དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 20 February 2013

ཚོགས་འབུལ་ཀུན་བཟང་མཆོད་སྤྲིན། །

ཨེ་མ་ཧོ། །

ཨ་ཧོ་ཀུན་བཟང་རྒྱལ་བའི་ཞིང་ཁམས་སུ། །

ཧ་ཅང་ཡིད་འོང་སྤྲོ་བའི་དཀྱིལ་འཁོར་དུ། །

ས་བཅུ་ལམ་ལྔར་ཕྱིན་པའི་འཕགས་ཚོགས་ལ། །

ཤ་ལྔ་བདུད་རྩིའི་མཆོད་སྤྲིན་ལོངས་སྤྱོད་འབུལ། །

ལ་དཀར་གསོལ་བའི་དཔའ་བོ་དགྱེས་གར་དང་། །

ར་ཛ་ཆོས་མཆེད་སྒྱུ་འཕྲུལ་དྲ་བའི་དཔལ། །

ཡ་ན་རིམ་དགུའི་གསང་མཛོད་སྒོ་ཕྱེ་ནས། །

འ་ཅག་སྐལ་བཟང་ཚོགས་འཁོར་མཉམ་དུ་རོལ། །

ཟ་འོག་བེར་སྨུག་ཁ་ཊཾ་ཕུར་བུ་དང་། །

ཞྭ་ནག་ཌྰ་དྲིལ་གསང་ཆེན་རྒྱན་གོས་གསོལ། །

ཝ་མོ་སྟག་གི་རྟུལ་ཞུགས་རབ་སྤངས་ནས། །

ཛ་ཡའི་སྙིང་པོ་གསང་སྔགས་ཚོགས་འཁོར་བསྐོར། །

ཚ་གྲང་དཀའ་ཚེགས་བྲལ་བའི་གསང་སྔགས་ལམ། །

ཙ་རི་སྦས་ཡུལ་གྲོང་དགོན་གང་མཆིས་ཀྱང་། །

མ་ལུས་འགྲོ་ཀུན་ཕན་བདེའི་ཚོགས་ལ་འབད། །

བཛྲ་ས་ཏྭའི་དགོངས་པ་མངོན་དུ་བྱ། །

ཕ་གཅིག་པདྨ་ཀ་རའི་ཟབ་ཆོས་ལ། །

པ་ཊུ་དེ་ཉིད་རིག་པས་ཚོགས་མཆོད་དང་། །

ན་མོ་དད་གུས་མི་ཕྱེད་འདུད་པ་བཅས། །

ད་ལྟ་ཚེ་གཅིག་གྲོལ་བའི་ཚོགས་འཁོར་འབུལ། །

ཐ་སྙད་དག་གཟིགས་བདེན་པའི་ཚོགས་གཉིས་ཀྱི། །

ཏ་ཐྰ་ག་ཏའི་མདོ་སྔགས་དགེ་བའི་ཆོས། །

ཉ་གང་ཟླ་བའི་དཔལ་ལ་འགྲན་ནུས་པའི། །

ཇ་ཆང་འདོད་ཡོན་ཀུན་བཟང་ཚོགས་མཆོད་འབུལ། །

ཆ་ལུགས་གང་དགར་ཆོས་ཉིད་ཟད་སར་བཅོལ། །

ཅ་ཅོ་གང་བྱུང་གཟུངས་སྔགས་རྒྱན་དུ་དལ། །

ང་རྒྱལ་རྣམ་དག་ལྷ་ཡི་རྟུལ་ཞུགས་བསྐྱེད། །

ག་དུས་ཡིན་ཡང་རྫོགས་ཆེན་ངང་དུ་གནས། །

ཁ་རཾ་ཁ་ཧི་དམར་ཆེན་གཏོར་མའི་ཚོགས། །

ཀ་པ་ལ་ནི་སྟོང་གསུམ་མཉམ་པར་བསྐང་། །

རྒྱལ་ཀུན་མཆོད་དང་འགྲོ་ཀུན་ཚིམ་ཕྱིར་འབུལ། །

དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དགེ་ལེགས་ཤོག །

ཞེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་དབོ་ཟླའི་རྫོགས་པ་གཉིས་པར་མཁའ་འགྲོ་ཤེས་རབ་ལྷ་མོས་བསྐུལ་ངོར་གང་དྲན་དགེ་བའི་རི་མོ་བ་བིརྱ་དྷྰ་ར་ཤྲྰི་ཨ་ནནྟ་བཛྲས་སྨྲས་པས་འགྲོ་ཀུན་ཚོགས་གཉིས་དཔལ་ལ་ལོངས་སྤྱོད་ཅིང་སངས་རྒྱས་ཐོབ་པའི་དོན་དང་ལྡན་པར་གྱུར་ཅིག་གུ། །

0 comments:

ཟིན་བྲིས་འཚོལ་ཡུལ