དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 22 November 2012
བླ་རུང་དཀར་ཟས་འབོད་སྐུལ་ཚོགས་པའི་ཚོགས་འདུར་ཕུལ་བའི་མཆིད།
(མིང་དངོས)
--------ངས་བལྟས་ན།
དཀར་ཟས་འབོད་སྐུལ་ཚོགས་པའི་ལས་དོན་གྱི་གཙོ་བོ་ནི།
མི་ལ་དཀར་ཟས་ཟོ་ཟེར་ཤེས་པ་ཙམ་མིན་པར།
ཇི་ལྟར་བྱས་ནས་བདེ་ཐང་ལྡན་པའི་དཀར་ཟས་ཞིག་ཟ་རྒྱུ་གཞན་ལ་ཤེས་སུ་འཇུག་རྒྱུ་དེ་རེད་སྙམ།
---རྫ་ཚེ་རིང་བཀྲ་ཤིས།
(རྗེས་སུ་བེད་སྤྱོད་འདྲ་བྱེད་ན་ཡིག་ནོར་ལ་ཞུས་དག་བྱེད་རོགས)
འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།
དེ་ཡང་སང་ཉིན་ཞོགས་པ་ནས།
དཔལ་བླ་རུང་གི་དཀར་ཟས་འབོད་སྐུལ་ཚོགས་པའི་ངོས་ནས་དམིགས་བསལ་དཀར་ཟས་དང་འབྲེལ་བའི་ཚོགས་འདུ་ཆེན་པོ་ཞིག་འཚོགས་རྒྱུ་ཡིན་པར་རྟེན་འབྲེལ་དང་འཚམས་འདྲི་ཞུ།
ངས་འབྲེལ་ཡོད་ཆོས་གྲོགས་ཀྱི་ཐུགས་རེ་བཞིན་ཁྱེད་རྣམ་པའི་ལས་འགུལ་དང་འབྲེལ་བའི་སྐད་ཆ་ཕྲན་བུ་ཞིག་ཞུ་རྒྱུ་ཡིན།
ལར་ཆོས་ཕྱོགས་ནས་བཤད་ན།
མདོ་དང་བསྟན་བཅོས་རྣམས་ལས་ཤའི་ཉེས་དམིགས་ཤིན་ཏུ་རྒྱ་ཆེན་པོར་གསུངས་ཤིང་། ཁྱད་པར་དུ།
གཙུག་གི་ནོར་བུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་འདིའི་ཕྱོགས་ལ་དམིགས་བསལ་གྱི་ཐུགས་བསྐྱེད་དང་ཕྱག་ལས་ཅི་ལྟར་གནང་བ་དེ་ཚང་མས་ཤེས་གསལ་ལྟར་རེད།
འོན་ཀྱང་ད་བར་བོད་གངས་ཅན་གྱི་ལྗོངས་ལ་མཚོན་ན་ས་བབ་མཐོ་བ།
སྐྱེ་ཁམས་ཁོར་ཡུག་དང་འགྲིམ་འགྲུལ་གྱི་ཚད་བཀག་ཆེ་བ་སོགས་ཀྱིས་དམར་ཟས་ལ་ལོངས་སུ་མི་སྤྱོད་ཐུ་མེད་བྱུང་མོད།
དེས་ཀྱང་དམར་ཟས་འདི་ཡང་དག་པ་ཞིག་ཡིན་པའི་ཁུངས་སྐྱེལ་གཏན་ནས་གནང་མི་ཐུབ།
ཕྲན་རང་ངོས་ནས།
རང་ལོ་བཅུ་བདུན་གྱི་ཐོག་ནས་དགེ་བའི་བཤེས་གཉེན་དྲེལ་དཀར་མཁན་པོ་ཐུབ་དགའ་མཆོག་གིས་མདོ་ལང་ཀར་གཤེགས་པའི་ཤའི་ཉེས་དམིགས་ཀྱི་སྐོར་ཞལ་འཕྲོས་སུ་གསུངས་པ་ཐོས་པའི་རྐྱེན་བྱས་ནས་ལོ་གསུམ་གྱི་རིང་ལ་དམར་ཟས་མཚམས་འཇོག་བྱས་པ་མུ་མཐུད་དེ་ད་བར་ལོ་ངོ་ཉི་ཤུ་ལ་ཉེ་བར་ཐལ།
(མཁན་པོ་ཁོང་ད་ལྟ་བླ་རུང་ན་བཞུགས་ཡོད་རེད)
དེ་རྗེས་བཙོན་ཁང་ནང་དུ་ལོ་གཉིས་རིང་།
འབྲས་རྐྱང་ཙམ་ལས་ཟ་མ་གཏན་ནས་མེད་པའི་གནས་སྟངས་འོག་ནས་ཀྱང་ཨུ་ཚུགས་བྱེད་ཁུལ་བྱས།
སྐབས་ཐོག་དེར་ལྷག་པའི་བསམ་པ་རྣམ་པར་དག་པ་ཞེས་པའི་རྩོམ་ཡིག་ཤའི་ཉེས་དམིགས་གཙོ་བོར་བརྗོེད་པ་ཞིག་ཀྱང་བྲིས།
རྗེས་ནས་ཨ་རིག་བཤད་གྲྭ་ན་ཡོད་པའི་སྐབས་དང་།
ཁྱད་པར་འཕགས་ཡུལ་རྫོང་སར་ནས་ཐེངས་མང་པོར་སྒྲིག་འཛུགས་བཙུགས་ཏེ་དམར་ཟས་སྤོང་པའི་ལས་འགུལ་སྤེལ་ཁུལ་བྱས།
རྫོང་སར་བཤད་གྲྭའི་སྤྱི་ཐབ་ཏུ་དམར་ཟས་མཚམས་འཇོག་གནང་བའི་སྐབས་སུ།
ཟོལ་མེད་དད་པའི་ལྷ་དར་ཞེས་པའི་དམར་ཟས་ཀྱི་ཉེས་དམིགས་དང་འབྲེལ་བའི་རྩོམ་ཡིག་ཀྱང་འདུས་མང་གི་དབུས་སུ་སྙན་སྒྲོན་ཞུས།
མདོར་ན། ཕྲན་ནི་ཐོག་མཐའ་བར་གསུམ་དུ་དཀར་ཟས་རིང་ལུགས་ཀྱི་རྗེས་འབྲངས་པ་ཞིག་ཡིན།
དེའི་ཕྱིར་ཆོས་གྲོགས་རྣམ་པའི་དཀར་ཟས་རིང་ལུགས་ཀྱི་ལས་འགུལ་འདིར་དམིགས་བསལ་གྱི་དོ་སྣང་དང་རེ་བའི་མིག་གིས་བལྟས་ཡོད།
ཁྱད་པར་དགེ་འདུན་པའི་སྡེ་ཞིག་ལ་མཚོན་ན་དཀར་ཟས་སྤྱོད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད།
བདེ་ཐང་གི་ངོས་ནས་ཀྱང་དམར་ཟས་ལ་སྤྱིར་བཏང་འཚོ་བཅུད་ཀྱི་ནུས་པ་ཆེ་ཙམ་ཡོད་པ་དེ་ཁས་ལེན་ཐུབ་ན་ཡང་།
དེ་དང་ཆབ་གཅིག་ལུས་ཁམས་ལ་གནོད་པའི་ཆ་ལྡབ་འགྱུར་གྱིས་མང་བ་ཡོད།
ངས་ཉེ་ཆར་ཕྱི་ཕྱོགས་ཀྱི་ཆོས་ལུགས་དང་མ་འབྲེལ་བའི་དཀར་ཟས་རིང་ལུགས་པ་དག་གི་དཀར་ཟས་དང་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བའི་བཤད་སྟངས་ཁག་ཅིག་མཐོང་བྱུང་།
ཁྱད་པར་དེང་སང་དེང་རབས་ཅན་གྱི་ཕྱུགས་ལས་ཀྱིས་ཐོན་བསྐྱེད་བྱས་པའི་ཤའི་ཟས་དང་དེའི་འབྱུང་ཁུངས་ཀྱི་འབྲེལ་བའི་བསྐོར་ལ་བལྟས་པ་ཡིན།
འདིས་སྔོ་རིགས་ཟོས་ན་ཡང་སྡིག་པ་འདྲ་འདྲ་རེད་ཟེར་མཁན་དག་ལ་རྒྱུ་མཚན་ལྡན་པའི་ལན་འདེབས་བྱེད་ཐུབ་པ་འདུག་སྟེ།
དེ་རིང་མི་བརྗོད།
མ་གཞི་ཆོས་ཕྱོགས་ནས་ནི་སྐད་ཆ་བཤད་སྟངས་འདི་རིགས་སངས་རྒྱས་དང་ལས་འབྲས་ཉིད་ལ་ཅོ་འདྲི་བ་ཙམ་རེད།
དེང་སང་ཡར་ཐོན་ཅན་གྱི་སྤྱི་ཚོགས་སུ་མི་སྒེར་གྱི་བདེ་ཐང་།
སྤྱི་པའི་འཕྲོད་བསྟེན། ཁོར་ཡུག་གཅེས་སྤྲས་སོགས་ཀྱི་ཆེད་ཤ་མི་ཟ་བ་ཧ་ཅང་མང་པོ་རེད།
ང་ཡོད་སའི་སློབ་གྲྭ་ཁག་གཉིས་ལ་ཡང་ཤ་མེད་ཀྱི་སྡེ་ཚན་ལོགས་སུ་ཡོད།
ང་སྐྱེས་བུ་སྒེར་བ་ཞིག་ཡིན་ན་ཡང་།
ངས་རང་ཉིད་ཀྱི་མྱོང་ཚུལ་གཞི་ལ་བཞག་ནས་ཤ་མེད་ནི་བདེ་ཐང་ལ་ཕན་པའི་འཚོ་བ་རོལ་སྟངས་ཡག་ཤོས་ཤིག་ཡིན་པའི་ཁུངས་སྐྱེལ་བྱེད་ཀྱིན་ཡོད།
ང་ལ་འདི་ལྟར་བཤད་པའི་ཐོབ་ཐང་ཡོད་ཅིང་།
བཤད་སྟངས་འདི་ཁྲིམས་དང་ཚན་རིག་གི་གཞུང་ལུགས་ཀྱི་འགྲོས་དང་མཐུན།
དམར་ཟས་སྤངས་ནས་ད་བར་ངའི་གཟུགས་པོ་ལ་གནམ་ཁབ་ཐེངས་གཅིག་ཀྱང་བརྒྱབ་དགོས་མ་ཐུག
གཟུགས་པོ་ལྕི་ཡང་རན་པ་དང་། ནད་འགོག་གི་ནུས་པ་ཆེ་བ། དྲན་པ་གསལ་བ།
ཤེས་པ་ལྷོད་བག་དང་ལྡན་པ་བཅས་རྒྱུན་བསྲིངས་ཐུབ་ཡོད།
ངས་རང་ཉིད་ཀྱི་སྐོར་ཏོག་ཙམ་བཤད་པ་འདི་ང་ཚོའི་བྱེད་སྟངས་འདི་འགྲིག་པ་ཡིན་པའི་དཔང་པོ་བྱེད་པ་ཙམ་ཡིན།
ང་ཉེ་ཆར་ཡོ་རོབ་ལ་ཕྱིན་སྐབས་གནས་ཚུལ་འདི་འདྲ་ཞིག་དང་འཕྲད།
བོད་བརྒྱུད་ཀྱི་སློབ་མ་ཡོ་རོབ་པ་བུད་མེད་ཅིག་ལ་སྨན་པས་བརྟག་དཔྱད་བརྒྱུད་ཁྲག་གི་ནུས་པ་གསོ་བའི་ཆེད་ངེས་པར་ཤ་ཟ་དགོས་པའི་ལམ་སྟོན་བྱས།
མོ་རང་དཀར་ཟས་པ་ཞིག་ཡིན་སྟབས་ཟ་འདོད་ཡེ་མ་བྱུང་།
མཐར་མོས་དཀར་ཟས་ཆེད་མཁས་ཀྱི་སྨན་པ་ཞིག་ལ་ཁྲག་གི་ནུས་པ་གསོ་བའི་ཐབས་ལམ་གཞན་ཡོད་མེད་དྲིས་པར།
སྨན་པས་མགོ་བོ་ཅོག་ཅོག་བྱས་ཏེ།
ནུས་པ་གཅིག་མཚུངས་ཡིན་པའི་སྔོ་རིགས་གཞན་ཞིག་མཚམས་སྦྱོར་བྱས།
མོས་དེ་ཟོས་ནས་དུས་ཚོད་གང་འཚམས་རྗེས་སྔར་གྱི་སྨན་པས་བརྟག་དཔྱད་བྱས་པས་ད་ནི་ཁྲག་ཤུགས་སླར་གསོ་ཟིན་པར་མ་ཟད།
ཚད་ལས་བརྒལ་གྲབ་འདུག་པས་ཤ་ཟ་རྒྱུ་ཉུང་རུ་གཏོང་དགོས་པ་འདུག་ཅེས་སྨྲས།
དགོད་བྲོ་བ་ཞིག་ལ། མོས་ཤ་ཁམ་གང་ཡང་ཟོས་མེད།
བུད་མེད་དེ་ད་ལྟ་ཡང་སུད་སུ་ན་ཡོད་མུས་ཡིན།
འདིས་ང་ཚོ་ལ་ཕན་ཐོགས་ཡོད་པའི་དྲིས་ལན་ཅིག་བྱིན་ཡོད།
ང་ཚོས་ལམ་སྟོན་དང་ཞིབ་འཇུག་གིས་འདང་ན་ངེས་པར་ཤ་ཟ་དགོས་པའི་གནས་སྟངས་ནི་ཧ་ལམ་མི་སྲིད་པ་ཞིག་རེད་བསམ་གི
འདི་རིགས་ལ་ང་ཚོས་གསམ་བློ་སྔར་ལས་མང་ཙམ་གཏོང་དགོས།
དེང་སང་གྲྭ་པ་འགའ་རེས་ཤ་བཅད་རྗེས་ཤ་ཚབ་སོགས་འཕྲོད་བསྟེན་གྱི་ཆ་ནས་སྤུས་ཚད་ཞན་པའི་རྫས་འགྱུར་རིགས་མང་པོ་བསྟེན་བཞིན་ཡོད་པ་འདི་ཉེན་ཁ་ཆེན་པོ་རེད།
འདིས་གཟུགས་པོ་ལ་ནད་བསྐྱེད་ན་ཡང་། འདི་ཤ་མེད་བསྟེན་མ་ཤེས་པའི་སྐྱོན་ཡིན་པ་ལས།
ཤ་མ་ཟོས་པའི་སྐྱོན་མ་རེད།
ང་ཚོར་འཚོ་བའི་རྒྱས་སྤྲོས་གཞན་པ་ཆེར་མི་དགོས་ཀྱང་།
བདེ་ཐང་ལྡན་པའི་ལུས་པོ་ཞིག་གི་ཆེད་དགོས་ངེས་ཀྱི་བཟའ་བཏུང་སྤུས་དག་བྱ་རྒྱུ་ནི་ཧ་ཅང་འོས་འཚམས་ཡིན།
འོན་ཀྱང་། ང་ཚོ་ལ་ད་ལྟ་ད་དུང་སྒོར་མོ་མང་པོ་མེད་པར་མ་ཟད།
སྒོར་མོ་ཡོད་ཀྱང་སྤྱོད་ས་མི་ཤེས། སྤྱོད་ས་ཤེས་ཀྱང་སྤྱོད་སྟངས་མི་ཤེས།
སྤྱོད་སྟངས་ཤེས་ཀྱང་སྤྱོད་ས་མི་རྙེད།
འདི་ཚང་མ་ང་ཚོས་གོམ་པ་རེ་རེ་ནས་སྤོ་དགོས་ས་དག་རེད།
མ་གཞི་རྒྱལ་ཁབ་འདི་ནི་འཛམ་གླིང་གི་བཟའ་བཏུང་འཕྲོད་བསྟེན་གྱི་བདེ་འཇགས་ཞན་ཤོས་ཀྱི་རྒྱལ་ཁབ་ཅིག་རེད་ཟེར།
ཡང་།
ལོ་འགའི་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་བྱེས་སྨད་ཀྱི་མཁན་གདན་ཟུར་དག་གི་དབུས་པའི་དགེ་འདུན་པ་ཁྲི་སྟོང་གི་དབུས་སུ་༸རྒྱལ་དབང་འབྲུག་ཆེན་པས།
ང་ཆུང་དུས་སྤྱང་གི་ནང་བཞིན་ཤ་ཟ་མཁན་ཞིག་ཡིན།
ད་ཆ་དམར་ཟས་སྤངས་ནས་མི་ལོ་སུམ་ཅུ་ལ་ཉེ་བ་ཕྱིན།
ཤ་མ་ཟོས་ན་གཟུགས་པོ་ལ་གནོད་ཟེར་བ་དེ་ངའི་ཉམས་མྱོང་གི་ཐོག་ནས་བཤད་ན་སྐྱག་རྫུན་རེད།
ཅེས་གསུངས།
ཁོང་ནི་ད་ལྟ་ཡང་ཟླ་སྣེ་ཟླ་འཐུད་བྱས་ནས་རྐང་ཐང་ལ་གནས་སྐོར་དུ་བསྐྱོད་ཐུབ་མཁན་གྱི་བོད་ཀྱི་བླ་ཆེན་གཅིག་པུ་དེ་རེད།
སྐུ་གཟུགས་ཧ་ཅང་ཐང་པོ་རེད།
དཀར་ཟས་རིང་ལུགས་ཀྱི་མེས་པོ་བརྗེད་མི་རུང་བ་གཞན་ཞིག་ནི་བྱ་བྲལ་སངས་རྒྱས་རྡོ་རྗེ་རེད།
ཁོང་དགུང་ལོ་བརྒྱ་ལ་བརྒལ་ཟིན་ན་ཡང་།
ད་དུང་བལ་ཡུལ་རྒྱལ་ས་མན་ཊུ་དང་ཡང་ལེ་ཤོད་ཀྱི་བར་ན་འཆམ་འཆམ་འདྲ་གནང་ནས་ཕེབས་ཀྱིན་འདུག་ཟེར།
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་སྐུ་གཟུགས་ཀྱི་བདེ་ཐང་དེ་ཡང་ངས་བླ་རུང་སྒར་གྱི་མཁན་པོ་རྣམ་པའི་ནང་ནས་ཨང་དང་པོ་ཡིན་ས་རེད་དྲན་གྱི་ཡོད།
དེ་བཞིན་༸རྒྱལ་དབང་མཆོག་ཀྱང་དོན་གྱིས་དཀར་ཟས་རིང་ལུགས་པ་ཡིན།
ཁོང་གིས་དངོས་སུ་དམར་ཟས་མཚམས་འཇོག་གནང་མྱོང་ན་ཡང་། ལམ་ལྷོང་བྱུང་མེད།
དེའི་རྩ་བ་ནི་ཤ་མ་གསོལ་བས་མིན་པར་ཤ་མེད་ཀྱི་གསོལ་ཚིགས་འབུལ་ནོར་བྱས་པས་ཡིན།
དེ་ཡང་༸ཞལ་ནས།
ངས་ཤ་བཅད་རྗེས་ཞབས་ཞུ་བ་དག་གིས་གཟུགས་པོའི་འཚོ་བཅུད་ཀྱིས་འདང་གི་མ་རེད་ཟེར་ནས་འོ་མ་ཧ་ཅང་མང་པོ་གསོལ་དུ་བཅུག་རྐྱེན་འཁྲིས་ནད་ཀྱིས་ཡུན་རིང་ན་བས་གཟུགས་པོའི་ཤུགས་ཉམས་སྟབས་སྨན་པ་ཚོས་མུ་མཐུད་ཤ་ཏོག་ཙམ་ཟ་དགོས་པའི་བསམ་ཚུལ་བྱུང་སོང་ཞེས་རང་རྣམ་དུ་དངོས་སུ་གསུངས་ཡོད།
དེ་ནི་བོད་ནས་ཕེབས་མ་ཐག་པའི་ཞབས་འོག་པ་དག་གིས་ཤ་མེད་ལེགས་པོ་འབུལ་མ་ཤེས་པའི་ལན་པ་རང་རེད།
དེང་སང་འགའ་ཞིག་གིས་ཐ་ན་གནས་ཚུལ་འདི་རིགས་ཀྱང་སོ་སོའི་ཞེ་འདོད་ཀྱི་ལག་ཆར་སྤྱོད་པ་ནི་བློ་ཕམ་གྱི་གནས་ཚུལ་རེད།
འོན་ཀྱང་།
ང་ཚོས་གློ་བུར་དུ་ཚང་མར་ཤ་མ་ཟ་ཟེར་ན་གནད་དོན་ངེས་པར་ལྷག་སྲིད་ལ།
ཁ་ཅིག་གི་གཟུགས་པོའི་གནས་སྟངས་ལ་མ་འཕྲོད་པའང་ཡོང་སྲིད།
ཡིན་ན་ཡང་། ངས་བལྟས་ན། ཆོས་ཀྱི་བླང་བྱ།
ལུས་ཀྱི་འཕྲོད་བསྟེན།
དུས་ཀྱི་དགོས་མཁོ་སྟེ་གསུམ་ཆར་ནས་གྲྭ་པའི་སྤྱི་ཚོགས་ཀྱིས་ཤ་མི་ཟ་བ་དེ་ཧ་ཅང་འོས་འཚམས་རེད་ལ།
དེའི་ཆེད་དུ་ལས་འགུལ་སྤེལ་བ་ཡང་ཡག་པོ་ཡིན་པར་མཐོང་གིན་ཡོད།
རྒྱ་གར་ལ་ཡང་རྡོར་གདན་རྙིང་མའི་སྨོན་ལམ་ནི་བྱ་བྲལ་རིན་པོ་ཆེས་སྔ་མོ་ནས་དཀར་ཟས་ཅན་དུ་བསྒྱུར་ཟིན།
བོད་ཕྱིའི་དགོན་པ་བརྒྱ་ཆ་དགུ་བཅུ་ལྷག་གི་སྤྱི་ཐབ་ཏུ་དམར་ཟས་གཏན་ནས་མི་སྤྱོད།
༸རྒྱལ་དབང་ཀརྨ་པས་ནི་འབྲེལ་ཡོད་དགོན་པ་དང་བཅས་པ་དམ་ཚིག་ལ་བཀར་ནས་དཀར་ཟས་ཁོ་ན་བྱེད་དུ་འཇུག་གིན་ཡོད།
འདི་ལོ་ད་ལྟ་འཚོགས་བཞིན་པའི་ལིམ་བྷི་ནིའི་དཔལ་ས་སྐྱའི་སྨོན་ལམ་ཡང་དམིགས་བསལ་དཀར་སྐྱོང་ཚོགས་པའི་འབོད་སྐུལ་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཉན་འཇོག་གིས་ཡོངས་སུ་དཀར་ཟས་ཅན་དུ་གྱུར།
འདི་རིགས་ང་ཚོ་ལ་སེམས་ཤུགས་སྐྱེ་གཞིའི་གནས་འཕྲིན་ཤ་སྟག་རེད།
འོན་ཀྱང་། ཤ་མ་ཟ་ཟེར་ཐུབ་པ་ཙམ་གྱིས་མི་འགྲིགས་པའང་དངོས་ཡོད་རེད།
རང་ཉིད་སྒེར་ཡིནའང་འདྲ། མི་གཞན་པ་ཡིན་ནའང་འདྲ། འཕྲོད་བསྟེན་ལ་ཕན་པ།
འཚོ་བཅུད་ལེགས་པ།
དྲོ་བ་ཞིམ་པ་བཅས་ཀྱི་དཀར་ཟས་ཞིག་ལོངས་སུ་སྤྱོད་ཐུབ་རྒྱུར་མཐུན་རྐྱེན་དང་མིག་དཔེ་བསྐྲུན་དགོས།
ཤ་མེད་ཟས་རིགས་གཡོས་སྦྱོར་གྱི་སྦྱོང་བརྡར་ངེས་པར་དུ་བྱེད་དགོས།
དེ་ཡང་ཚད་ལྡན་གྱི་སྦྱོང་བརྡར་ལྟེ་གནས་སུ་མི་སྣ་ཆེད་གཏོང་གིས་འཚོ་བཅུད་རིག་པ་དང་གཡོས་སྦྱོར་གྱི་ལག་ལེན་བཅས་ལ་བྱང་ཆུབ་པའི་མ་བྱན་བསྐྱེད་བསྲིང་བྱ་དགོས་ཤིང་།
ཚད་ལྡན་གྱི་ཤ་མེད་ཟས་རིགས་ཐོན་ལས་བྱེད་པའི་སྤྱི་གཉེར་ཁང་དག་ལ་ཐད་ཀར་དགོན་པ་དང་སྒྲིག་འཛུགས་ཀྱི་ངོས་ནས་འབྲེལ་བ་བྱས་ནས་གང་ཐུབ་ཀྱིས་ཤ་མེད་ཟས་རིགས་ལེགས་པོ་དག་དགོན་པ་དང་མི་མང་ལ་འཁོ་སྤྲོད་ཐུབ་པའི་ཐབས་ལམ་ངེས་པར་རྟེན་དགོས།
ཁྱད་པར་རི་བོ་རྩེ་ལྔ་དང་།
གླེང་ཆེན་འགྱིངས་རི་སོགས་ཀྱི་རྒྱའི་དགོན་པ་དག་གི་དཀར་ཟས་བཟོ་སྟངས་ལ་ཡང་མིག་དཔེ་དང་སློབ་སྦྱོང་བྱ་དགོས།
དེ་བཞིན་དགོན་པ་དང་།
ཡང་ན་སྤྱི་ཚོགས་ཀྱི་ཚོགས་པ་དང་དགེ་སེམས་ལྡན་པའི་མི་སྒེར་བཅས་ལ་ཚད་ལྡན་གྱི་དཀར་ཟས་ཟ་ཁང་ལེགས་པོ་འཛུགས་རྒྱུའི་འབོད་སྐུལ་ཞུ་དགོས།
མདོར་ན། ཤ་མེད་ན་ཟ་མ་ཞིམ་པོ་མེད།
ཤ་མེད་ན་ཟ་མ་བཅུད་ཆེན་མེད་སྙམ་པའི་བསམ་བློ་རང་ཞིག་ཏུ་འགྲོ་བ་ཞིག་བྱེད་དགོས།
ངས་བལྟས་ན།
དཀར་ཟས་འབོད་སྐུལ་ཚོགས་པའི་ལས་དོན་གྱི་གཙོ་བོ་ནི།
མི་ལ་དཀར་ཟས་ཟོ་ཟེར་ཤེས་པ་ཙམ་མིན་པར།
ཇི་ལྟར་བྱས་ནས་བདེ་ཐང་ལྡན་པའི་དཀར་ཟས་ཞིག་ཟ་རྒྱུ་གཞན་ལ་ཤེས་སུ་འཇུག་རྒྱུ་དེ་རེད་སྙམ།
ཐུགས་རྗེ་ཆེ།
གུས་འདུད་བཅས།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ཝན་གླིང་ཕྲན་ནས་མཚན་སྤྱི་ལོ་༢༠༡༢ ཟླ་༡༡
ཚེས་༢༢དགུང་མོ་འཕྲལ་བྲིས།
Subscribe to:
Post Comments (Atom)
0 comments:
Post a Comment