀོད་ཀྱང་།། ཁེངས་ཤིང་རྒྱགས་པས་རྣམ་པ་ལྟ་ཅི་ཞི་དུལ་དཔལ་གྱིས་ལྷག་པར་བརྒྱན།། ཞིང་རྡུལ་གྲངས་ཀྱི་རྒྱལ་སྲས་སེམས་དཔའི་རྐང་འཐུང་ལྕུག་ཕྲན་ཅན་མང་ཡང་།། བསམ་སྦྱོར་གོ་ཆ་བསམ་མི་ཁྱབ་ལྡན་འཕགས་ཆེན་ས་བརྟོལ་ཁྱེད་གཅིག་ཙམ།། མཐོང་གྲོལ་སྐུ་མཆོག་ཉིན་བྱེད་བསྒོམས་པས་རྨོངས་མུན་དྲ་བ་རྩད་ནས་གཅོད།། ཐོས་གྲོལ་ཚངས་དབྱངས་རྣ་བར་སོན་པས་སྲིད་པའི་གཉིད་ལས་གཏན་དུ་སློང།། རེག་གྲོལ་ཞབས་མཐིལ་ལན་གཅིག་ཐོད་བཅིང་ཡེ་ཤེས་སྣང་བ་འབུམ་དུ་སྩོལ།། ཚོར་གྲོལ་དྲི་བསུང་ལན་གཅིག་སྣོམ་པས་སྡུག་བསྔལ་མ་ལུས་གཏིང་ནས་འཇིལ།། སྐྱེ་དང་འཇིག་པའི་མཚན་མས་དབེན་ཡང་སྐྱེ་མེད་ཆོས་ཀྱི་སྐུ་རུ་བཞེངས།། འགྲོ་དང་འོང་བའི་བྱེད་རྩོལ་མེད་ཀྱང་ཞིང་ཁམས་རྒྱ་མཚོ་ཀུན་ཏུ་སྣང་།། གཟུང་དང་འཛིན་པའི་གཉིས་ཆོས་མེད་ཀྱང་གཉིས་མེད་ཀློང་ནས་ཆོས་ཀུན་གཟིགས།། ཆོས་དང་ཆོས་ཉིད་མཉམ་པར་གྱུར་ཀྱང་ཆོས་ཅན་རྟགས་ཀྱི་ལྷ་རུ་འཕྲུལ།། སྐུ་ལ་དབྱིབས་གཟུགས་ཁ་དོག་བྲལ་ཡང་བརྒྱད་ཟུང་ལང་ཚོའི་མེ་ཏོག་བཀྲ།། གསུང་ལ་སྒྲ་ཚིག་སྨྲ་བརྗོད་མེད་ཀྱང་ཟབ་རྒྱའི་ཆོས་ཆར་འཛད་ མེད་ཕབ།། ཐུགས་ལ་ཀུན་རྟོག་སྤྲོས་རྩོལ་དབེན་ཡང་རྣམ་ལྔའི་ཡེ་ཤེས་ཡོངས་སུ་རྒྱས།། འགྲོ་ལ་སེམས་པའི་རྣམ་རྟོག་མེད་ཀྱང་དམིགས་མེད་ཐུགས་རྗེས་འགྲོ་རྣམས་འཁྱུད།། ཡོད་དང་མེད་པའི་སྤྲོས་པ་མི་མངའ་སྤྲོས་བྲལ་ཆོས་དབྱིངས་མཐར་ཐུག་ངོར།། ཡུལ་དང་ཡུལ་ཅན་གཉིས་སུ་མི་དམིགས་གཉིས་འཛིན་དྲི་མའི་སྦུབ་ལས་གྲོལ།། སྟོང་དང་རྟེན་འབྱུང་དབྱེར་མེད་གྱུར་བའི་སྟོང་ཆེན་རྣམ་གྲངས་མིན་པ་གང་།། སྲིད་དང་ཞི་བ་མཉམ་པར་གྱུར་པའི་ཆོས་ཉིད་དོན་གྱི་འཇམ་དཔལ་ལགས།། དེ་ལྟར་རང་རིག་ངེས་པ་དོན་གྱི་འཇམ་དཔལ་དཔའ་བོའི་ཡིན་ལུགས་དེ།། ཇི་སྲིད་མངོན་སུམ་རྟོགས་པར་མ་གྱུར་དེ་སྲིད་ཟུར་ཕུད་ལྔ་པ་ཡི།། སྐུ་མཆོག་མཚན་དཔེའི་གཟི་བྱིན་འབར་ཞིང་ཉིན་བྱེད་སྟོང་ལས་ལྷག་པ་གང་།། བདག་སྙིང་ཆུ་སྐྱེས་པད་མའི་གདན་ལ་རྟག་བཞུགས་བྱིན་རླབས་སྣང་བ་སྩོལ།། ཁྱེད་ཀྱི་གསང་གསུམ་དཔག་ཡས་ཡོན་ཏན་མཐའ་མེད་ལྷ་ལམ་ཡངས་པོའི་ཁྱོན།། འཕགས་པའི་མཁྱེན་དཔྱོད་མཁའ་ལྡིང་རྩལ་གྱིས་ཇི་བཞིན་ཚད་གཟུང་ནུས་མིན་ན།། ཅོལ་ཆུང་བདག་བློ་འཇོལ་མོའི་རྩལ་གྱིས་གཞལ་བར་བརྩམས་པའི་གཟིགས་མོ་ལ།། ལྔ་ལམ་ཆས་ཟིན་ཤེད་བུ་དག་ཀྱང་གད་མོ་ལན་བརྒྱར་ཅིས་མི་འཆོར།། དེ་ལྟ་ན་ཡང་དམན་བུ་བདག་བློའི་དྲི་ཟའི་འཕང་འགྲོ་ཡིད་འོང་ལ།། དད་གསུམ་ཤེད་མོང་ཡལ་འདབ་ལྔ་ཡི་མོས་འདུན་སོར་རྩེས་ཆེར་བསྐུལ་བས།། བསྔགས་བརྗོད་སིལ་མའི་སྙན་འཇེབས་ངག་ལྡན་གདོང་བཞིའི་དབྱངས་ལ་ཅོ་འདྲི་བ།། གང་ཉིད་སྤེལ་བའི་སྐལ་བ་བཟང་འདི་རྣམ་དཀར་སྟོང་གི་མཐུ་རུ་འཁུམས།། དེ་སྐད་བསྔགས་བརྗོད་རྣ་བ་བརྒྱད་པའི་ཏམ་བུ་ར་ཡི་རྒྱུད་མངས་གང་།། རླབས་ཆེན་དད་བརྒྱའི་ཡལ་འདབ་ལྔ་ལྡན་སོར་མོས་བསྐྱོད་པ་ལས་འོངས་པའི།། ལེགས་བྱས་དགེ་བའི་སྙན་འཇེབས་དབྱངས་ཀྱིས་རྣ་བའི་འདོད་འཇོ་ཇི་སྙེད་པ།། སྲིད་གསུམ་སྐྱེ་འགྲོའི་སྒྲ་འཛིན་དགྱེས་པའི་གསོས་སུ་སྨིན་པར་གྱུར་ཅིག་གུ། |
Subscribe to:
Post Comments (Atom)
0 comments:
Post a Comment