དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday 23 February 2013
རྡོ་གྲུབ་དབང་ལྔ་བ་རིན་པོ་ཆེར་རྟོགས་བརྗོད་དང་འབྲེལ་བར་

གསོལ་བ་གདབ་པ་སྙུག་མ་སར་བའི་གླིང་བུ།

སྤྱང་། དྲང་འཚོལ།

སྔོན་ཚེ་བཅོམ་ལྡན་པདྨ་ཀ་ར་ཡིས། །རྒྱལ་ཀུན་ཕྲིན་ལས་སྤེལ་ལ་དབང་བསྐུར་བ། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་ཅེས། །ཐེག་རྩེའི་རྣལ་འབྱོར་མཆོག་དེར་གསོལ་བ་འདེབས།

གཞན་ཡང་ཀློང་ཆེན་ནམ་མཁའི་རྣལ་འབྱོར་སོགས། །སྐྱེ་རབས་ཕྲེང་བར་ལས་ཅན་གདུལ་བྱའི་ཚོགས། །ཐར་པའི་ལམ་དུ་འདྲེན་པའི་དེད་དཔོན་མཆོག །བདུད་འདུལ་དཔའ་བོ་རྡོ་རྗེར་གསོལ་བ་འདེབས།

དེ་ལས་སླར་ཡང་རབ་ཚེས་དགེ་བྱེད་ལོར། །གྲུབ་དགོན་ལྷོ་ཕྱོགས་རྫ་ཁྲིའི་དམ་ཅན་ཞོལ། །བུ་རུ་ཞེས་བྱ་སྨུག་པོ་ལྡོང་རིགས་སུ། །སྐྱེ་བའི་མྱུ་གུ་བཟུང་ལ་གསོལ་བ་འདེབས།

དེ་ཚེ་ཨ་པང་གཏེར་ཆེན་རིགས་ཀྱི་སྲས། །ཝ་ཤུལ་དཔོན་བླ་དབང་ཆེན་ཉི་མ་ཡིས། །གྲུབ་ཆེན་འཇའ་ལུས་རྡོ་རྗེའི་ཡང་སྲིད་དུ། །འཁྲུལ་མེད་ལུང་གིས་བསྔགས་ལ་གསོལ་བ་འདེབས།

གཞན་ཡང་མཁའ་འགྲོ་ཏ་རེ་ལྷ་མོ་སོགས། །འབྱུང་འགྱུར་གཟིགས་པའི་རྣམ་འདྲེན་དུ་མས་ཀྱང༌། །ཕ་ཅིག་གྲུབ་དབང་བླ་མའི་རོལ་གར་དུ། །འགྱུར་མེད་ཕྱག་རྒྱས་བཏབ་ལ་གསོལ་བ་འདེབས།

ལྷུམས་སུ་ཞུགས་ཚེ་ཟུག་རྔུའི་སྐྱོན་བྲལ་ཞིང༌། །སྤང་བླང་འཛིན་ཞེན་བྲལ་བའི་རིག་པའི་ངང༌། །མངལ་གྱི་པད་མོའི་སྦུབས་ལས་ཁྱེའུ་ནི། །མཚན་དཔེས་བརྒྱན་པ་བལྟམས་ལ་གསོལ་བ་འདེབས།

རབ་རྒྱལ་ཤིང་བྱིར་སྐྱབས་རྗེ་རྡོ་གྲུབ་ཆེན། །འཕགས་པའི་ཡུལ་ནས་བོད་འབྱོན་དང་བོའི་སྐབས། །ལྷ་སྲས་གསུང་ལ་འཁྲུལ་བ་མི་བདོག་ཅེས། །དབུགས་དབྱུང་མེ་ཏོག་འཐོར་ལ་གསོལ་བ་འདེབས།

ལང་ཚོའི་མྱུ་གུ་གཞོན་པའི་དུས་ཉིད་ནས། །བྱམས་དང་སྙིང་རྗེ་དད་གཏོང་ཤེས་རབ་སོགས། །རྩོལ་མེད་ལྷན་སྐྱེས་མངའ་བའི་རྣམ་ཐར་དེས། །དཔྱོད་ལྡན་ཡིད་འཕྲོག་མཛད་ལ་གསོལ་བ་འདེབས།

ཡབ་རྗེ་རིག་འཛིན་མཁའ་སྤྱོད་རྡོ་རྗེ་ལས། །ཐུན་མོང་ཐུན་མིན་གདམས་པས་རྒྱུད་སྦྱངས་ཚེ། །ཡེ་ཤེས་བླ་མའི་འབྲུ་ཀུན་ཡོངས་འདུས་ཏེ། །ཞལ་ཞུགས་ཉམས་བརྒྱ་བརྟས་ལ་གསོལ་བ་འདེབས།

༡༠ གྲུབ་བརྙེས་ཆེན་པོ་སེ་ར་ཡང་སྤྲུལ་གྱིས། །བི་མའི་རྣམ་འཕྲུལ་རིག་འཛིན་ཀློང་ཡངས་འབྱུངཿ ཞེས་སོགས་རྡོ་རྗེའི་ལུང་གི་བསྔགས་པ་བཅས། །ཟབ་གཏེར་ཆོས་ཀྱིས་བསྐྱངས་ལ་གསོལ་བ་འདེབས།

༡༡ མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོར། །སྙིགས་དུས་རྒྱལ་བསྟན་སྤེལ་ལ་ཟླ་བྲལ་བ། །ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞབས། །མཉེས་པ་གསུམ་གྱིས་བསྟེན་ལ་གསོལ་བ་འདེབས།

༡༢ གང་དེས་ཟབ་རྒུའི་ཆོས་ཚུལ་མཐའ་དག་གི། །དབང་ལུང་མན་ངག་བདུད་རྩིའི་སྒོ་དབྱེས་ཤིང༌། །ཕ་དང་བུ་ཡི་དམ་ཚིག་རྗེས་འབྲེལ་བའི། །གདམས་ཟབ་རོ་མཆོག་མྱངས་ལ་གསོལ་བ་འདེབས།

༡༣ ཁྱད་པར་ཀློང་ཆེན་གདམས་པའི་གནད་ཟབ་ཆེ། །མཁའ་འགྲོ་སྙིང་ཐིག་ཆོས་ཀྱི་ཆར་ཕབ་ཚེ། །བརྒྱུད་གསུམ་བླ་མའི་བྱིན་རླབས་སྙིང་ལ་སོན། །རྟོགས་པའི་བོགས་ཆེན་ཐོན་ལ་གསོལ་བ་འདེབས།

༡༤ གནས་དེར་སྒྲ་སྙན་སྐར་རྩིས་རིག་པ་ནས། །དབུ་ཚད་མཛོད་འདུལ་ཕར་ཕྱིན་རྒྱུད་སྡེའི་དབར། །གུས་རྟག་བརྩོན་པས་མི་ལོ་དུ་མར་ཡང༌། །སྒྲུབ་པའི་མཆོད་སྤྲིན་བསྟབས་ལ་གསོལ་བ་འདེབས།

༡༥ དེ་ཚེ་ཁྱོད་ཀྱིས་ཆོས་རྗེ་བླ་མ་ཡི། །གསུང་གི་གྲྭ་ཟུར་ཙམ་ཡང་མ་བཅགས་ཤིང༌། །སྡོམ་གསུམ་མིག་འབྲས་བཞིན་དུ་བསྲུངས་པ་ཡིས། །གྲགས་པའི་བ་དན་མཐོ་ལ་གསོལ་བ་འདེབས།

༡༦ རྔ་ཆེན་ཞེས་བྱ་རབ་རྒྱལ་ཆུ་ཁྱི་ལོར། །ལྷ་དང་བླ་མའི་བཀའ་རྒྱ་ལུང་བསྟན་དང༌། །སྔོན་སྨོན་ཐུགས་བསྐྱེད་ཤིང་རྟས་ཉེར་དྲངས་ཏེ། །གྲུབ་ཆེན་གསེར་ཁྲིར་བཞུགས་ལ་གསོལ་བ་འདེབས།

༡༧ དུས་དེར་ཁྱབ་བདག་འཇའ་ལུས་རྡོ་རྗེ་ཡི། །སྐུ་གདུང་ཁྲི་ཆས་ཕྱག་ཌ་འབྱོར་བ་དང༌། །སྐུ་སྐྱེ་གོང་མའི་དངོས་སློབ་ངོས་ཟིན་སོགས། །རྟེན་འབྲེལ་སྒོ་བརྒྱ་འགྲིག་ལ་གསོལ་བ་འདེབས།

༡༨ ཨེ་མ་རྣམ་བྱུང་ས་ཕོ་འབྲུག་ལོ་ནས། །གསང་ཆེན་བཀའ་གཏེར་རྒྱ་མཚོའི་མཛོད་འཆང་བ། །གྲུབ་རྗེ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་བོའི། །ཞབས་རྡུལ་སྤྱི་བོས་མཆོད་ལ་གསོལ་བ་འདེབས།

༡༩ དེ་ཚེ་རྗེ་ཡིས་ཐུགས་ཀྱི་བུ་ཆེན་དུ། །བཟུང་ནས་ཀློང་ཆེན་སྙིང་གི་ཐིག་ལེ་སོགས། །ཟབ་ཆོས་སྨིན་གྲོལ་བུམ་པ་གང་བྱོར་བསྩལ། །དོན་བརྒྱུད་རྟོགས་པ་བརྙེས་ལ་གསོལ་བ་འདེབས།

༢༠ དེ་ནས་ཕྱོགས་ཀྱི་ཆེ་རྒུ་མཐའ་ཡས་པས། །ཁྱོད་ཀྱི་ཞབས་རྡུལ་ཁོ་ན་མངོན་འདོད་དེ། །གཙུག་གི་ཟར་བུས་ནོར་འཛིན་ལྟོ་བ་ལ། །ཡང་ཡང་འདུད་པའི་གནས་དེར་གསོལ་བ་འདེབས།

༢༡ གང་ཚེ་ཕྲག་དོག་ཁྲག་གིས་རབ་མྱོས་པའི། །རྨོངས་གླེན་གཅན་སྤྱང་སྐྱེ་བོས་གང་དྲན་གཏམ། །ཕྱོགས་སུ་སྤེལ་ཀྱང་བཟོད་པའི་ཕུབ་གཅིག་གིས། །བརྒྱ་སྟོང་གཡུལ་ལས་རྒྱལ་དེར་གསོལ་བ་འདེབས།

༢༢ གང་གི་གཟིགས་རྒྱ་རིང་བའི་བློ་གྲོས་དང༌། །གྲུབ་རྗེའི་ཐུགས་དགོངས་ཆུ་བོ་གཅིག་འདྲེས་ངང༌། །རྟེན་འབྲེལ་ཤིས་པའི་དགེ་མཚན་འབུམ་དང་བཅས། །ཀུན་ཕན་སློབ་གླིང་བསྐྲུན་དེར་གསོལ་བ་འདེབས།

༢༣ ཡུ་བི་ཀ་ནས་གྲུབ་རྗེའི་དགོངས་བཞེད་ལྟར། །གསོ་རིག་གླིང་དང་མཐོང་གྲོལ་དཔལ་གྱི་རི། །རྣམ་རྒྱལ་གླིང་དང་ཨོ་རྒྱན་ཆེན་པོ་སོགས། །འཁོར་ལོ་གསུམ་གྱིས་འདས་ལ་གསོལ་བ་འདེབས།

༢༣ ཁྱད་པར་ཀློང་ཆེན་སྙིང་གི་ཐིག་ལེ་ཡི། །བསྟན་པ་དྲི་མ་མེད་པའི་འབྱུང་གནས་འདིར། །མདོ་སྔགས་ཉན་འཆད་སྒོམ་པའི་རིག་འཛིན་དང༌། །བཤད་སྒྲུབ་ཕྲིན་ལས་སྤེལ་ལ་གསོལ་བ་འདེབས།

༢༤ ཁྱོད་ཀྱི་འཚོ་ཚིས་ཇི་ལྟར་སྟོབས་ཞན་ཅིང༌། །འདུ་འཁྲུག་འབྱུང་བས་ཇི་ལྟར་གཙེས་གྱུར་ཀྱང༌། །ཉིན་དང་མཚན་མེད་ཕྱོགས་རྣམས་ཀུན་ཏུ་ཡང༌། །གཙུག་ལག་མེ་སོན་སྦར་ལ་གསོལ་བ་འདེབས།

༢༥ རབ་རྒྱན་མེ་བྱིར་ཆོས་རྗེ་ཡིད་བཞིན་ནོར། །ཚབས་ཆེན་བསྙུན་གྱིས་ཟིན་པའི་ཚུལ་གནང་ཚེ། །བདོག་རྒུ་རྩལ་སྤྲུགས་མ་མགོན་གཡུལ་མདོས་སྒོས། །སྐུ་ཚེའི་འདུ་བྱེད་བསྲིངས་ལ་གསོལ་བ་འདེབས།

༢༦ གང་ཚེ་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་དུ། །ཨོ་རྒྱན་ང་འདྲ་མ་ལ་མཇལ་གནང་བར། །མཇལ་དར་འོད་ཀྱིས་འཐུམ་གྱིན་ཉིད་ལ་སྦྲོན། །དེར་འདུས་དད་བརྒྱས་གཟིར་ལ་གསོལ་བ་འདེབས།

༢༧ གཞན་ཡང་དཔལ་གྱི་བསམ་ཡས་མཆིམས་ཕུ་དང༌། །ཇོ་ཤཱཀ་ས་སྐྱ་གདན་ས་ཆེ་གསུམ་སོགས། །དད་པས་བསྙེན་ཅིང་བཀུར་བཟོས་རྒྱ་ཆེར་བསྟབས། །མཐོང་བརྒྱུད་ཕྱག་བཞེས་སྐྱོང་ལ་གསོལ་བ་འདེབས།

༢༨ དེ་ལྟར་དབུས་འབྱོན་ལན་གྲངས་དུ་མར་ཡང༌། །ཨོ་རྒྱན་ཆེན་པོའི་སྒྲུབ་གནས་དུ་མ་དང༌། །གངས་རི་ཐོད་དཀར་ཚེ་རིང་ལྗོངས་སོགས་སུ། །ཁྲིགས་བཅད་གནས་འབྲེལ་གདབ་ལ་གསོལ་བ་འདེབས།

༢༩ ཕྱི་ནང་རྒུད་པས་ཉེར་འཚེས་འགྲོ་རྣམས་ལ། །གཏོང་བའི་ཕྱག་ཟུང་ནམ་ཡང་མི་ལྷོད་ཅིང༌། །བདོག་རྒུར་ཞེན་འཛིན་བྲལ་བའི་སེམས་དཔའ་མཆོག །གྲུབ་རྗེ་རིག་འཛིན་བླ་མར་གསོལ་བ་འདེབས།

༣༠ ལས་ཡས་ཁོན་གྱིས་ཧི་པེ་ཐང་ཧྲན་དུ། །གདན་ཞུས་ལྟར་བྱོན་ཡོན་བསྔོས་གསུར་འབུལ་སྐབས། །ཐུགས་རྗེ་ཆེན་པོས་མངོན་སུམ་ཞལ་གཟིགས་པས། །སློབ་འབངས་དད་བརྒྱས་གདུང་ལ་གསོལ་བ་འདེབས།

༣༡ ཇི་སྙེད་གདུལ་བྱའི་མོས་བློ་སྐོང་སླད་དུ། །ཕྱིས་འབྱུང་ལུང་དུ་བསྟན་ཀུན་གནད་སྨིན་པས། །ཕྱོགས་མཐས་གཏུགས་པའི་རབ་འབྱམས་འཇིག་རྟེན་ན། །སྙན་པ་འབྲུག་ལ་འགྲན་དེར་གསོལ་བ་འདེབས།

༣༢ དེ་ལྟར་གྲུབ་པའི་ས་མཐོར་གཤེགས་པ་ཡི། །ངོ་མཚར་རྟགས་དང་མཚན་མ་ཇི་སྙེད་ཀྱིས། །ཆེ་རྒུའི་སྤོབས་པ་ལྐོག་མར་ཕྱུངས་ན་ཡང༌། །སྦས་པའི་བརྟུལ་ཞུགས་སྐྱོང་ལ་གསོལ་བ་འདེབས།

༣༣ གཞན་ཡང་བཅོས་མེད་ནད་ཀྱིས་ཐེབས་པ་དང༌། །དུག་བཏུང་བུ་མོ་ཡིད་བཞིན་ལ་སོགས་པར། །སྐྱེ་ལུས་གཅིག་ལ་ཚེ་སྲོག་གཉིས་པ་ཞིག །ཡོངས་སྩོལ་སྨན་གྱི་བླ་མར་གསོལ་བ་འདེབས།

༣༤ མདོ་ཁམས་རྒྱ་སོག་ཡུལ་གྲུ་ཀུན་ཏུ་ཡང༌། །ཉ་ལྕོང་སྦལ་བ་ར་ལུག་ཕྱུགས་ཀྱི་ཚོགས། །ཉམ་ཆུང་དུད་འགྲོ་གཤིན་རྗེའི་སྒོ་ཐེམ་ལས། །ཡང་ཡང་སྐྱོབ་པའི་མགོན་དེར་གསོལ་བ་འདེབས།

༣༥ རྒྱ་བོད་དད་ལྡན་ཁྲི་ཕྲག་དུ་མ་ལ། །སྙིང་ཐིག་གོང་འོག་མཚོན་པའི་དམ་ཆོས་ཀྱི། །སྦྱིན་པའི་སྒོ་འཕར་ལན་གཅིག་མ་ཡིན་པར། །གནས་དུས་ངེས་མེད་འབྱེད་ལ་གསོལ་བ་འདེབས།

༣༦ རང་རློམ་བསྟན་པའི་བཙས་སུ་ཁས་འཆེ་ཞིང༌། །སྙིགས་ལྔའི་མཚང་ཆེན་བདོ་བའི་དུས་མཐའ་འདིར། །གྲུབ་རྗེ་བླ་མས་ཅི་གསུང་རྡོ་རྗེའི་བཀར། །ཡང་དག་འཛིན་པའི་དཔའ་བོར་གསོལ་བ་འདེབས།

༣༧ སྙན་དང་མི་སྙན་གཏམ་གྱི་སྦྱོར་བ་དང༌། །ཆེ་ཕྲ་དངོས་རྒུའི་འབུལ་ཁ་མཐོ་དམན་ཀུན། །ཁྱོད་ཀྱི་ཐུགས་སུ་མཉམ་པ་ཉིད་གྱུར་པས། །སྐྱེ་དགུ་ངོ་མཚར་གྱུར་ལ་གསོལ་བ་འདེབས།

༣༨ མདོར་ན་ཁྱོད་ཀྱི་ཕྲ་རགས་མཛད་པ་ཀུན། །དྲི་མེད་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་དང༌། །མཐའ་ཀླས་འགྲོ་བའི་བདེ་དོན་ཁོ་ན་ལས། །མིག་བརྒྱས་ཡོངས་རྙེད་དཀའ་ལ་གསོལ་བ་འདེབས།

༣༩ རྣམ་དཀར་ལས་འདིས་བདག་སོགས་ཡིད་ཅན་ཀུན། །སྐྱེ་དང་ཚེ་རབས་གང་དང་ཇི་སྙེད་དུ། །རྒྱལ་བའི་བསྟན་མཇལ་དེ་དང་དེ་འཛིན་བཅས། །བདེན་དྲང་ལྟ་བའི་འགལ་ཟླར་མ་གྱུར་ཅིག

༤༠ དེ་ལྟར་གསོལ་བཏབ་ངག་གི་རིག་བྱེད་དེས། །མགོན་པོ་མཆོག་དང་ཀློང་སྙིང་བརྒྱུད་ཚོགས་ཀྱི། །གསང་གསུམ་ཡོན་ཏན་བུམ་པ་གང་བྱོས་སུ། །བདག་རྒྱུད་འཕོ་བར་རྩ་གསུམ་ལྷ་ཡིས་དགོངས།

ཞེས་བོད་རབ་གནས་ལྕགས་མོ་ཡོས་བུའི་ཟླ་བརྒྱད་པའི་ཚེས་༢༩ལ་བཀའ་དྲིན་མཚུངས་མེད་གྲུབ་དབང་ལྔ་བ་ཆེན་མོར་དད་འདུན་འཇོག་པར་རློམ་པ་སློབ་ཐ་འཇམ་དབྱངས་ཤེས་རབ་ཀྱིས་དཔལ་བླ་རུང་ལྔ་རིག་ནང་བསྟན་སློབ་གྲྭའི་ཤར་ཉེས་ཚོགས་རང་གྲོལ་གླིང་རང་སྤྱིལ་གཙུག་ལག་རྒྱ་མཚོའི་ཐེམ་སྐས་ནས་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག

0 comments:

ཟིན་བྲིས་འཚོལ་ཡུལ