དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 29 December 2012

ཨོ་རྒྱན་པདྨས་མཛད་པའི་བོན་ཆོས་རྣམ་དབྱེ་བཞུགས་སོ།

རྗེ་བཙུན་ཆེན་པོ་པདྨ་ཐོད་འཕྲེང་ལ། བཙན་པོ་ཁྲི་སྲོང་སྡེའུ་བཙན་གྱིས་གསེར་གྱི་མཎྡལ་ལ་གཡུ་ཡི་ཚོམ་བུ་བཀོད་ནས་ཞུས་པ། མ་སྒྲིབ་ས་ལེ་མཁྱེན་པའི་གྷུ་རུ་རྗེ། །བོན་ཆོས་གཉིས་ཀྱི་ལོ་རྒྱུས་འབྱུང་ཁུང་དང་། །དར་ནུབ་རྒྱུ་རྐྱེན་ཐ་དད་ཡོད་མེད་རྣམས། །བདག་ཉིད་ཆེན་པོས་མ་ལུས་གསུངས་པར་ཞུ། །ཞེས་ཞུས་པས། གྷུ་རུའི་ཞལ་ནས་བོན་གྱི་འབྱུང་ཁུང་ཆོས་ཀྱི་རྣམ་དབྱེ་ནི། ཟུར་ཙམ་བཤད་ཀྱིས་རྒྱལ་བོའི་ཡིད་ལ་ཞོག བསྐལ་པ་འདི་ཡི་གོང་རོལ་ཡང་གོང་དུ། བསྐལ་བ་མངོན་དགའ་བྱ་བ་བརྒྱད་ཁྲི་བཞི་སྟོང་བྱུང་། དེ་ཡི་གོང་དུ་སྒྲོན་མའི་བསྐལ་པ་བྱུང་། ཐོག་མ་ནས་བཟུང་ད་ལྟའི་བསྐལ་པ་ལ་འདྲེན་པའི་བསྐལ་པ་བཞི་བྱུང་སྟེ། དང་བོ་ཆགས་པའི་བསྐལ་བ་འབྱུང་རྫོགས་དུས། །སྔོན་ལ་ཡོངས་རྫོགས་ཁྲི་བཞི་ནམ་ཏིང་བྱུང་། །དེ་ནས་རླུང་གི་བསྐལ་བ་ཆགས་པའི་ཚེ། །རླུང་ལས་གྲུབ་པའི་བ་རབ་གླིང་རྩོལ་བྱུང་། །དེ་ནས་མེ་ཡི་བསྐལ་བ་ཆགས་པའི་ཚེ། །དེ་ནས་མེ་ལས་གྲུབ་པའི་ཁྲི་རྨང་རྒྱལ་བ་བྱུང་། །དེ་ནས་ཆུ་ཡི་བསྐལ་པ་ཆགས་པའི་ཚེ། །ཆུ་ལས་གྲུབ་པའི་ལྡེ་བོ་གསུང་ཆེན་བྱུང་། །དེ་ནས་ས་ཡི་བསྐལ་པ་ཆགས་པའི་ཚེ། །ས་ལས་གྲུབ་པའི་བ་རབ་གླིང་བཞི་བྱུང་། །དེ་ནས་ཚེ་རབས་དཔག་མེད་དུས་སུ། །སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་དང་། །དཔག་མེད་དུས་སུ་གཤེན་ལྷ་འོད་དཀར་དང་། །ཐོག་མེད་དུས་སུ་གཙུག་གཤེན་རྒྱལ་བ་དང་། །ཁྲི་ཕྲག་དུས་སུ་ཚད་མེད་འོད་ལྡན་དང་། །དུང་ཕྱུར་དུས་སུ་ལེགས་པ་ཀུན་སྙོམ་དང་། །བྱེ་བའི་དུས་སུ་ཡང་རྒྱལ་འབྲུག་སླག་དང་། །ས་ཡའི་དུས་སུ་གཤེན་རབ་རྩལ་ཐོག་རྒྱལ། །ཆགས་པའི་དེ་ལ་འདྲེན་སྟོན་དེ་རྣམས་བྱུང་། །དེ་ལྟར་གནས་པའི་བསྐལ་པ་འདི་དག་ལ། །སྟོང་དང་རྩ་གཉིས་འཁྲུངས་པའི་ལོ་རྒྱུས་ནི། །སྔོན་ཚེ་ཆགས་པའི་བསྐལ་བ་ཡ་ཐོག་དུས། །འོག་མའི་མཐུགས་པོ་བཀོད་པའི་ཞིང་ཁམས་དེར། །གསས་ཆེན་རིགས་ལྔ་ཚད་མེད་ཐུགས་རྗེ་སྤྱན། །འགྲོ་དྲུག་འཁོར་བའི་གནས་སུ་གཟིགས་ནས་བཤུམ། །ཚད་མེད་འོད་ལྡན་བྱམས་པའི་འགྲོ་དོན་བསྐུལ། །ཕྱོགས་བཞི་དབུསལྔ་ཀུན་ཏུ་སྨོན་ལམ་བཏབ། །བཤུམས་པའི་མཆི་མ་ཐིགས་པ་སྟེང་དུ་འདྲིལ། །སྟོང་གསུམ་གསལ་བ་སྒྲོན་མའི་རྒྱུ་གསུངས་ཏེ། །ཐིགས་གཅིག་སྟོང་གསུམ་འདི་ན་བབས་ལུགས་ནི། །སྲིད་པ་ཡེ་སངས་ཡུམ་གྱི་ལྕམ་བཙུན་མ། །རིན་ཆེན་གསལ་བ་བྱ་བའི་སྤྱི་བོར་བབས། །ཡབ་ནི་འཁོར་ལོ་བསྒྱུར་རྒྱལ་དུང་འོད་ཡིན། །སྲས་བཞི་བློན་བཞི་འཁོར་དང་བཅས་པ་ཡོད། །མེ་ཏོག་ཨུ་དུམ་ཝ་ར་དེ་ནས་བྱུང་། །རྩ་གསུམ་གནས་སུ་སྨན་གྱི་གླིང་དཀྱིལ་དེར། །བདུད་རྩིའི་ཆབ་བྲན་ལྷ་རྣམས་ཀུན་གྱིས་གསོས། །ཕྱི་དེའི་ལོ་ལ་པདྨ་ཧ་སྤུངས་འཁྲུངས། །སངས་རྒྱས་སྟོང་དང་རྩ་གཉིས་དེ་ནས་འཁྲུངས། །ལྷ་རྣམས་ཀུན་གྱིས་བསྐལ་བཟང་ཁ་དམར་བཏགས། །ཡབ་ཡུམ་སྲས་བཞི་སྨོན་ལམ་དུས་གཅིག་བཏབ། །སངས་རྒྱས་སྟོང་གིས་ཡབ་ཡུམ་ཁྱེད་བཞི་ཡང་། །གསས་ཆེན་རུ་བཞི་སྐྱེ་བའི་སྨོན་ལམ་བཏབ། །འགྲོ་བའི་དོན་དུ་གང་འབྱོན་ཞལ་མ་འཆམས། །སློབ་དཔོན་འབུམ་ཁྲི་གློག་གི་ལྕེ་ཅན་གྱིས། །ལུང་བསྟན་མཚན་རབས་གསེར་གྱི་ཡི་གེ་བྲིས། །རིན་པོ་ཆེའི་བུམ་པར་བཅུག་ནས་ནི། །རིམ་པར་འབྱོན་པའི་ཐུགས་ཀྱི་དཀྱིལ་དུ་དགོངས། །སངས་རྒྱས་རིམ་པར་སྟོན་པ་བྱོན་པའི་ཚུལ། །སྐུ་གསུང་ཐུགས་ལས་ལྷ་གཤེན་སྲིད་པར་སྤྲུལ། །ལྷའི་གཡུང་དྲུང་སེམས་དཔའ་ཤེས་སྒྲིབ་སྦྱང་། །སངས་རྒྱས་སྟོང་དང་རྩ་གཉིས་བྱོན་པའོ། །སྲིད་པའི་ཡོད་ཁམས་དཀར་པོའི་སྲིད་པ་སྤེལ། །གཤེན་གྱིས་མཛད་པའི་སྟོན་པ་རིམ་པར་བྱོན། །བྱེ་བ་ཕྲག་བརྒྱའི་དུས་སུ་སྤྲུལ་སྐུ་འགྱེད། །གནས་དང་འཇིག་སྐལ་ཚུལ་དུ་སྟོན་པ་བྱོན། །མཉམ་ལྡན་བྱམས་པ་གཅིག་གི་སྐྱོན་ལ་བསྟན། །འདུས་དུ་ཉི་ཟེར་མར་ལ་འདུས་པ་བཞིན། །རིགས་ལྔ་ཡིད་ལ་ཐིམ་ནས་དབྱེ་རུ་མེད། །དང་བོ་འོག་ཕྱོགས་འཇིག་རྟེན་དུ། །རྒྱལ་བོ་བཀའ་འོད་མ་སློད་ཅན་གྱི་སྤྲུལ། །དགའ་རབ་རྒྱས་དང་། ཤེས་རབ་ལྡན་དང་། དལ་འབྱོར་སྐྱེས་དང་། གསུམ་གྲུབ་པ་དངོས་སུ་ཐུབ་སྟེ། སྟེང་ཕྱོགས་ཡེ་སངས་བྱ་བའི་ལྷ་རུ་སྐྱེས། དག་པ་གསལ་བ་ཤེས་པ་གསུམ། ཐོག་མར་སྤྲུལ་བའི་སྐུ་རུ་སངས་རྒྱས་པ་ནི། མཆེད་གསུམ་དུས་གསུམ་སྟོན་པར་གཤེགས་ཏེ། སྔར་འདས་གཏོ་རྒྱལ་ཡེ་མཁྱེན། ད་ལྟ་གཤེན་རབ་མི་བོ། སླད་འབྱོན་ཁྱེའུ་ཐང་མ་མེ་སྒྲོན་ཏེ། དུས་གསུམ་གྱི་སྟོན་པ་མཛད་པའོ། །ད་ལྟ་སྟོན་པ་གཤེན་རབ་མི་བོ་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །སྲིད་པ་ཡེ་སངས་ཡུལ་དུ་སྐྱེ་བ་བཞེས། བར་ལྷ་འོད་གསལ་གནས་སུ་ཤེས་བྱའི་སྒྲིབ་པ་སྦྱངས། །མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དུ། །སྟོན་པ་འབུམ་ཁྲི་གློག་གི་ལྕེ་ཅན་ལ། །ཤེས་རབ་རྣམ་པ་གསུམ་གྱི་བློ་རྩལ་སྦྱངས། འོག་མིན་བདེ་ཆེན་དབྱིངས་ཀྱི་ཕོ་བྲང་དུ་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ། འགྲོ་བ་མ་ལུས་འདུལ་བའི་བོན་ལུང་ཞུས། ཇི་ལྟ་ཇི་སྙེད་ཐུགས་ལ་ས་ལེར་མཁྱེན། གནས་རིགསཞིང་ཁམས་བཅུ་བདུན་དུ། རྩ་གསུམ་ལྷ་ལ་བོན་གྱི་འཁོར་ལོ་བསྐོར། རྒྱལ་ཆེན་རིགས་ཞིའི་ལྷ་རྣམས་དམ་ལ་བཏགས་ནས་ནི། གནས་མཆོག་རྟག་གཟིགས་འོལ་མོ་ལུང་རིང་དུ། རྒྱལ་བོ་རྒྱལ་བོན་ཐོད་དཀར་སྲས་སུ་འཁྲུངས་སོ། །སྟོན་པ་དེ་ཉིད་ཀྱང་བོན་གྱི་འཁོར་ལོ་རབ་ཏུ་བསྐོར། གཤེན་ལོ་ཉི་ཤུ་རྩ་ལྔ་ནས་བསྟན་པ་རྣམ་གསུམ་རྗེས་སུ་བཞག གཤེན་ལོ་སུམ་ཅུ་སོ་གཅིག་ཏུ་ཁྱིམ་སྤངས་རབ་ཏུ་བྱུང་ནས། དཀའ་ཐུབ་ལོ་གསུམ་དང་། དབེན་ས་ལོ་དགུ་ལ་སོགས་བཞུགས་ནས། སྐུ་མྱ་ངན་ལ་འདས་ཚུལ་བསྟན། དེ་ལྟ་ཐུགས་ལས་སྤྲུལ་པའི་སློབ་མ་དགུ་ལ་བསྟན་པ་གཉེར་དུ་བསྩལ་ནས། དེ་ནས་མཛད་པ་བཅུ་གཉིས་དང་དྲུག་ཅུ་རྩ་གཅིག་གིས་བསྟན་པ་མཐར་ཕྱིན་པ་མཛད། སྟོན་པ་འདས་ཀྱང་བསྟན་པ་མི་ནུབ་པའི་ཕྱིར། སྟོན་པས་གཙུག་ལག་གི་བུ་བཞི་ལ་བསྟན་པ་བཞག་པ་ནི། བསྐལ་བ་དང་བོ་སྲིད་པ་སངས་པོ་འབུམ་ཁྲི་དང་། སྒོ་བ་ཆུ་ལྕམ་རྒྱལ་མོ་གཉིས་སྤྲུལ་བ་ནི། མིང་དགུ་སྲིང་དགུ་དཔོན་ཕོ་མོ་སུམ་ཅུ་རྩ་དྲུག་ཏུ་སྲིད་པ་ལ། ཐ་ཆུང་སྲིན་པོ་ལོག་པ་ཅན་དང་། སྲིན་ལྕམ་བྱུང་རེ་མ་གཉིས་། མིང་སྲིང་ལྡན་པ་ནང་དུ་འཚོགས་པ་ལ། བདུད་མུན་པ་ཟེར་ལྡན་གྱི་གདུག་སེམས་ཞུགས་ནས། བདུད་ཀྱི་བུ་བཞི་བྱུང་སྟེ། རམ་པ་དུག་འགྱེད། འགྲན་དེ་ཡ་བོ། འཁོར་བ་གཏིང་ནག། ང་མིན་ཆོས་པོ་དང་བཞི་བྱུང་བའི་ཚེ། རམ་པ་དུག་འགྱེད་ཀྱིས་དུག་གི་ཁ་ཆུས་སེམས་ཅན་ལ། དུག་གི་ནད་དར་དུ་བཅུག་སྟེ། དེའི་དུས་ནས་སྟོན་པ་གཤེན་རབ་ནི། བསྒྲགས་པ་རྣམ་གསུམ་གྱི་དཔེའུ་རྩེ་རྣམ་གསུམ་གྱིས། སེམས་ཅན་ཐམས་ཅད་བདེ་ལ་བཀོད་པའི་ཕྱིར། དཔྱད་བུ་ཁྲི་ཤེས་བྱ་བར་སྤྲུལ་ནས། བདུད་རྩི་དཔྱད་ཀྱི་མདོ་དགུ་ལ་སོགས་སྨན་དཔྱད་བརྒྱད་ཁྲི་ཡིས། སེམས་ཅན་ཐམས་ཅད་སྡུག་བསྔལ་ཞི་བར་མཛད་ནས་བདེ་ལ་བཀོད་དོ། །ཡང་འགྲན་དེ་ཡ་བོ་བྱ་བས་བདུད་སྡེ་མང་བོ་ཕྱ་སྙན་དང་ཕོ་ཉ་འགྱེད་ནས། སེམས་ཅན་ཐམས་ཅད་ལ་དར་དང་ཡམས་ཀྱི་བསྐལ་བ་དར་བར་བྱེད་པ་ལ། དེ་ཡི་ཚེ་སྟོན་པས་གཏོ་བུ་འབུམ་སངས་སྐུ་ལས་སྐྲུ་ནས། གཏོ་རིགས་སུམ་བརྒྱ་དྲུག་ཅུ་ལ། གཏོ་སྒོ་འབུམ་དང་བཅས་སྟེ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་བསྟན་ནས། ལྷ་ལ་ཡོན་འབུལ་བགེགས་ལ་གླུད་འཇལ་ཏེ་སེམས་ཅན་བདེ་ལ་བཀོད་དོ། །ཡང་བདུད་འཁོར་བ་གཏིང་ནག་བྱ་བས་བདུད་བཞི་སྤྲུལ་ནས། ནམ་ལ་བགེགས་ཕབས་ས་ལ་དལ་ཡམས་བསླང་། ཚེ་ལ་ཧུར་ཐུམ་བྱེད་པ་ལ། དེ་ཡི་ཚེ་སྟོན་པས་ཀོང་རྩེ་འཕྲུལ་གྱི་རྒྱལ་བོ་བྱ་བ་ཐུགས་རྗེ་ལས་སྤྲུལ་ནས་གབ་རྩེ་སུམ་བརྒྱ་དྲུག་ཅུའི་རྩིས་གཏན་ལ་ཕབ་ནས། འབྱུང་བའི་བདུད་བཞི་ཆ་བསྙོམས་ནས་སེམས་ཅན་བདེ་ལ་བཀོད་དོ། །ཡང་ང་མིན་ཆོས་པོ་བྱ་བའི་རིལ་བུ་རྩེ་གསུམ་པ་དེ། རྡོ་རྗེ་རྩ་ཆག་ཐོག་ནས་བོན་ལ་བསྐུར་པ་བཏབ་ཅིང་ཆོས་ལོག་སྤྱོད་ཅིང་སེམས་ཅན་ཐམས་ཅད་ལོག་པའི་ལམ་དུ་ཟད་པར་བྱེད་པ་ལ། དེའི་ཚེ་སྟོན་པས་རྩ་གསུམ་ལྷ་ཡི་གནས་ནས་ལྷ་བུ་དམ་པ་ཏོག་དཀར་བྱ་བ་གསུང་ལས་སྤྲུལ་ནས་ང་མིན་ཆོས་པོ་འདུལ་དུ་བཏང་།ལྷ་བུ་ཏོག་དཀར་ཤཀྱའི་སྲས་སུ་སྐུ་འཁྲུངས་ནས། ང་མིན་ཆོས་པོ་བཏུལ་ནས་མཚན་ཡང་ཤྭཀྱ་ཐུབ་པ་བདུད་འདུལ་དུ་མཚན་གསོལ་ལོ། །གཡུང་དྲུང་བོན་རྣམས་དམ་པའི་ཆོས་སུ་སྒྲ་བསྒྱུར་ནས། བཅོས་པ་ལ་བརྟེན་པས་ཆོས་ཞེས་བྱ། ཆོས་སུ་བསྟན་པས་འཇིག་རྟེན་གྱི་སྨག་རུམ་མུན་པ་སེལ་བར་མཛད་པའོ། །བསྟན་པ་དེ་ཡི་ཆ་རྐྱེན་དུ་བདག་པདྨ་ཉིད་ནི་ཡེ་ཤེས་གཙུག་ཕུད་ཡིན། འཕགས་པ་རབ་འབྱོར་ཡིད་ཀྱི་ཁྱེའུ་ཆུང་ཡིན། རྨ་ལོ་གཡུ་ལོ་ནི་མོའུ་འགའ་བུ་དང་ཤ་རིའི་བུ་ཡིན། གཏོ་བུ་འབུམ་སངས་ཀུན་དགའ་བོ་ཡིན། གཡུང་དྲུང་སྐྱེ་འགག་མེད་པའི་གཤེན་བརྒྱད་ནི། འབྲས་བུ་ལྷུན་གྲུབ་ཉན་ཐོས་མཆོག་བརྒྱད་ཡིན། དེ་བཞིན་རིགས་ལྔ་འདུལ་དྲུག་ལ་སོགས་པ། གང་འདུལ་ཐབས་ཀྱིས་མཚན་བསྒྱུར་ཙམ། པདྨ་སྔོན་གྱི་ལས་དབང་གིས། ཞང་ཞུང་ཡུལ་དུ་དྲན་པའི་སྲས་སུ་འཁྲུངས། ཡབ་ནི་ཞང་ཞུང་མ་ནི་རྒྱ་གར་ས། ཡུལ་ནི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་བྱའོ། །བྲམ་ཟེ་སྐྱེ་བདུན་ཤ་ཡིས་རྐྱེན་བྱས་ནས། ཡབ་ཡུམ་མ་འཆམ་སྲས་གཉིས་སོ་སོར་བགོས། ང་ནི་ཡུམ་གྱིས་ཨོ་རྒྱན་ཡུལ་དུ་ཁྱེར། པདྨའི་སྦུབས་སུ་སྦས་ནས་མཁའ་འགྲོའི་ཚོགས་གྲལ་གཤེགས། སྔོན་ཚེ་ལས་ཀྱིས་ཨེན་ཏྲ་བྷོ་ཏིས་རྙེད། གསང་བའི་ཚུལ་དུ་རྒྱལ་བོའི་སྲས་སྐལ་མཛད། ཕུ་བོ་བདག་ཉིད་ཡབ་ཀྱི་རྗེས་སུ་འབྲེང་། སྦས་མངོན་ཐབས་ཀྱིས་འགྲོ་དྲུག་ཐར་པར་འདྲེན། ཚེ་ལ་མངའ་བརྙེས་རིག་འཛིན་ཀུན་གྱི་རྗེ། རྒྱ་གར་རྒྱ་ནག་རགྴ་ཞང་ཞུང་དང་། ཨོ་རྒྱན་ཁ་ཆེ་བྲུ་ཤ་མེ་ཉག་ལྡོང་། བོད་ཡུལ་རུ་བཞིར་ཚེ་དབང་རིག་འཛིན་ཞེས། ང་ནི་རྒྱལ་སྲས་ལོ་བརྒྱད་བསྐྱངས་ནས་སུ། རྒྱལ་སྲིད་སྤངས་ནས་རྡུལ་ཤུགས་སྤྱོད་པ་ཡིས། མཚར་དུ་དངོས་གྲུབ་རྣམ་གཉིས་ཐོབ། དེ་ནས་རྒྱ་གར་ཡུལ་གྱི་ཕྱོགས་རྣམས་སུ། མཁས་གྲུབ་སྐྱེས་མཆོག་ཀུན་གྱི་ཞབས་ལ་བཏུག ཐོས་བསམ་སྒོམ་སྒྲུབ་བརྙེས་ནས་མུ་སྟེགས་སྟོན་པ་བསྒྲལ། རླུང་སེམས་གཉིས་ལ་རང་དབང་ཐོབ་པར་བྱུང་། །ད་ལྟར་རུ་བཞི་བོད་ཀྱི་ཡུལ་དུ་འོང་། །མངའ་བདག་རྒྱལ་པོའི་བསམ་པ་འགྲུབ་པར་བྱེད། །ང་ནི་སྐྱེ་འཆི་མེད་པར་གཡུང་དྲུང་རྡོ་རྗེ་སྐུ། །འདས་གྲོངས་འཕོ་འགྱུར་བྱ་བ་ང་ལ་མེད། །ཕྱོགས་རིས་མེད་པ་ཡོངས་ལ་བདའ་བའོ། །བན་བོན་གཉིས་ལ་ཕྱོགས་དང་རིས་སུ་མེད། །ང་ནི་བོན་གྱི་དུས་སུ་གཡུང་དྲུང་མཐོང་གྲོལ་ཟེར། །ཆོས་ཀྱི་དུས་སུ་མཚོ་སྐྱེས་རྡོ་རྗེ་ཟེར། །ང་ནི་སྔོན་ཚེ་གཤེན་གྱི་བཀའ་འཁོར་དུས། །འགྲོ་བ་འདུལ་བའི་བོན་ལུང་མན་ངག་རྣམས། །ད་ལྟ་ཆོས་སུ་བསྒྱུར་བ་མ་གཏོགས་པ། །དོན་དམ་ངོ་བོ་ཆོས་མགོ་བོན་ལ་ཐུག །དེ་ཕྱིར་ཕྱོགས་རིས་བྱས་ན་མྱལ་བར་འགྲོ། །རྡོ་རྗེ་ཕུར་པའི་ལྷ་ཚོགས་འདི་ལྟར་ཡིན། །འབྲུག་གསས་ཆེམ་པ་རྡོ་རྗེ་གཞོན་ནུ་ཡིན། །མཁའ་འགྱིང་ཁྲོ་བོ་བྷུ་དྷ་ཀི་ལ་ཡིན། །ཁྲ་གསས་ཁྱུང་རྒོད་བཛྲ་ཀི་ལ་ཡིན། །མེ་གསས་ཁམས་ནག་རཎ་ཀི་ལཱ་ཡིན། །གློག་གསས་འོད་འཁྱུག་ཀརྨ་ཀི་ལཱ་ཡིན། །གནམ་གྲགས་ངར་ཆེན་འདོད་པའི་རྒྱལ་པོ་ཡིན། །བདུད་ནག་འབར་བ་མི་གཡོ་མགོན་པོ་ཡིན། །སྡོམ་ཆེན་འཁྱིལ་བ་གཤིན་རྗེ་གཤེད་པོ་ཡིན། །སྟག་ལྷ་མེ་འབར་བདུད་རྩི་འཁྱིལ་བ་ཡིན། །ཁྱུང་སྨན་ཁྲ་སྤྱང་ལས་མཁན་བརྒྱ་རྩ་ཡིན། །དེ་ལྟ་ངོ་བོ་གཅིག་ལ་ཐ་དད་མེད། །ཞང་ཞུང་སྐད་དུ་ས་ཏྲིག་ཨེར་སངས་ཟེར། །བོད་ཀྱི་སྐད་དུ་ཤེས་རབ་ཕར་ཕྱིན་ཟེར། །ངོ་བོ་ཀུན་ཏུ་བཟང་མོ་ཡིན། །ཐུགས་རྗེ་བྱམས་མ་སྐྱེ་དགུའི་བདག་མོ་ཡིན། །ཐུགས་རྗེ་ཀུན་གྲོལ་རྡོ་རྗེ་ཕག་མོ་ཡིན། །དཀར་མོ་སྤྱན་གཅིག་ཨ་ཀ་ཛ་ཏི་ཡིན། །སྲིད་པའི་རྒྱལ་མོ་དཔལ་ལྡན་ལྷ་མོ་ཡིན། །སྤྱི་འདུལ་རྟ་དབུ་རྟ་མགྲིན་རྒྱལ་བོ་ཡིན། །གཡུང་དྲུང་རྣམ་འཇོམ་རྡོ་རྗེ་རྣམ་འཇོམ་ཡིན། །དེ་བཞིན་ལྷ་རྣམས་མཚན་བསྒྱུར་ཙམ་རེ་ཡིན། །ཁྲག་འཐུང་རོལ་བ་ཆེ་མཆོག་དཀའ་བརྒྱད་ཡིན། དང་བོ་སྟོན་པ་གཤེན་རབ་ཀྱིས་རྟག་གཟིགས་ཀྱི་སྐད་དུ་གསུངས། རྟག་གཟིགས་ཀྱི་སྐད་རྒྱ་གར་སྐད་དུ་བསྒྱུར། དུར་ཁྲོད་བསིལ་བ་ཚར་ནས་ཤརི་སེང་ཧ་ལ་བདག་གིས་ཞུས་ནས། ད་ལྟ་བསམ་ཡས་སུ་དཀའ་བརྒྱད་ཀྱི་སྒྲུབ་པ་མཛད་པའོ། །བསིལ་བ་ཚར་ནས་བླ་ཆེན་དྲན་པ་ཡིན། སྟོང་རྒྱུང་མཐུ་ཆེན་གྱིས་བོད་སྐད་དུ་སྒྲ་བསྒྱུར་ནས། ད་ལྟ་བླ་མ་ལི་ཤུ་སྟག་རིང་གིས་བརྣག་པའི་འཕྲིན་ལས་ཟབ་མོ་ཡིན། དེ་ཡི་སྔོན་ལ་བན་བོན་དབྱེ་བ་མེད། །ཁྲོ་བོ་རོལ་བའི་ལྷ་གྲངས་ཀྱང་། །གཅིག་ལ་ངོ་བོ་འགྱུར་བ་མེད་དོ། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ནི། ཀུན་བཟང་ནས་བཟུང་ཞི་བའི་ལྷ་གྲངས་ནི། བོན་ལ་ཞི་ལྷ་ཞེ་ལྔ་ལ། ཆོས་ལ་ཞི་ལྷ་ཞེ་གཉིས་སོ། གསུམ་པོ་དག་ནི་རྒྱས་སྡུས་ཁྱད། ཁྲོ་བོ་ལྷ་ཚོགས་དེ་བཞིན་སྟེ། རྩ་བའི་ལྷ་ནི་གཅིག་པ་སྟེ། ལས་མཁན་དབལ་མོ་རྩ་བདུན་ཡང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཟེར། ཆོས་ལུགས་ལ་ཁྲག་འཐུང་དྲུག་ཅུ་ཟེར། དེ་ལ་སྤྲོས་ན་བོན་ལུགས་ནི། གྱད་བཅུ་དམག་དགུ་རྒྱལ་ཆེན་བཞི། །ཁྲོ་རྒྱལ་བརྒྱད་བཅུ་གྱ་དྲུག་གོ །སྐྱེ་གནས་བར་དོའི་སྐོར་ལ་དབྱེ་རུ་མེད། སྐྱེ་གནས་བར་དོའི་སྨོན་ལམ་བར་དོ་དང་། འཆི་ཁ་བར་དོ་བོན་ཆོས་གཉིས་ལ་འོད་གསལ་དང་། ཕ་རོལ་སྲིད་པའི་བར་དོ་དང་། ཐེར་གཟུགས་ཡིད་ཀྱི་བར་དོ་དང་། དེས་ན་མཐོ་རིས་ངན་སོང་གཅིག། བདེ་གཤེགས་ཀུན་རིག་དཀྱིལ་འཁོར་ཡང་། རྩ་བའི་ལྷ་ནི་གཅིག་པ་སྟེ། འདྲེན་ཐབས་ལྷ་ནི་སྤྲོས་པ་མེད། ཐུབ་པ་ཉིད་ནི་སྤྲུལ་པའོ། །སངས་རྒྱས་སྨན་ལྷའི་དཀྱིལ་འཁོར་ཡང་། །བདེར་གཤེགས་མཆེད་བརྒྱད་འགྱུར་བ་མེད། དེ་བཞིན་ཕྱི་ནང་གསང་གསུམ་རྣམས། །སོ་སོར་མ་ཡིན་ཐ་མི་དད། །ཡི་དམ་མགོན་པོ་རྣམ་གསུམ་ཡང་ཡེ་ཤེས་ལྷ་ལ་ཞང་ཞུང་སྐད་དུ་ཨ་ཏི་མུ་ཝེར་ཞེས་བྱ་བ་ཟེར། ཆོས་ཀྱིས་ཕྱག་སྟོང་འཁོར་ལོ་ཟེར། ཞང་ཞུང་སྐད་དུ་ཀུ་བྱི་མང་ཀེ་ལ། འཇམ་དཔལ་གཞོན་ནུར་བསྒྱུར་བའོ། །བོན་གྱིས་སྨྲ་བའི་སེང་གེ་ཟེར། ཕྱྭ་ཡིས་ཀེང་རྩེ་ལེན་མེད་ཟེར། ཀོང་རྩེ་འཕྲུལ་རྒྱལ་ལ་སོགས་སྤྲུལ། ཡི་དམ་དབལ་གསས་རྔམ་པ་ཡང་། ཆོས་ཀྱི་ཆེ་མཆོག་ཧེ་རུ་ཀ། གཙོ་མཆོག་ཉིད་ལ་བྷུ་རྡ་ཧེ་རུ་ཀ། དེ་ནས་དཀྱིལ་འཁོར་ལྷ་ཚོགས་མཚན་བསྒྱུར་རོ། རྒྱས་པར་ས་ལ་འདི་རུ་བརྗོད་མི་ལོང་། །ཉུང་བསྡུས་ཚིག་ལ་པད་འབྱུང་ང་ཡིས་བཀོད། །དཔྱད་བུ་ཁྲི་ཤེས་སྨན་ལྷ་བེེཌཱུརྱ། །ལེགས་ཏང་སྨང་བོ་བྷེ་རོ་ཙ་ན་ཡིན། ངོ་བོ་བོད་ཀྱི་རིག་འཛིན་ཡིན། གང་འདུལ་ཐབས་ཀྱིས་བོད་ལ་སྐུ་འཁྲུངས་ནས། ཡུལ་ནི་སྙེ་མོ་བ་གོར་བྱ་བའོ། །མཁས་པས་སློབ་སྦྱོང་ཞང་ཞུང་ཡུལ་དུ་བཏང་། གསང་འདུས་ངོ་བོ་འབྲུག་གི་སྒྲ་བྱིན་ནས། མཚན་ཡང་བྷེ་རོ་ཙ་ན་གསོལ་བའོ། །བོན་གྱི་མདོ་སྔགས་ཟབ་མོ་བོད་དུ་ཁྱེར་དུ་ཡོང་། ད་ལྟ་དམ་ཆོས་སྒྲ་སྒྱུར་ཆེ་བའོ། །བོན་ཆོས་གཉིས་ལ་མཁས་པའི་བྷེ་རོ་ཡིན། དྲན་པའི་ཐུགས་ཀྱིས་སློབ་བུ་དམ་པ་ཡིན། དེ་ནས་ཁོ་བོའི་བོན་ཆོས་དབྱེར་མེད་སྤྱོད། ཁོད་སྤུངས་ཐུགས་ཀྱི་གསང་ཚིག་དང་། ད་ལྟའི་མ་འོངས་ལུང་བསྟན་གསལ་ཚིག་ཟབ་གཏེར་རྣམས། བྷེེ་རོ་ཙ་ནའི་ཐུགས་ལ་གསལ། ཨནྚ་བྷེེ་ག་ཇ་ཐང་ལ་དང་། ད་ལྟ་འགྲོ་དོན་གྲུབ་ནས་ཁོད་སྤུངས་ཀྱིས། ལུང་བསྟན་བཞིན་དུ་རྒྱལ་མོ་དམུ་རྡོ་ལ། མངོན་པ་ཚངས་རྒྱལ་མཁའ་སྤྱོད་གནས་སུ་གཤེགས། རྒྱལ་བ་ཤྭཀྱ་ཐུབ་པ་དེ་ཉིད་ཀྱིས། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ། བསྡུས་ན་གསུངས་རབས་ཡན་ལག་བཅུ་གཉིས་སོགས། བརྒྱད་བཅུ་རྩ་གཉིས་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར། ཤིང་མོ་བྱི་ལོ་མེ་ཕོ་བྱི་ཟླ་ལ། ཚེས་བརྒྱད་ནམ་ལངས་ཐུབ་པ་མྱ་ངན་འདས། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་ཕྱེད་དང་གཉིས་སྟོང་ལ། ལྔ་བརྒྱའི་དུས་སུ་དམ་ཆོས་འབྱུང་བར་འགྱུར། དེ་ནས་གསུངས་པའི་ད་ལྟ་འདིར། མངོན་པ་གོང་འོག་རྒྱ་གར་ནས། མེ་ལ་ལན་གསུམ་བསྐྱུར་བའོ། །ད་ལྟ་མངོན་པ་བོན་ལས་བསྒྱུར། རྒྱས་པ་འབུམ་བཞུགས་མ་ཚང་བ། འདས་པ་མེས་ཚིགས་མགོ་མེད་རྣམས། རྒྱ་ལ་མེད་དེ་བོན་དེ་ཆོས་ལ་བསྒྱུར། མདོ་སྔགས་ཙམ་ཞིག་རྒྱ་གར་བཀའ་རྒྱུད་ཆོས། དེ་ནས་བྷེེ་རོས་བོན་གྱི་མདོ་སྡེ་བསྒྱུར། བདག་གིས་སྔགས་དང་ཡང་གསང་སྡེ་རིགས་སྒྱུར། བསྒྱུར་བས་མི་འགལ་གང་ལ་གང་འདུལ་ཡིན། བོན་གྱི་བསྟན་པ་ནུབ་པའི་རྒྱུ་རྐྱེན་ནི། དྷ་ཤ་གྷྲིལ་བའི་སྨོན་ལམ་ངན་པ་དང་། རྒྱུ་ནི་མོ་མ་གྲངས་མའི་ལེན། རྐྱེན་ནི་བྷོ་དྷི་ས་རྟོས་བྱས། བཙུན་མོ་བློ་པོ་གསུམ་གྱིས་ཆེ་གསུམ་བར་དུ་ཕྲ་མ་དབྱེན་བཅུག་ནས། བར་དུ་བོན་གྱི་བསྟན་པ་རེ་ཤིག་བསྣུབ། དུས་ཀྱི་མཐའ་ལ་ཕྱོགས་ཀུན་དར་ཏེ་འོང་། དར་ནུབ་བྱ་བ་ཀུན་ལ་འོང་རྒྱལ་རབས་འདི་ཡི་འོག་ཤེད་ན། གླང་གི་མིང་ཅན་རྒྱལ་སར་འཁྲུངས་། དེ་ཡིས་ཆོས་རྣམས་བརླགས་པར་ངེས། དམ་ཆོས་བསྟན་པ་ནི། མེ་རོ་ཙམ་ཞིག་མདོ་གམ་སྨད་ནས་འབྱུང་། མུ་ཟི་གསལ་བཟང་དྲང་སྲོང་བོན་བཙུན་ལ། དབུས་གཙང་མི་བཞི་བྱ་བས་བསླབ་པ་ལེན། དེ་ནས་ང་ཡི་གསང་སྤྲུལ་བྷེ་བམ་ཀ་ར་འབྱུང་། མདོ་སྔགས་བསྟན་པ་དེ་ཡིས་འཛིན་པའོ། །དེ་དུས་དྲན་པའི་སྤྲུལ་བ་མང་བོ་འབྱུང་། ང་ཡིས་སྤྲུལ་པ་གྲངས་མང་ཡང་། བོན་ཆོས་གཉིས་ཀྱི་བསྟན་པ་འཛིན། དཔལ་གྱི་དབང་ཕྱུག་མུ་ཟི་གསལ་བཟང་སྤྲུལ། ཀ་བ་དཔལ་རྩེ་ཁྲོ་ཚང་འབྲུག་ལྷར་སྤྲུལ། གསང་བདག་སྤྲུལ་བརྨེའུ་སྟོན་ལྷ་གཉེན་འོང་། བོན་དང་ཆོས་ཀྱང་བོན་སྔ་བས། ཆོས་ཀྱི་འབྱུང་ཁུང་བོན་ལས་བྱུང་བ་ཡིན། ཆོས་ཀྱིས་བོན་ལ་གཤེ་ན་དམ་ཚིག་ཉམས། དེ་ཡི་རྐྱེན་གྱིས་རང་བསྟན་རང་གིས་བཤིགས། མ་འོངས་དུས་ན་ང་ཡི་རྣམ་ཐར་ལ། ང་ཡི་གསུང་མིན་ཚིག་ལྷད་འགའ་ཡིས་ནི། བོན་ལ་གཤེ་ཞིང་གཤེན་ལ་བསྐུར་བའོ། །དེ་ཚེ་ཆོས་ཀྱི་བསྟན་པ་ཡུན་མི་གནས། བོན་གྱིས་ཆོས་ལ་ངན་སྨྲ་བྱས་འགྱུར་ན། དེའི་ཉེས་སྐྱོན་འདུལ་བྱ་ཆུང་བ་འགྲོ། འགྲོ་བ་མི་མོས་བོན་ཀྱང་བྱིན་མི་ཆགས། གཤེན་སྟོན་རྣམས་ཀྱང་ཐབས་སྡུག་འགྲོ་དོན་ཆུང་། དེ་ལྟ་ཕྱག་སྐོར་བཟླས་བརྗོད་ཅི་བྱས་ཀྱང་། གཡས་སུ་སྐོར་བ་ཐབས་ཀྱི་སྐོར། གཡོན་དུ་སྐོར་བ་ཤེས་རབ་སྐོར། ཐབས་དང་ཤེས་རབ་ཡ་མ་བྲལ་བའོ། །བོན་པོས་བོན་བཞིན་མི་སྤྱོད་ན། དེ་ནི་བདུད་རིགས་མུ་སྟེགས་སྡུལ་ཤུགས་འདྲ། ཆོས་པས་ཆོས་བཞིན་མི་སྤྱོད་ན། ལོག་པའི་ལམ་ཞུགས་དེ་ནི་སྲིན་པོ་འདྲ། དེས་ན་བོན་ཆོས་དབྱེར་མེད་གྱིས། ཅེས་གསུངས་སོ། །དེ་ནས་རྒྱལ་བོ་ཁྲི་སྲོང་སྡེའུ་བཙན་ཀྱང་ཡི་རངས་ནས་ལྷ་ཕྱག་བཙལ་ཞིང་མཎྚལ་ཕུལ་ལོ། །ཕྱི་རབས་དོན་དུ་ཤོག་སེར་ལ་བཏབ་ནས་གཏེར་དུ་སྦས། ས་མ་ཡ་རྒྱ་རྒྱ་རྒྱ། ཕྱི་དུས་རྡོ་རྗེ་གླིང་བས་གཏེར་ལས་དྲངས་ཏེ་དག་པར་ཕབ་པའོ། །བཀྲ་ཤིས་ཞལ་དྲོ།

                                                                              

0 comments:

ཟིན་བྲིས་འཚོལ་ཡུལ