དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 7 October 2012
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག



གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོའམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུའི་དགེ་རྒན་ཆེན་མོ་ཁོང་ནི་མདོ་ཁམས་སྨད་ཀྱི་སའི་ཆར་གཏོགས། མཛོད་དགེ་སྨན་ལྗོངས་ཕྱུག་མོ་ཞེས་ཀུན་ལ་གྲགས་པའི་ཡུལ་དེར་མཛོད་པ་དགའ་ཡེ་ཤེས་དར་རྒྱས་གྱི་རིགས་སུ་སྤྱི་ལོ1975ལོར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་འཁྲུངས་ཡུལ་གྱི་སློབ་ཆུང་དང་གཙོས་གྲོང་ཁྱེར་གྱི་སློབ་འབྲིང་སོགས་སུ་ཐུགས་གཉེར་གནང་མོད། སྐབས་དེ་ཤེད་དུ་དུས་དབང་གིས་རྒྱ་ཡིག་རྐྱང་བ་ལས་བོད་ཡིག་སོགས་ལ་སྦྱོང་བའི་སྐལ་བ་མ་རག སྤྱི་ལོ1980ལོར་མདོ་སྨད་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་མོ་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་ཞིང་མཚན་ལ་ཚུལ་ཁྲིམས་རྒྱ་མཚོར་གསོལ། དེ་ནས་བཟུང་སྔ་ཕྱིར་རྗེ་དགེ་འདུན་རྒྱ་མཚོ་དང་སློབ་དཔོན་དམུ་དགེ་བསམ་གཏན་རིན་པོ་ཆེ། སྨད་སོག་བཛྲ་ཚང་སོགས་ལ་བསྟེན་ནས་དབུ་ཚད་ཕར་མངོན་འདུལ་བ་དང་བཅས་པའི་གཞུང་ཆེན་བཀའ་པོད་ལྔས་གཙོས་ཐུན་མོང་རིག་གནས་དང་བཅས་པ་ཀུན་ལ་བྱང་བར་སྦྱངས། སྐབས་དེར་བརྩི་བཞག་སོགས་གསན་སྐབས་སྔར་ཡེ་ནས་ཐོས་མ་མྱོང་བ་ཞིག་ཡིན་ཡང་ལན་རེར་གསན་པས་ཤོག་གྲངས་གསུམ་བཞི་རེ་ཚེགས་མེད་དུ་ཐུགས་ལ་འཛིན་ནུས་པར་མ་ཟད་སྐྱོར་ཡང་ཐུབ་པས་ཀུན་གྱིས་བསྔགས་བརྗོད་ཡང་ཡང་གནང་བའི་གཏམ་ཐོས། འཇམ་དབྱངས་བསྟོད་པ་མཚམས་སྤྲིན་གཞོན་ནུ་མ་སོགས་ཚར་གཉིས་གསུམ་རེར་གཟིགས་པས་ཐུགས་སུ་ཆུབ་པ་སོགས་རྣམ་དཔྱོད་ཕུལ་དུ་བྱུང་ལ། རྒྱུན་པར་དཔེ་ཁྲིད་གང་གསན་མཐའ་དག་ཀྱང་ཐུགས་ཐོག་ནས་དགེ་རྒན་གྱི་གསུངས་ཇི་ལྟ་བ་བཞིན་དུ་སྐྱོར་ཐུབ་པ་ཞིག་ཡོད་པས་ཨ་ལགས་ཙ་ཡུས་ཚང་སོགས་དམ་པ་མང་བོས་ཀྱང་རྗེ་འདི་ལ་ཨ་མའི་བུ་ལ་རིག་པ་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་བསྔགས་བརྗོད་དང་དབུགས་དབྱུང་ལན་ཁ་ཡར་གནང་།
དེ་ནས་སླར་ཡང་དུས་རབས་ཀྱི་ཁ་ཕྱོགས་དང་བསྟུན་སླད་སྤྱི་ལོ1985ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་བོད་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་བོས་གཙོས་དེང་རབས་རིག་གནས་མང་བོར་ཐུགས་གཉེར་གནང་། སློབ་མཐར་ཕྱིན་རྗེས་སླར་ཡང་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་མཁས་མང་ལི་ཁྲིའི་རྒྱ་མཚོའི་དབུས་སུ་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་གནང་། སྤྱི་ལོ1992ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གི་བཀའ་ལུང་ལྟར་རྒྱུགས་སྤྲད་དེ་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་སྒྲ་རིག་པ་སོགས་ལ་ཆེད་སྦྱོང་གནང་། སྤྱི་ལོ1995ལོར་སློབ་མཐར་ཕྱིན་པ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཁྲི་གུང་ཐང་འཇམ་པའི་དབྱངས་བསྟན་པའི་དབང་ཕྱུག་རྣམ་གཉིས་ཀྱི་བཀའ་བསྔགས་པ་ལྟར་གངས་ལྗོངས་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ལགས་ཀྱི་གདན་ཞུ་དང་ལེན་གནང་སྟེ་ད་ལྟའི་བར་མི་ལོ་ཉི་ཤུར་ཉེ་བའི་རིང་ལ་དགེ་རྒན་གྱི་ཐུགས་འགན་བཞེས་ཤིང་། ད་ལྟ་སློབ་གླིང་དེ་གའི་སློབ་གཙོའི་ཐུགས་འགན་ཡང་བཞེས་པའི་ཞོར་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱི་གདན་ཞུས་དགེ་རྒན་གྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་བཞིན་ཡོད་དོ།།
གཞན་ཡང་སྤྱི་ལོ2007ལོ་ནས་མཚོ་སྔོན་འཁྱམ་རུ་དགོན་གྱིས་ཞུས་པ་བཞིན་དེ་གར་ཕེབས་ཤིང་སྔ་ཕྱིར་ལམ་རིམ་བློ་སྦྱོང་དང་སུམ་རྟགས་སོགས་ཐུན་མོང་རིག་གནས་ཀྱི་དཔེ་ཁྲིད་ལན་དུ་མར་གནང་བར་མ་ཟད། དགོན་དེར་མཚན་ཉིད་གསར་ཚུགས་དང་དགེ་རྒན་གདན་ཞུ་སོགས་གང་ཅིའི་ཐད་ཀྱི་བགྱི་བ་མཐའ་དག་དྲིན་གྱིས་བསྐྱངས་ཏེ་གྲུབ་འབྲས་བསམ་གྱིས་མི་ཁྱབ་པ་བྱུང་། མཚོ་བྱང་ཁུལ་གྱི་རྐང་ཚའི་དགོན་ཆེན་དང་ཡུལ་ཤུལ་ནང་ཆེན་གྱི་ཀ་བཞི་དགོན་སོགས་དགོན་སྡེ་ཆེ་ཕྲ་མང་བོ་དང་ཡུལ་ཕྱོགས་མང་བོས་གདན་འདྲེན་ཞུས་པ་ཞལ་གྱིས་བཞེས་ཏེ་ལོང་གང་ཡོད་ལ་ཕེབས་བཞུགས་གནང་དང་གནང་བཞིན་ཡོད་ལ། དེ་བཞིན་དུ་ལོ་འདི་དག་ལ་བསྟུད་མར་རྒྱལ་སྤྱིའི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུར་ཞུགས་ཏེ་བོད་བརྒྱུད་ནང་བསྟན་ཚད་མ་རིག་པ་འདི་ཉིད་འཛམ་གླིང་མཁས་པ་ཀུན་ལ་གསལ་བཤད་དང་མཚམས་སྦྱོར་གནང་བའི་ཞོར་དུ་པེ་ཅིན་སློབ་གྲྭ་ཆེན་མོར་དང་ཆིན་ཧྭ་སློབ་ཆེན་སོགས་ཀྱི་ཞིབ་འཇུག་སློབ་མ་དང་རྒྱལ་སྤྱིའི་སྟེང་དུ་སྙན་གྲགས་ཆེ་བའི་ཞིབ་འཇུག་པ་དང་ཚན་རིག་པ་མང་བོར་ནང་བསྟན་ངོ་སྤྲོད་གནང་བས་ཡིད་འགུལ་གྱིས་མཆི་མ་འབྱིན་ཞིང་ཕྱི་བཞིན་འབྲངས་པའི་སློབ་མ་ཡང་མང་དུ་བྱུང་བར་སྣང་ཡང་རྗེ་འདི་ནི་འཁོར་མང་ཁྲིད་པའི་ཆེ་ཉམས་ལ་ཐུགས་མི་དགྱེས་པས་བདག་གིར་མ་གནང་། སྐབས་དེ་དག་ཏུ་དངོས་གཙོ་སྨྲ་བའི་ཚན་རིག་པ་ཁ་ཤས་རྩོད་པའི་སྒོ་ནས་ནང་བར་བཅུག་པ་སོགས་བསྟན་ལ་ཕྱག་རྗེས་བླ་ན་མཐོ། ནུབ་བྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་སུ་ཡང་ཡང་ཕེབས་ཏེ་དགེ་སློབ་མང་བོར་བོད་ཀྱི་རིག་གནས་བརྒྱུད་འཛིན་སྐོར་གྱི་གསུང་བཤད་མང་དུ་གནང་བས་ཀུན་དད་གུས་ཀྱི་ས་ལ་བཀོད། རྗེས་འདི་ཉིད་གཞོན་ནུ་ཉིད་ནས་རྒྱའི་ཡི་གེ་བསླབས་པ་ཡིན་གཤིས་རྒྱའི་རིག་གཞུང་ལ་གཞན་དྲིང་མི་འཇོག་པའི་འདྲིས་ཆ་ཆེ་ཞིང་རྒྱའི་ཧྭ་ཤང་མཁས་པ་ཆེན་པོ་དགུང་གྲངས་བརྒྱད་ཅུར་སོན་པ་དུ་མ་སོགས་ཀྱིས་ཀྱང་རྗེ་འདིའི་སྙན་པ་གསན་ཏེ་ཞབས་ལ་གཏུགས་ནས་བཀའ་ཆོས་ཞུས་ཤིང་། རྒྱལ་ཁབ་གཞན་དུ་གདན་ཞུ་བྱེད་པ་མང་དུ་བྱུང་ཡང་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་བཀའ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་རང་དུ་བཞུགས་པ་ལས་ཕྱོགས་གར་ཡང་འབྱོན་བཞུད་མི་གནང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་ཕྱག་ལས་ལྕི་དྲགས་པ་དང་མི་ལོ་བཅུ་ཕྲག་ལྷག་ལ་བཟོད་བསྲན་གྱིས་བཞུགས་སྟབས་ད་ལྟ་རྒྱལ་ཕྱི་ནང་གི་སྨན་པ་ཆེ་དྲག་དག་གིས་འཕྲལ་མར་ཡང་གསོ་དཀའ་བའི་སྐུ་བསྙུན་བཞེས་ཤིང་། སློབ་གླིང་ནས་དཔེ་ཁྲིད་སྐབས་མཚམས་ལན་རེར་ཞལ་དབུགས་ཀྱིས་མ་ལྡང་བར་སྐར་མ་ཁ་ཤས་ལ་སྐུ་ངལ་གསོ་དགོས་པ་ལྟ་བུ་བྱུང་ན་ཡང་དཔེ་ཁྲིད་གང་གནང་གི་འཕྲོ་རྫོགས་པར་བསྐྱངས་ཤིང་། ད་དུང་སློབ་གླིང་གི་གང་ཅིའི་དོན་ཐད་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་བཞུགས་བཞིན་པ་འདི་ནི་སྐྱེས་བུ་དམ་པའི་རྣམ་ཐར་ངོ་མཚར་བའོ།།
རྗེ་འདི་ལ་བཀའ་རྩོམ་ཐོར་བུ་མང་དུ་ཡོད་པ་ལས་སྔར་བླ་བྲང་དུ་བཞུགས་སྐབས་ཀྱི་ཕྱག་རྩོམ་མང་ཤོས་ཤིག་བོར་བརླག་ཤོར་ཞིང་ད་སྔ་རང་ཅག་གི་བསོད་ནམས་ཀྱི་ཞིང་དུ་ཤར་བ་དག་ནི་རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་དང་སྒྲ་རིག་འཛིན་སྐྱོང་བྱེད་པའི་ཐད་ཀྱི་ལྟ་ཚུལ་གླེང་བ། སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་བོད་ཀྱི་སློབ་གསོའི་སྐོར་གླེང་བ་སོགས་མང་བོ་ཞིག་ཡོད་ལ། དེབ་ཏུ་བསྐུར་ཟིན་པ་ལ་ཡང་སེམས་བྱུང་གི་རྣམ་བཞག་རྨོངས་མུན་འཇོམས་པའི་འོད་སྣང་དང་། བསྡུས་གྲྭའི་ཟིན་བྲིས་ཚད་མའི་གཞུང་ལ་འཇུག་ཚུལ་བློ་གསལ་བྱིས་པ་དགའ་བའི་མེ་ལོང་། ཁྱད་པར་འཕགས་བསྟོད་ཀྱི་ཚིག་འགྲེལ་དད་གསུམ་གསལ་བའི་འོད་སྣང་། སྒྲ་གཞུང་དབྱངས་ཅན་མ་ལས་མཚམས་སྦྱོར་ལྔ་བའི་སྐོར་གྱི་ཟིན་བྲིས་བྱིས་བློ་གསལ་བའི་སྒྲོན་མེ་ཞེས་པ་སོགས་ཡོད་ལ། ད་ཐེངས་ཡང་པར་དུ་འགོད་མུས་ལ་གྲུབ་མཐའ་རིན་ཆེན་ཕྲེང་བའི་ཟིན་བྲིས་དང་། རྒྱ་ཡིག་གི་ལམ་ནས་མཛད་པའི་ནང་བསྟན་དང་འཆམ་མཐུན་རིག་པ་ཞེས་པ་སོགས་མང་དུ་ཡོད་དོ།། གོང་གསལ་ཕྱག་རྩོམ་འདི་དག་ལས་ཟིན་བྲིས་ཀྱི་སྐོར་འདི་ཀུན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་ཁྲིད་གནང་སྐབས་སྒོ་སམ་ངོས་སུ་ཕྱག་བྲིས་བཏབ་པའི་ཟིན་བྲེས་ཤ་སྟག་ཡིན་ལ། སྐབས་ཐམས་ཅད་དུ་ཡིག་ཆ་མཐའ་དག་ཐུགས་ཐོག་ནས་ཤར་མར་འདོན་པ་ལས་ཟུར་ལྟའི་ཤོག་ཧྲིལ་གཅིག་ཀྱང་ཕྱག་ཏུ་བསྣམས་མྱོང་མེད་པ་ཕྲན་བུ་ཅག་ལ་རྒྱུས་ཡོད་པ་བཞིན་ཡིན་པས་འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་དག་གི་བསྟན་བཅོས་མཛད་པའི་སྲོལ་བཟང་བོ་དང་ཡོངས་སུ་མཐུན་པའི་ཕྱག་བཞེས་རྨད་དུ་བྱུང་བ་ཉིད་དོ།།
སྤྱིར་ཡང་རྗེ་འདི་ནི་གཞུང་གང་དང་གང་ཁྲིད་ཀྱང་ཐམས་ཅད་ཐུགས་ཐོག་ནས་གསུང་མཁན་ཞིག་སྟེ། སྤྱོད་འཇུག་ཆེན་མོ་ཊཱིཀ་སོགས་གཞུང་ཆེན་མོ་དང་བྱང་ཆུབ་ལམ་རིམ་ཆེ་ཆུང་གིས་མཚོན་ལམ་བློ་སྦྱོང་སོགས་གང་ཁྲིད་ཀྱང་གཞུང་ས་བཅད་དང་བཅས་པ་ཐུགས་ཐོག་ནས་ཤར་མར་གནང་བར་མ་ཟད། རཱ་མ་ནའི་རྟོགས་བརྗོད་སོགས་ཐུན་མོང་རིག་གནས་ཀྱི་སྐོར་གང་ཡིན་ཡང་ཕལ་ཆེར་ཕྱག་ཏུ་དཔེ་ཆ་མི་བཞེས་པར་ཁྲིད་གནང་མཁན་ཞིག་ཡིན་པས་ཕལ་མོ་ཆེ་ཞིག་ཡིད་མི་ཆེས་པ་ལྟ་བུའི་མཛད་པ་འདི་དག་ནི་ཕྲན་སོགས་ཁོང་གི་སློབ་བུ་ཀུན་ལ་ཐུན་མོང་དུ་སྣང་བའི་རྣམ་པར་ཐར་བའོ།།
གཞན་ཡང་དཔེ་ཁྲིད་སོགས་ཀྱི་སྐབས་སྔ་ཕྱི་ཀུན་ཏུ་ཡང་རྔོག་ལོ་ཆེན་མོ་དང་མངའ་རིས་ཀྱི་ལྷ་བཙུན་ཡེ་ཤེས་འོད་ཁུ་དབོན་སོགས་བྱང་ཆུབ་སེམས་དཔའ་དག་གི་རྣམ་ཐར་གསུངས་སྐབས་བྱང་ཆུབ་ཀྱི་སེམས་རྟག་ཏུ་གོམས་པའི་ཤུགས་ཀྱིས་སྤྱན་ཆབ་ལན་མང་གནང་བ་སོགས་ངོ་མཚར་བའི་རྣམ་ཐར་མང་དུ་ཡོད་པ་རྣམས་ནི། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་ཤིང་།། ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། རིགས་ནི་མཚན་མ་དག་ལས་ཤེས།།ཞེས་གསུང་པ་ལྟར་རྒྱུ་གང་ཡིན་རྗེས་སུ་དཔག་བྱེད་ཀྱི་འབྲས་བུའི་རྟགས་རྨ་མེད་པ་ཉིད་དུ་འཁུམས་སོ།། དེ་ལས་གཞན་ད་དུང་ཞུ་འདོད་པའི་རྣམ་ཐར་མང་ན་ཡང་དམ་པ་ཁོང་ཉིད་སྤྱིར་ཡང་བདག་གི་ཡོན་ཏན་སྒྲོག་པ་ལ་ཆེས་ཆེར་མི་དགྱེས་ཤིང་ད་རེས་ཀྱང་ཕྲན་བུ་ཅག་ལ་ངོ་སྤྲོད་འདི་ལྟ་བུ་ཡང་སློབ་མ་ཚོས་བྲིས་ན་ལྷ་སྒྲུང་ལྟ་བུ་ཞིག་ཏུ་བཏང་འགྲོ་བས་དགོས་པ་མེད་ཅེས་བཀའ་དོགས་པོར་གནང་རྐྱེན་ས་བཅད་མ་སྟོང་བ་འདི་ག་ཙམ་གྱིས་འཐུས་པར་བྱས་པའོ།།

རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།།
རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་།།
བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི།།
འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག།

0 comments:

ཟིན་བྲིས་འཚོལ་ཡུལ