དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 28 December 2012
རྒྱང་རིང་གི་མཁའ་འགྲོ་མ།
[ 2012-7-3 16:38:52 | By: huadajia ]


རྒྱང་རིང་གི་མཁའ་འགྲོ་མ། ཨ་མདོའི་བུ་མོ་ཆོས་དབྱིངས་སྒྲོལ་མར*ཕུལ་བ།
དང་པོ། ཁོར་ཡུག་གིས་བསླངས་པའི་དྲན་པ་ལང་ལོང་།
ན་བུན་ལང་ལོང་གི་དབུས་ནས།། གཡུ་འབྲུག་སང་སིང་དུ་གྲགས་བྱུང་།།
འཇའ་ཚོན་ལམ་ལམ་གྱི་ཞགས་པ།། སྦྲང་ཆར་ཟིམ་ཟིམ་ལ་དབང་སོང་།།


ས་གཞི་ནེམ་ནེམ་ཏུ་གྱུར་ཏེ།། ཁོར་ཡུག་འཇམ་འཇམ་ཏུ་བསྒྱུར་བ།།
མཁའ་རླུང་དྭངས་དྭངས་སུ་སོང་བས།། སྣང་བ་བན་བུན་གྱིས་བསྡམས་ཐལ།།


སེམས་པ་སྟོང་སྟོང་འདི་དྲན་ནས།། ཕྱི་རོལ་འཆམ་འཆམ་དུ་འཁྲེང་དུས།།
ནམ་ཟླ་གྲང་གྲང་ཅིག་འདུག་པས།། ཁ་ནས་ཧུ་ཧུ་རང་ཤོར་སོང་།།


རྒྱ་ལྕང་ལྕུག་ལྕུག་ཏུ་གཡོ་ཞིང་།། འདབ་མ་ལྡེམ་ལྡེམ་ཏུ་བསྐྱོད་པ།།
བྱ་བྱེའུ་ཀྱུར་ཀྱུར་འདི་སྙན་པ།། ཁུ་བྱུག་ཀོ་ཀོ་འདི་མཛེས་ཨང་།།


གཉིས་པ། ཟི་ལིང་གྲོང་ནས་མཁའ་འགྲོ་མ་དང་འཕྲད་པ།


གོམ་པ་འགའ་འགའ་ཅིག་སྤོས་ཏེ།། མིག་ཟུང་རིག་རིག་གིས་ལྟ་བཞིན།།
ཟམ་ཆེན་མཐོ་མཐོ་ཐོག་བགྲོད་ཚེ།། མགོ་དཀྲིས་དམར་དམར་ཅིག་མཐོང་བྱུང་།།

ཞལ་རས་སྒོར་སྒོར་གྱི་ཟླ་བ།། མཆུ་སྒྲོས་ལྷུག་ལྷུག་ཏུ་དགོད་པ།།
ནུ་འབུར་ལྟེམ་ལྟེམ་གྱིས་འདར་བ།། སྐེད་པ་ལྡེམ་ལྡེམ་གྱིས་བསྐྱོད་པ།།


མིག་གིས་ཟུར་མདའ་ཤིག་འཕངས་མོད།། མིག་གིས་མ་མཐོང་ཁད་བྱས་ཐལ།།
མིག་གིས་ཡང་ཡང་ཞིག་བལྟས་ཀྱང་།། མིག་ལ་ཨ་ལན་དེ་དབེན་སོང་།།


སེམས་ནས་སྙིང་གཏམ་ཤིག་བཤད་འདོད།། སེམས་ཀྱི་སྤོབས་པས་རང་ཞུམ་འགྲོ།། སེམས་ཀྱིས་མི་བཤད་ཅིག་བསམ་ཡང་།། སེམས་པས་བསྐྱུར་ཐབས་ཤིག་མི་འདུག།


སྟོང་སྟོང་འཇིག་རྟེན་གྱི་ཁམས་ན།། འདོད་འདོད་བརྩེ་བ་རྫོགས་མེད་ཀྱང་།།
དུངས་དུངས་ཕོ་མོ་ཡི་བརྩེ་དུངས།། འགྲན་འགྲན་ཟླ་བོ་ཤིག་མི་འདུག།


སྣ་མང་ཚོང་ཁང་གི་ནང་ནས།། སྣ་འདུས་ཨ་རག་ཤིག་རྔུབ་རྗེས།།
སྣ་མའི་མེ་ཏོག་ཤིག་བླུས་ཏེ།། སྣ་ལ་ལེགས་སྐྱེས་སུ་ཕུལ་ཡོད།།


ཨ་ཅེ་འཁྲེང་སེམས་ཤིག་ཡོད་ན།། ཨ་བུ་སེམས་དབུས་སུ་འཁོར་རོགས།།
ཨ་ཅེ་ཕྱི་ཐག་རིང་ལྡན་ན།། ཨ་ཙི་མེ་ཏོག་འདི་བཞེས་རོགས།།


ཧ་ཅང་མང་པོ་ནི་མི་ལབ།། ཧ་ལམ་དེ་འདྲ་ཞིག་ཡིན་པ།།
ཧ་ལོའི་རྩུབ་སྤྱོད་ཀྱི་གཤིས་ཀ། ཧ་ཧ་བདག་ལ་རང་མེད་དོ།།


གསུམ་པ། སེམས་པ་གཉིས་ཟླ་བའི་ཁང་ཁྱིམ་དུ་འཛུལ།

དེ་སྐད་དུངས་ཞེན་གྱི་ཚིག་སྣེ།། དེ་འཕྲལ་ཕར་ཕྱོགས་སུ་འཕངས་པས།།
དེ་མཉམ་འཛུམ་མདངས་ཅིག་བསྟན་ཏེ།། དེ་ཡི་མེ་ཏོག་ལ་འཇུས་བྱུང་།།


དཀར་དམར་མདངས་ལྡན་གྱི་ལག་པ།། ལྷོད་འཇམ་མཉེན་ཤ་ཤིག་ལྡན་ཀི།།
ལྷོད་འཇམ་ཚིག་གསུམ་གྱི་སྐད་ཆ།། དཀར་དམར་སྒྲ་འཛིན་དུ་སིམ་བྱུང་།།


འགྲམ་པའི་མཁུར་མཚོས་འདི་ཡག་གི།། གསེར་གྱི་རྣ་ལུང་འདི་ཡག་གི།།
དཀར་བའི་དུང་སོ་འདིའང་ཡག་གི།། སྐྱེས་གཟུགས་དེ་ལས་ཀྱང་ཡག་གི།།


ཚེ་རོགས་ཡོད་དམ་ཞེས་དྲིས་ཚེ།། མེད་པའི་ཨ་ལན་རང་སྤྲད་བྱུང་།།
ཚེ་འདི་བཙལ་རྒྱུ་རང་ཡིན་ཚེ༎ གཏན་གྲོགས་ཁོ་བོ་ཡིས་བྱས་ཆོག།

མགོ་བོ་ནང་གུག་གི་བསམ་བློ།། བློ་ཡིས་རྗེས་དཔག་ཅིག་བྱས་ཚེ།།
ཚེ་གཅིག་གཏན་གྲོགས་ཀྱི་དོན་ལ།། ལ་མོར་འཐད་པ་རང་ཡིན་པ།།


ནུབ་ཁའི་མཚམས་སྤྲིན་གྱི་རླུང་བུས།། ནུབ་མོའི་འཇིག་རྟེན་འདི་བསུས་འོངས།།
གྲིབ་མ་མག་མོག་གི་དབུས་ན།། གྲིབ་གཟུགས་རིང་ཐུང་གཉིས་འགུལ་འདུག།




བཞི་པ། སྐྱིད་ཆུའི་ངོགས་ལ་བསྲིངས་པའི་སྣང་བ་བན་བུན།

སྔོན་བསགས་བསོད་ནམས་ཤིག་ཡིན་ནམ།། ལས་འབྲས་ཐུག་འཕྲོ་ཤིག་ཡིན་ནམ།།
འཛོམས་མཐར་འབྲལ་བ་ཡི་ཆོས་ཉིད།། སུས་ཀྱང་ལྡོག་ཐབས་ཤིག་མི་འདུག


ན་ཆུང་མེ་ཏོག་གི་ལང་ཚོ།། སྐྱིད་ཆུའི་འགྲམ་ངོགས་སུ་འཕུར་ཀྱང་།།
མ་བཅོས་དུངས་སེམས་ཀྱི་རི་མོ།། མ་འགྱུར་སེམས་དབུས་སུ་ཤར་ཡོད།།


དྭངས་གསལ་མཁའ་དབྱིངས་ཀྱི་ལྡིང་ཁང་།། སྤྲིན་དཀར་ལང་ལོང་དུ་འཕུར་བ།།
པད་མའི་མེ་ཏོག་གི་གསེབ་ན།། རྐང་དྲུག་སྐད་སྙན་འདི་མཛེས་པ།།


རྒྱ་རྫོང་ནགས་མོ་ཡི་ཀློང་ནས་།། ཁུ་ལོ་འཇོལ་མོ་གཉིས་གྲགས་ཀི།།
མཛེས་སྡུག་སྙིང་མཐུན་གྱི་མཛའ་མོ། ། སེམས་པའི་མཁའ་དབྱིངས་ནས་འཛུམ་འོངས།།


སྐྱེས་ལུས་ཚིགས་དྲུག་གི་དོ་ཟླ༎ གནག་སྣུམ་རྒྱ་ལྕང་གི་ལོ་མ།།
དགའ་འཛུམ་དགོད་འཛུམ་ཤིག་བྱས་ན།།དུང་སོའི་འོད་གོར་གྱི་ཟླ་བ།།


མཚམས་མདོའི་ན་ཆུང་མའི་བུ་མོ།། ལྷ་སའི་བར་སྐོར་ནས་གྲགས་ན།།
ཐག་རིང་ཨ་མདོ་ཡི་བུ་ཡིས།། མིག་ཆུ་སྙན་ངག་ལ་འཐིམས་ཡོད།།

དུངས་ཞེན་དྲན་གདུང་གི་སྡུག་བསྔལ།། རང་སེམས་གསེར་ཁང་ལ་འཕོས་སོང་།།
སྐྱོབ་པའི་ལྷ་ཆེན་ཞིག་མེད་ན།། ཚེ་འདིས་ཐེག་པ་རང་དཀའ་འོ།།


ང་ལ་རང་དབང་ཞིག་ལྡན་དེ།། ཁྱོད་ལ་འདོད་འདུན་ཞིག་ཡོད་ན།།
དུས་དང་བསྐལ་བ་ཤིག་ཡོད་ན།། མཇལ་འཛོམས་ཁ་གཡང་ཤིག་ལོས་ཡོད།།


ལྔ་བ། ཁེར་རྐྱང་གི་ང་ད་དུང་མི་རྐྱང་ཡིན།
ནམ་མཁའི་མཁའ་དབྱིངས་ཀྱི་ཟླ་བ།། ལྷིང་འཇགས་རོལ་དབྱངས་ལ་འཁྲེང་བ།།
སྐར་མའི་མིག་ཟུང་གི་འབྱེད་འཛུམ།། ཟླ་བའི་སེམས་གསོ་རུ་རྒུམ་འདུག།


ཆུ་ཕྲན་ལྷུང་ལྷུང་གི་དབུས་ན།། མེ་ཏོག་ཆུ་བོ་ལ་ཆགས་ཡོད།།
མཛེས་ལྡན་རྐང་དྲུག་གི་བུང་བས།། མེ་ཏོག་ཁྱེད་རང་ལ་སྒུག་ཡོད།།
ཟུར་མཆན།མཁའ་འགྲོ་མ་ནི་ཟླ་བཞི་བར་རྩོམ་པ་པོའི་སེམས་ཁོང་ལ་འཕུར་འོངས་པའི་ལྷ་བྱ་ཞིག་ཡིན་ལ། ཁོ་མོའི་སྐད་སྙན་གྱིས་ལྗོངས་འདིར་མཛེས་སྡུག་གི་ཁྱིམ་གཞི་གསར་བ་ཞིག་བསྐུན་པས་འདོད་ལྡན་པ་གང་མང་ཞིག་གིས་བསླུ་བྲིད་ཀྱི་མིག་ཟུང་ཁྱེད་ཀྱི་ཕྱོགས་སུ་གཏད་ནའང་། ཁོ་མོའི་དྭངས་གཙང་གི་སེམས་པ་དང་། རང་དབང་གི་བརྩེ་དུངས། བསླུ་མེད་ཀྱི་དུང་སེམས་བཅས་ལ་འགྱུར་རྒྱུ་མེད། དེ་བས་རྩོམ་པ་པོ་མཁའ་འགྲོ་མ་ལ་དགའ་ཞིང་། རྩོམ་པ་པོའང་མཁའ་མ་ལ་དེ་བས་ཀྱང་དུངས། ལྷག་པར་དུ་མཁའ་འགྲོ་མ་དང་རྩོམ་པ་པོ་གཉིས་ཀྱི་ལས་ཀ་ནི་བྱིས་པ་འགའི་རྫི་བོ་ཡིན་པ་དེའོ།།


0 comments:

ཟིན་བྲིས་འཚོལ་ཡུལ