དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday, 30 April 2013
༼ བསམ་ཡས་ལོ་རྒྱུས། ༽
དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་བྱུང་བ་མདོ་མཚོན།

གསང་གསུམ་མི་ཤིགས་རྡོ་རྗེའི་གཤིས་སུ་གྲུབ། །རིག་འཛིན་རྒྱ་མཚོའི་འཁོར་སྒྱུར་སམྦྷ་ཝ། །ཁྱོད་ཀྱི་ཐུགས་རྗེ་ཟབ་མོས་ནམ་དུ་ཡང༌། །སྐྱོངས་ལ་ཚུལ་འདི་སྨྲ་བའི་སྤོབས་པ་བྱིན། །
དེ་ལ་བསམ་ཡས་གཙུག་ལག་ཁང་ནི། སློབ་དཔོན་པདྨ་འབྱུང་གནས། མཁན་པོ་བྷོ་དྷི་ས་ཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གསུམ་གྱིས་དུས་རབས་དགུ་བའི་དུས་མགོར་བཞེངས་བསྐྲུན་མཛད་པ་ཞིག་ཡིན་ལ། མཚན་རྒྱས་པར་《དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང༌།》ཞེས་རྗོད་ཀྱིན་ཡོད། དེ་ཡང་ཕུག་ལུགས་①གཞིར་བཞག་གི་སྟོན་པ་མཉམ་མེད་བུ་རམ་ཤིང་བའི་འདས་ལོ་②1671སྟེ་ཕྱི་ལོ་790ལོར་གནམ་ལྷ་བབས་ཀྱི་བདག་པོ། ས་ལྷུན་གྲུབ་ཀྱི་མངའ་བདག འགྲེང་མགོ་ནག་ཡོངས་ཀྱི་རྗེ། སྤྲུལ་པའི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ཞེས་གྲགས་པ་དེའི་གཟུགས་སྐུའི་མཚན་དཔེ་གངས་ལྗོངས་བསོད་ནམས་ཀྱི་དཔལ་དུ་ཤར་བ་ཡིན་ལ།
དེ་ཡང་རིག་འཛིན་ཆེན་པོ་རྡོ་གྲུབ་ཆེན་སྐུ་ཕྲེང་དང་བོ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་མཛད་པའི་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་དགོས་འདོད་རེ་སྐོང་ཡིད་བཞིན་དབང་གི་རྒྱལ་བོ་ལས། “བོད་རྣམས་རྒྱལ་བོ་ཚད་མར་འཛིན་པའི་ཕྱིར། །ཐོ་རི་སྙན་ཤལ་རྒྱལ་བོ་མར་བཟུང་ནས། །རིམ་བཞིན་རྒྱལ་རབས་བཞི་འདས་འོག་རོལ་ཏུ། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་རྒྱལ་བོ་ནི། །སྲོང་བཙན་སྒམ་པོ་ཞེས་བྱ་བྱོན་པའི་དུས། །ར་ས་འཕྲུལ་སྣང་དང་ནི་ར་མོ་ཆེ། །གཙོར་གྱུར་མཐའ་འདུལ་དང་ནི་ཡང་འདུལ་གྱི། །གཙུག་ལག་ཁང་ཆེན་བརྒྱ་དང་བརྒྱད་བཞེངས་ཤིང༌། །དམ་པ་ཆོས་ཀྱི་སྲོལ་བཏོད་ཙམ་ཞིག་ལས། །དར་ཞིང་རྒྱས་པར་མ་གྱུར་དེ་སྐབས་སུ། །རྒྱལ་ཀུན་ཡབ་གཅིག་འཕགས་པ་འཇམ་དཔལ་གྱིས། །བོད་ཁམས་མུན་པའི་གླིང་དུ་དམ་ཆོས་ཀྱི། །ཉི་མ་འཆར་བར་བྱེད་པར་དགོངས་ནས་སུ། །….དེ་ནས་བཙུན་མོ་ལུས་ལ་སྙེལ་མེད་བཞིན། །ཤེས་པ་གསལ་ཞིང་ཉོན་མོངས་མི་སྐྱེ་བའི། །ངང་ནས་ཟླ་དགུ་ངོ་བཅུ་འདས་རྗེས་སུ། །ཡུམ་ལ་ན་ཚ་ཅུང་ཟད་མེད་བཞིན་དུ། །ཕོ་བྲང་བྲག་དམར་དབུས་སུ་སྐུ་བལྟམས་པར། །དུང་སོ་འཁོར་མར་ཡོད་ཅིང་དབུ་སྐྲ་ཡང༌། །མཐོན་མཐིང་གཙུག་སྐྲ་གཡས་སུ་འཁྱིལ་བ་སོགས། །རབ་མཛེས་ངོ་མཚར་ལྷ་ཡི་བུ་འདྲ་བྱུང༌། །དེ་ཡང་རྟ་ལོ་སྐར་མ་རྒྱལ་གྱི་ཉིན། །ནམ་ལངས་ཉི་མ་ཤར་བའི་དུས་ཚོད་དུ། །འཁྲུངས་པས་རྟེན་འབྲེལ་ཕུན་སུམ་འཚོག་པ་བྱུང༌། །མཚན་ཡང་ཁྲི་སྲོང་ལྡེའུ་བཙན་ཞེས་སུ་བཏགས། །དེ་ཉིད་བགྲང་བྱ་བཅུ་གསུམ་ལོན་པའི་ཚེ། །ཡབ་རྗེ་ཁྲི་ལྡེ་གཙུག་བརྟན་དགོང་དུ་གཤེགས། །དེ་ནས་རྒྱལ་བུ་རྒྱལ་སར་བཏོན་ནས་སུ། །བཙུན་མོ་ཚེ་སྤོང་བཟའ་དང་འབྲོ་བཟའ་དང༌། །ཕོ་གྱོང་བཟའ་གསུམ་ཁབ་ཏུ་བཞེས་ནས་ཀྱང༌། །ལོ་བདུན་བར་དུ་རྒྱལ་སྲིད་སྐྱོང་བར་མཛད། །”ཅེས་གསུངས་པ་ལྟར།
ཁོང་དགུང་གྲངས་བཅུ་གསུམ་ལོན་པ་འདས་ལོ་1683པར་ཡབ་རྒྱལ་བོ་ཁྲི་ལྡེ་གཙུག་བརྟན་ཆིབས་སྒྲོན་པས་བཀྲོངས་ཤིང་རྒྱལ་བུ་ཆབ་སྲིད་ལ་བཀོད་ཀྱང་ནར་མ་སོན་པས་ཞང་བློན་ཆོས་ལ་མི་དགའ་བ་རྣམས་ཀྱིས་མཁར་བྲག་གི་ལྷ་ཁང་རྨང་ནས་བསྒྱེལ། མགྲིན་བཟང་གི་ལྷ་ཁང་ནི་བཤིག་སྟེ་ཅོང་ནི་མཆིམས་ཕུའི་གཡའ་ལ་བསྐྱལ། ལྷ་ས་བི་ཧར་དུ་བཟོ་གྲྭ་བགྱིས། བཤས་བྱས་ནས་ལྡེར་ཚོ་ལ་པགས་པ་གཡོགས། ཕྱག་ན་ནང་ཆ་དང་ལུག་ཁོག་བཀལ་ལོ། །དེར་མ་ཞང་གྲོམ་པ་སྐྱེས་ན་རེ། “རྒྱལ་བོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ་བཀྲ་མི་ཤིས། ཚེ་ཕྱི་མར་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱིས་བྱེད། སུས་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུགས་སོ། །”ཟེར་ནས་ཁྲིམས་བུ་ཆུང་བཅས། ར་མོ་ཆེར་བཞུགས་པའི་“གསེར་གྱི་ཤཱཀྱ་ཐུབ་པ་རྒྱའི་ལྷ་ཡིན་པས་སླར་རྒྱ་ཡུལ་དུ་བསྐྱལ་”ཟེར། ལྷ་དེ་དང་བོ་རྟ་པ་གཅིག་གིས་པང་དུ་ཐེག་པ་ལ་དེར་མ་ཐེག་པར་འབྲེང་བའི་དྲ་བར་བཅུག་སྟེ་མི་སུམ་བརྒྱས་སྒོར་ཕྱུངས། ཡང་མ་ཐེག་པས་མི་སྟོང་གིས་མཁར་བྲག་གདོང་གི་ཐད་ཀར་ཕྱིན་ཅིང་མཐར་མི་སྟོང་གིས་ཀྱང་མ་ཐེག་པར་དེ་ཉིད་དུ་བྱེ་མའི་འོག་ཏུ་སྦས་ཏེ་རྦ་རྗེ་ཁོལ་ལ་གཏད་དོ། །དེ་ལྟར་བྱས་པས་ཞང་ཁྲི་ཐོག་རྗེ་ཐོག་ལ་འབར་ནི། ཐང་ལ་བརྒྱལ་བརྒྱལ་ནས་“ཨཱ་ཨཱ་ཨཱ་”ཞེས་ལན་གསུམ་འབོད་ཀྱིན་རྒྱབ་གས་ནས་ཤི། ཅོག་རོ་སྐྱེས་བཟང་རྒྱལ་འགོང་ནི་ལྕེ་རྐན་དང་རྐང་ལག་རིལ་གྲུ་གུ་ཐུལ་དུ་སོང་ནས་གུམ། དེར་མངའ་འོག་གི་མི་དང་ལྟས་མཁན་ཀུན་མཐུན་པར་“རྒྱ་ལྷ་ས་འོག་ཏུ་བཅུག་པས་རྒྱ་ལྷ་ཁྲོས་པ་རེད་”ཟེར། རྒྱའི་ལྷའི་མེས་པོ་ཡང་རྒྱ་གར་ནས་འོངས་པས་རྒྱ་གར་དང་ཉེ་བ་མང་ཡུལ་དུ་བསྐྱལ་བར་མོ་བཟང་བས་བྱེ་སྟོངས་ནས་བཏོན་ཏེ་དྲེའུ་གཉིས་ཀྱིས་ཁྱོགས་བགྱིས་ཏེ་བསྐྱལ་བས་ཡུལ་ངན་ཆེན་པོ་བྱུང༌། ཆོས་བཤིག་པའི་ཞང་བློན་ཞིག་ཡང་ཧད་པོར་གུམ། ཞེས་བོད་ཀྱི་ཆོས་འབྱུང་ཁུངས་དག་རྣམས་སུ་བཀོད་ཡོད་ལ། ཡབ་རྒྱལ་པོའི་སྐུ་རིང་ལ་སང་ཤི་རྒྱ་ནག་ཏུ་བཏང་བའི་སུག་ལས་གྲུབ་སྟེ་བོད་དུ་འབྱོར་ཡང་རྒྱལ་སྲས་སྐུ་ནར་མ་སོན་པས་ཆོས་དཔེ་རྣམས་རྫ་གསེབ་ཏུ་སྦས་སོ། །
“དེ་ནས་རྒྱལ་བུ་ཁྲི་སྲོང་ལྡེའུ་བཙན་ཉིད། །བགྲང་བྱ་ཉི་ཤུ་ཐམ་པ་གླང་གི་ལོ། །སྔོན་སྨོན་དུས་བབས་དམ་ཆོས་སྒྲུབ་པ་ཡི། །ཐུགས་དགོངས་སད་དེ་གདུང་བརྒྱུད་སྔོན་མ་ཚོའི། །རྣམ་ཐར་མཇལ་བས་སྲོང་བཙན་སྒམ་པོ་ཡིས། །བོད་ཁམས་མུན་པའི་སྨག་རུམ་འདྲ་བ་ལ། །གཙུག་ལག་ཁང་བཞེངས་དམ་ཆོས་མང་བསྒྱུར་ནས། །བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་འདུག །ངས་ཀྱང་དམ་ཆོས་དར་ཞིང་རྒྱས་པ་ཞིག །ཅིས་ཀྱང་བྱ་དགོས་སྙམ་པའི་ཐུགས་དགོངས་སྐྱེས། །དེ་ཡང་མཆོག་གསུམ་རྟེན་དང་བརྟེན་པར་བཅས། །འགྲོ་རྣམས་མོས་ཤིང་དད་པའི་ཚོགས་གསོག་ཞིང༌། །རང་གི་དབྱར་དམ་གཙུག་ལག་ཁང་བ་ཞིག །ཅིས་ཀྱང་བཞེངས་དགོས་ཐུགས་ལ་ཤར་བའི་ཚེ། །དེ་ཡང་ཅི་འདྲ་བ་ཞིག་དགོས་ན་སྙམ། །ཐུགས་དགོངས་གཞིག་ཚེ་རི་རབ་གླིང་བཞི་དང༌། །ལྕགས་རི་དང་བཅས་བཞེངས་དགོས་དགོངས་པ་ཤར། །རྒྱལ་བོ་བགྲང་བྱ་ཉེར་གཅིག་སྟག་གི་ལོར། །གཙུག་ལག་ཁང་གི་རྨིངས་བཏིང་བཞེངས་ནས་སུ། །རྒྱ་གར་ཡུལ་ན་ཁྱད་འཕགས་སློབ་དཔོན་མཆོག །བྷོ་དྷི་ས་ཏྭ་ཞེས་བྱ་མཁྱེན་སྟོབས་དང༌། །ཡོན་ཏན་ཤིན་ཏུ་ཆེ་བ་ཞིག་བཞུགས་པའི། །སྙན་གྲགས་ཐོས་པའི་མོད་ལ་གང་དེ་ཉིད། །གདན་འདྲེན་ཕྱིར་དུ་གཉགས་ཆེན་ལོ་ཙཱ་བ། །ཡེ་ཤེས་གཞོན་ནུ་ཞེས་པར་ས་སྙིང་ཕྱེ། །བྲེ་གང་སློབ་དཔོན་སྤྱན་འདྲེན་ཞུ་རྟེན་དུ། །བསྐུར་ཞིང་…. སློབ་དཔོན་ཞལ་ནས་བོད་ཀྱི་རྒྱལ་བོ་དང༌། །ཚེ་རབས་སྔོན་ནས་འབྲེལ་བ་ཞིག་ཡོད་པས། །ཅིས་ཀྱང་འགྲོ་དགོས་གསུངས་ནས་བོད་ཡུལ་དུ། །བྱོན་ནས་སློབ་དཔོན་ཕོ་བྲང་བྲག་དམར་དུ། །གདན་དྲངས་”ཞེས་གསུངས་པ་ལྟར།
དེ་ནས་རྒྱལ་བུ་ལ་ཆོས་ཀྱི་བསམ་པ་སྐྱེས་ཏེ། རྦ་གསལ་སྣང་མང་ཡུལ་དུ་ཐབས་ཀྱིས་བརྫངས་ནས་རྒྱ་གར་དང་བལ་ཡུལ་དུ་པཎྜི་ཏ་སུ་མཁས་སོགས་ཆོས་ཀྱི་རྒྱུས་ཉམས་སད། བློན་འཁོར་དག་ལ་ཆོས་བྱེད་ཀྱི་གྲོས་གནང་ཚེ། ཞང་ཉ་བཟང་གིས་“མེས་སྲོང་བཙན་གྱིས་ལྷ་ཆོས་མཛད་པས་བོད་ལེགས་རྒུ་བྱུང་བ་དང་ལྷ་སྲས་ཡབ་ཀྱིས་ཀྱང་མཛད་པ་ལས་ཡབ་ནོངས་པའི་འོག་ཏུ་མ་ཞང་གིས་བཤིགས་”ཞེས་དང༌། “ཞང་མ་ཞང་རོ་ངན་ལ་ཆོས་ལ་མི་དགའ་བས་ཐུགས་དགོངས་མི་འགྲུབ་སྟེ་མཆི་”ཞེས་གསོལ་བ་དང༌། བློན་པོ་མགོས་ན་རེ། “དེ་ལ་ཐབས་བགྱི་བར་རྔོ་ཐོགས་པས་ཁོ་བོའི་རྗེས་སུ་རྟིང་གནོན་མཛོད་ཅིག”ཟེར་ཏེ་མགོས་ཀྱིས་ཆབ་འོག་གི་ཕྱག་སྤྲིན་པ་དང་མོ་མ་དང་ལྟས་མཁན་ཀུན་ལ་རྔན་པ་སྤྲད་དེ། རྗེའི་སྐུ་རིམ་ལ་ཞང་བློན་སུ་ཆེ་བ་ཟུང་ཞིག་དགུང་ལོ་གསུམ་ལ་མཆད་པ③འི་ནང་དུ་དལ་དུ་བཅུག་ན་རྗེའི་སྐུ་ཚེ་དང་ཆབ་སྲིད་འཕེལ་ལོ། །ཞེས་སྐྱེ་བོ་འདུ་བའི་ས་སོགས་སུ་བསྒྲགས། “ནུབ་ཕྱོགས་ཀྱི་རྒན་མོ་ཞིག་གིས་ཀྱང་མ་ཞང་གི་ངོ་ལ་ཅེར་རེ་བལྟས་ཏེ་ཞང་མ་ཞང་ནི་རྗེའི་གདུང་སོབ་པ་བོད་འབངས་ཡོངས་ལ་གཅེས་བསྙུན་ཆེན་པོས་ཐེབས་ཟེར་བ་བདེན་ནམ་ཟེར་བས་མ་ཞང་བདེན་ངེས་སྙམ་སྟེ་ཁྱིམ་དུ་བུབ་ཉལ་བྱ་”དགོས་བྱུང་བ་སོགས་མ་ཞང་གིས་བདེན་ནོ་སྙམ་རག་བར་དུ་སྨྲར་བཅུག དེ་ནས་རྗེ་འབངས་ཀུན་ཚོགས་པའི་དབུས་སུ་ཞང་ཉ་བཟང་གིས། རྒྱལ་བོ་སྐུ་ཆགས་ཆེ་བའི་ཚུལ་སོགས་བསྙད་དེ།“རྗེའི་ཞབས་ཏོག་ལ་སུ་ཆེ་བ་དེ་ཁས་ལོངས།” ཟེར་བ་ལ། བློན་པོ་མགོས་ལངས་ཏེ་“རྗེའི་ཞབས་ཏོག་ཏུ་ང་ཆེ། བུ་ཚའི་དགེ་དང་ཡིག་ཚངས་དེ་ཆེ། བློན་ང་ལས་ཆེ་བ་སུ་ཡོད། གཅིག་ངས་བྱེད་”ཟེར། མ་ཞང་ཡང་འགྲན་ལངས་ཏེ་“བློན་ང་ལས་ཆེ་བ་ནི་མེད་ན་རྗེའི་ཞབས་ཏོག་གཅིག་ངས་བྱེད་”ཟེར། དེ་ནས་མཆད་པ་མ་ཞང་རང་གིས་བཤད་པ་ལྟར་སྣ་ནམ་བྲང་བུར་བརྩིགས་ཤིང་དེར་མགོས་དང་ལོ་ཏེ་གུ་སྣང་གོང་གཉིས་གྲོས་བྱས་ཏེ་མགོས་ཀྱི་རྐང་བར་བྱ་རྒོད་ཀྱི་ལྷམ་དང་ལུས་ལ་ཕ་བ་དགོ་དགོའི་ཐུལ་བ་གྱོན་ནས་བློན་པོ་དང་མ་ཞང་གཉིས་ནང་དུ་སོང་སྟེ། “འདིར་ཞང་གི་གཟིམ་མལ་བྱ། འདིར་ངས་བྱ། འདིར་ཆུ་ཞོག་”ཟེར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་ན་མ་ཞང་ཕྱི་བཞིན་འབྲངས། དེར་མགོས་ཀྱིས་ཐལ་མོ་ཞིག་བརྡབས་ནས་“ཕ་གི་ན་ཅི་ཡིན་ན་”ཟེར་ནས་བྲོས་པའི་རྐང་བ་ནས་བཟུང་བས་རྒོད་སྤུ་སྤར་གང་ལག་ན་གདའ། ཕ་བ་དགོ་དགོ་འཐུལ་བས་མིག་བསྒྲིབས་ཏེ་མ་མཐོང༌། ལོ་ཏེ་གུས་སྒོ་ཕ་བོང་གིས་བཀག་སྟེ་མ་ཞང་གྲོམ་པ་གསོན་དུར་ལ་བཅུག་གོ། །གསོན་དུར་ཟེར་བ་དེ་དུར་སྲུང་བ་འདྲ་ཞིག་ཏུ་དེབ་དཀར་ལས་བཤད་④དོ། །དེ་ནས་རྒྱལ་བོ་དང་ཞང་བློན་དག་གྲོས་བགྱིས་ཏེ་ཤཱཀྱ་མུ་ནི་སླར་གདན་འདྲེན་རྒྱུ་བྱས་ཤིང་རྒྱལ་བོས་གསལ་སྣང་ལ། “ཁྱོད་ཡུལ་དུ་མ་འགྲོ་བར་བལ་ཡུལ་དུ་སོང་ལ་བལ་རྗེ་ལ་ཁོ་བོའི་བཀའ་འཕྲིན་སྒྲོམ་བུ་དང་བཅས་བྱིན་ལ་ཟ་ཧོར་རྒྱལ་བོའི་བུ་གཙུག་ལག་ལ་རབ་ཏུ་མཁས་པ་དགེ་སློང་ཤནྟ་རཀྵི་ཏ་ཞེས་བྱ་བ་བལ་ཡུལ་ན་བཞུགས་པས་དེ་གདན་འདྲོངས་པར་གྱིས་”ཞེས་བཀའ་བསྒོས་ཏེ་བརྫངས། གསལ་སྣང་གིས་དེ་ལྟར་བགྱིས་ནས་མང་ཡུལ་དུ་སྤྱན་དྲངས་ཏེ་ཕོ་ཉ་བཏང་བས། ནང་འཁོར་བ་ལང་གྲོ་སྣང་ར། གཉེར་སྟག་བཙན་གདོང་གཟིགས། སྦྲང་རྒྱས་ལེགས་གཟིགས་དང་གསུམ་བསུ་བར་བཏང་སྟེ་ཧེན་ཁང་བི་ཧར་དུ་ཕྱགས་ཕེབས་ཞུས། གསལ་སྣང་ཕོ་བྲང་དུ་མཆིས་ཏེ་སྐུ་གཉེར་ཁུམས་པར་གསོལ་བ་ན། ཞང་བློན་ཆེན་པོ་དག་གིས་ལྷོ་བལ་གྱི་བན་དེ་ཆོས་ལོག་པ་དང་ངན་སྔགས་ཕྲ་མེན་གྱི་རིགས་ཡིན་མིན་བརྟག་ཏུ་གསོལ་བས། མཆིམས་མེ་ལྷ། སེང་མགོ་ལྷ་ལུང་གཟིགས། སང་ཤི་གསུམ་རྟོག་ཏུ་བཏང༌། ཁོང་ཚོས་ཁ་ཆེ་སྐྱེས་བཟང་གི་བུ་ཨཱ་ནནྟར་ལོ་ཙཱ་བཅོལ་ཏེ། “ཨཱ་ཙརྱ་ཅི་འདྲ་”དྲིས་པས། “སྤྱོད་པ་ལེགས་སོ་ཅོག་ལ་མི་བྱ་བ་མེད། ཉེས་སོ་ཅོག་ལ་མི་བཏང་བ་མེད། ལྷར་དཀོན་མཆོག་གསུམ་མཆོད། དམ་ཚིག་དང་སྡོམ་པ་ལ་གནས། གཙོ་བོར་སེམས་ཅན་ལ་གང་ཕན་འབའ་ཞིག་བྱེད་”གསུངས། དེར་བློན་པོ་ཚོ་ཡིད་ཆེས་ནས་རྒྱལ་བོ་ལ་“ཨཱ་ཙརྱ་འདི་ལྟ་བ་དང་སྤྱོད་པ་བཟང་བོ་གདའ་བས་ཐུགས་དོགས་མི་དགོས་པར་འདུག་”ཅེས་ཞུས། རྒྱལ་བློན་རྣམས་ཀྱིས་བསུ་བ་རྒྱ་ཆེར་བྱས་ཤིང་ཕོ་བྲང་རླུང་འཚུབས་སུ་སྤྱན་དྲངས། སྒོ་འགྲམ་དུ་བྱོན་པ་ན། བཙད་པོས་གསེར་ཕྱེ་བྲེ་གང་གིས་ཕྱག་རྟེན་བྱས་ཏེ་ཕྱག་ཕུལ་བ་དང༌། མཁན་པོས་“ང་ངོ་མཁྱེན་ནམ་”གསུངས། བཙད་པོའི་ཞལ་ནས་ “བདག་གིས་དེ་སྔ་ཞལ་མ་མཇལ་”གསུངས། མཁན་པོའི་ཞལ་ནས་“སངས་རྒྱས་འོད་སྲུང་གི་བསྟན་པ་ལ་གཙུག་ལག་ཁང་རྒྱན་སྲུང་གི་བྱིས་པ་གསུམ་མཆིས་པའི་ཚེ་བྱེ་མའི་མཆོད་རྟེན་བྱས་ཏེ་ངས་པཎྜི་ཏ་དང༌། ཁྱེད་ཀྱིས་རྒྱལ་བོ། གསལ་སྣང་གིས་ཕོ་ཉ་བྱས་ཏེ་མཐའ་འཁོབ་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་སྤེལ་བར་སྨོན་ལམ་བཏབ་པ་མ་ངེས་སམ་”གསུངས་པར། བཙད་པོས་“སྒོམ་ཡུན་ཐུངས་པས་མ་དྲན་”གསུངས། རྒྱལ་བོས་“ཨཱ་ཙརྱ་ལ་ཉེ་བརྟགས་སམ་”ཞུས་པས། མཁན་པོས་“བརྟགས་ལགས་ཏེ། རྒྱལ་བོ་ཁྱེད་ཀྱི་དབུ་ལ་ཐོད་བཅིངས་པ་དང་སྦྱར་ན་སྟོད་དུ་མངའ་རིས་ཞྭ་ཙམ་ཞིག་འཆག ཞབས་ལ་ཕྱགས་གསོལ་བ་དང་སྦྱར་ན་སྨད་དུ་མངའ་རིས་ལྷམ་ཙམ་ཞིག་འཆག སྐུ་ལ་སྐེ་རགས་མ་བཅིངས་པ་དང་སྦྱར་ན་བར་འདིར་རྒྱལ་ཁྲིམས་མྱུར་དུ་འཇིག་ཉེན་ཡོད། འོན་ཀྱང་རིན་པོ་ཆེའི་ཕྱག་རྟེན་ཕུལ་བས་དམ་པའི་ཆོས་བྱར་བཏུབ་”གསུངས།
“རྒྱལ་བོས་ཞུ་བ་འདི་བཞིན་ཕུལ། །སློབ་དཔོན་ཆེན་པོ་བདག་ལ་གསན་མཛོད་དང༌། །བདག་གིས་མཆོག་གསུམ་རྟེན་དང་བརྟེན་པ་བཅས། །འགྲོ་བ་མི་རྣམས་ཚོགས་བསགས་རྟེན་མཆོག་ཞིང༌། །གཙུག་ལག་ཁང་གཅིག་བཞེངས་པར་འདོད་པས་ན། །སློབ་དཔོན་ཉིད་ཀྱིས་ས་གཞི་བྱིན་བརླབས་འཚལ། །ཞེས་ཞུས་ལན་དུ་སློབ་དཔོན་འདི་སྐད་གསུངས། །བོད་ཀྱི་ལྷ་འདྲེ་མི་མིན་གདུག་རྩུབ་ཆེ། །བདག་གི་བྱང་ཆུབ་སེམས་ཀྱིས་འདུལ་དགོས་པས། །ཐུལ་མིན་ཅིར་འགྱུར་ཤེས་པར་དཀའ་མོད་ཀྱང༌། །རྒྱལ་བོ་ཉིད་ཀྱིས་གཙུག་ལག་རྨིངས་འདིང་འཚལ། །གསུངས་ནས་སློབ་དཔོན་བྷོ་དྷི་ས་ཏྭ་ཡིས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེ། །ཞལ་ཕྱེས་ས་གཞི་བྱིན་གྱིས་བརླབས་པར་མཛད། །རྒྱལ་བོ་ཉིད་ཀྱི་སྐུ་ལ་དར་དཀར་གྱི། །ན་བཟའ་གསོལ་ཞིང་ཕྱག་ཏུ་གསེར་གྱི་འཇོར། །ཐོགས་ནས་རྨིངས་བྲུས་ཆེད་དུ་ས་དེ་དག །གྲུ་གང་ཙམ་ཞིག་བརྐོས་པའི་འོག་ནས་ནི། །འབྲས་དཀར་ཁལ་གཅིག་བདུད་རྩི་ས་ཞག་ཀྱང༌། །ཀ་ར་ཇི་བཞིན་ཞིམ་ཞིང་རོ་མངར་བ། །མང་དུ་བྱུང་བ་རྒྱལ་བོ་ཆེན་པོ་ཡིས། །ཞལ་དུ་གསོལ་ཞིང་དབུ་ལ་བྱུགས་ནས་སུ། །ང་ཡི་བསམ་པ་འགྲུབ་པར་འོང་བ་དང༌། །བོད་དུ་དམ་ཆོས་དར་བར་འོང་གསུངས་བཞིན། །”ཞེས་གསུངས་པ་ལྟར།
དེ་ནས་བོད་བཙན་པོའི་ཐུགས་དགོངས་ལྟར་བསམ་ཡས་གཙུག་ལག་ཁང་གི་ས་བརྟག་པའི་ཕྱིར་མཁན་ཆེན་བོ་དྷི་ས་ཏྭ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཉེར་སྟག་བཙན་ལྡོང་གཟིགས་བཅས་ཧས་པོ་རིའི་རྩེར་ཕྱིན་ཏེ་གཟིགས་པ་ན། བསམ་ཡས་ཀྱི་གཞི་དེ་སྐྱ་ཐོར་རེ་བ། རྩི་སྐྱ་ཅན་འཇག་སྐྱ་ཕྱོད་དེ་མཆིས་པ་ལ། མཁན་པོས་ས་དཔྱད་མཛད་པ་ནི། ཤར་རི་རྒྱལ་བོ་ཁྲི་སྟེང་དུ་བཞུགས་པ་འདྲ་བ། ཧས་པོ་རི་བཙུན་མོ་དར་དཀར་གྱི་གོ་ཟུ་གྱོན་པ་འདྲ་བ། རི་ནག་ལྕགས་ཕུར་བཏབ་པ་འདྲ་བ། མེ་ཡར་དྲེའུ་ཆུ་འཐུང་བ་འདྲ་བ། ས་གཞི་འདི་འཁར་གཞོང་གུར་གུམ་གྱིས་བཀང་བ་འདྲ་བས་ཐུགས་དམ་གྱི་རྟེན་ལྷ་ཁང་འདིར་བཞེངས་ན་བཟང་ཞེས་ཕྱག་མཁར་གྱིས་ཕྱག་བྲིས་གནང་སྟེ་ལུང་བསྟན། བོད་འབངས་སྤྱི་ལ་གསང་སྟེ་རྟ་འདོགས་སའི་བྲེས་ཆེན་པོ་ཞིག་བརྩིག་རྒྱུ་ཡིན་ཚུལ་གྱིས་རྩྭ་འཇག་རྣམས་ཀྱི་རྩེ་མོ་ཕན་ཚུན་བསྡུས་ཏེ་མདུད་པ་བོར་ནས་ཐོ་ཡོར་བཙུགས་པ་ལྟར་བསྐོར་ནས་ཕྱིའི་ར་བ་སྔོན་ལ་གྲུབ་པར་བགྱིས་ཤིང་ས་ཆོག་གི་རིམ་པ་རྣམས་མཛད་པ་འོག་ནས་གསལ། སྔོན་ལ་ཨཱརྱ་པ་ལོའི་གླིང་བཞེངས། འདི་སྐོར་ལ་འདོད་ཚུལ་ཧ་ཅང་མང་ཞིང་ས་དཔྱད་པ་ཡང་རྒྱའི་རྩིས་མཁན་ཞིག་ཡིན་པར་བསྟན་པ་དང་ལྕགས་རིའི་ཚད་ཀྱང་བཙད་པོས་“ང་རང་གི་མདའ་རྒྱང་གང་ལ་བྱེད་”གསུངས་ར། “དེ་ནི་བློན་པོའི་མདའ་རྒྱང་གསུམ་ཚད་ཡིན་ལ་དེས་ན་བློན་པོའི་མདའ་ལ་བྱེད་”པར་ཞུས་ཤིང་མདའ་དངུལ་ཆུས་བཀང་བས་ལོགས་རེར་ཕལ་བའི་མདའ་གཉིས་ཕྱེད་ལས་མ་བྱུང་བར་བཤད་ཅིང༌། བཙད་པོས་བློན་པོའི་འཕྲུལ་དུ་མཁྱེན་ནས་“བོད་ཀྱི་བསོད་ནམས་ལ་དེ་ལས་མ་ཤོང་”ཞེས་གསུངས་ཤིང་“ཐོག་མའི་ས་ཕུད་རྡོ་ཕུད་ཡེར་བར་ཕུལ་ཏེ་མཆོད་རྟེན་བཞེངས། ལྷ་སར་ཕུལ་བའི་ས་ཕུད་ཀྱིས་འཕྲུལ་སྣང་གི་གཙང་ཁང་དབུས་མའི་སྒོ་སྲུང་རྒྱལ་ཆེན་སྡེ་བཞི་བྱས། ཤིང་ཕུད་ལས་སྒོ་མོ་ཆེ་རྟ་བབས་ཀྱི་བརྒྱན་པ་ཕུལ་ལོ། །”ཞེས་ཁུངས་དག་པར་འབྱུང་ཞིང༌། རྦ་བཞེད་ལས། “དེ་ནས་ས་ཆོག་བྱས་ཏེ་ཡ་རབས་ཞང་བློན་གྱི་བུ་ཚ་ཕ་མ་མེས་ཕྱི་ཚང་བ་བཞི་བཙད་པོ་དང་ལྔའི། བཙད་པོས་གསེར་གྱི་ནན་རི་གསོལ་ཏེ་གསེར་གྱི་འབྱོར་ཕྱག་ཏུ་བསྣམས། བུ་ཚ་རྣམས་རྒྱན་གྱིས་བརྒྱན་ཏེ་“རིན་པོ་ཆེའི་སྣོད་དུ་སྦོག་སྔོན་འཚལ་ཁ་རྒྱགས་”སྨྲ་ཞིང་ཐིག་འཐེན། བཙད་པོས་ཐེབས་གསུམ་བརྐོས། དེ་ནས་བུ་ཚ་བཞིས་རེ་མོས་ཀྱིས་བརྐོས། ཁྲུ་གང་གྲུ་བཞིར་ཕྱིན་པ་དང་འབྲས་དཀར་མོ་དང་ནས་དཀར་མོ་ཕུལ་དོ་ཙམ་མ་འདྲེས་པར་འདུག གྲམ་པ་དང་གྱོ་མོ་སོགས་ནི་མ་བྱུང༌། ས་ཞག་སྐྱ་ནར་ཞིག་བྱུང་བས་འབྱོར་བཞག དེ་ལ་བོ་དྷི་ས་ཏྭ་རབ་ཏུ་དགྱེས་ཏེ་བཙད་པོའི་དབུ་ལ་བྱུགས་ཏེ་“ཕ་ལ་སིདྡྷི་སིདྡྷི་”གསུངས། དེ་བཙད་པོས་མ་གོ་ནས་ལོ་ཙཱ་བ་ལ་དྲིས་པས་“བཟང་ངོ་བཟང་ངོ་གྲུབ་བོ་གྲུབ་བོ་”གསུངས་ཟེར། གཞན་ཡང་“བགེགས་མནན་དགོས་”གསུངས་ཏེ་མཆོད་རྟེན་བཞིའི་བླ་ཕུར་བཏབ། དེ་ནས་རྨང་འདིངས་པར་ཞུས་པས་སློབ་དཔོན་གྱི་ཞལ་ནས། “རྒྱལ་པོ་ཁྱེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་ཇོ་མོ་སྒྲོལ་མ་ལས་བསྐྱེད་པ་ཡིན། མཐར་སངས་རྒྱས་ནས་རྡོ་རྗེ་གདན་དུ་ཆོས་འཁོར་བསྐོར་བར་བསྐུལ་བ་ཡང་ཇོ་མོ་སྒྲོལ་མས་བྱེད། ད་ལྟ་ཐུགས་དམ་བཞེངས་པའི་བར་ཆད་ཀྱང་ཇོ་མོ་སྒྲོལ་མས་སེལ་བ་ཡིན་པས་སྔོན་ལ་ཇོ་མོའི་སྒྲུབ་ཁང་རྩིགས་ཤིག་”པར་ལུང་ཕོག་”གོ། །
“དེ་ཚེ་སློབ་དཔོན་ཕོ་བྲང་གླུང་ཚུགས་ཀྱི། །སྟེང་ཁར་དར་དཀར་གྱིས་ནི་གུར་ཕུབས་པའི། །ནང་དུ་བཞུགས་ནས་བོད་ལ་ཕན་པའི་ཕྱིར། །དགེ་བ་བཅུ་དང་རྟེན་འབྲེལ་བཅུ་གཉིས་དང༌། །ཁམས་ཆོས་བཅོ་བརྒྱད་ལས་བརྩམས་ཆོས་བཤད་ཅིང༌། །གཙུག་ལག་ཁང་གི་རྨིངས་བཏིང་བརྩིགས་པ་ལ། །བོད་ཀྱི་ལྷ་སྲིན་ཀུན་ཁྲོས་འཁྲེན་རྔུར་གྱིས། །ཉིན་མོ་བརྩིགས་པ་མཚན་མོ་བཤིགས་པ་དང༌། །ལྷ་སའི་དམར་བོ་རི་ལ་ཐོག་ཕབས་ཤིང༌། །འཕང་ཐང་ཕོ་བྲང་ཆུས་བཤིགས་སད་སེར་དང༌། །མི་ནད་ཕྱུགས་ནད་ལ་སོགས་མི་རུངས་ལྟས། །བྱུང་བར་བོད་འབངས་ཀུན་གྱིས་ཆོས་བྱས་པས། །སྐྱོན་གྱིས་ཡིན་ཞེས་ཆོས་བྱར་མ་འདོད་པར། །རྒྱལ་བོ་དང་ནི་སྦ་བློན་གསལ་སྣང་སོགས། །ཆོས་ལ་དད་རྣམས་བགྲོས་ནས་སློབ་དཔོན་ལ། །གསེར་ཕྱེ་བྲེ་གང་ཕུལ་ཐེངས་གསུམ་མཐར། །རྒྱལ་བོས་སློབ་དཔོན་ཉིད་ལ་འདི་སྐད་ཞུས། །བདག་གི་བསམ་པ་འགྲུབ་འགྲུབ་མི་འདྲ་ན། །འདི་ལ་ཐབས་ཅང་བདོག་གམ་ཞུས་པ་ལ། །སློབ་དཔོན་ཞལ་ནས་རྒྱལ་བོར་འདི་སྐད་གསུངས། །བདག་ནི་མཚན་ཉིད་རྒྱུ་ཡི་ཐེག་པ་ལ། །བསླབས་ཤིང་བྱང་ཆུབ་སེམས་གཉིས་འབྱོངས་མོད་ཀྱང༌། །བོད་ཀྱི་ལྷ་འདྲེ་གདུག་རྩུབ་ཅན་འདི་རྣམས། །ཐུལ་བར་མི་འདྲ་ན་ཡང་ཐབས་ཡོད་དེ། །བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ན། །ཨོ་རྒྱན་རྒྱལ་བོའི་སྲས་གྱུར་གྲུབ་ཐོབ་མཆོག །སྤྲུལ་སྐུ་པདྨ་འབྱུང་གནས་ཞེས་བྱ་བ། །བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ་ཞིག །བཞུགས་པ་དེ་ཉིད་སྤྱན་འདྲེན་བྱས་གྱུར་ན། །རྒྱལ་བོའི་དགོངས་པ་འགྲུབ་ཅིང་མི་མིན་ཚོགས། །ཐུལ་ཞིང་དམ་ཆོས་དར་བར་འགྱུར་རོ་…. སློབ་དཔོན་བྷོ་དྷི་ས་ཏྭ་ཉིད། །རེ་ཞིག་བལ་ཡུལ་བསྐྱལ་བཅུག་གསེར་ཕྱེ་ཡང༌། །ཁྱོར་གང་བལ་བོའི་རྒྱལ་བོར་སྟེར་རྒྱུར་བསྣམས། །ལྷག་མ་རྒྱལ་བོར་གཏད་ནས་སློབ་དཔོན་ཉིད། །བསྐྲད་པའི་ཚུལ་གྱིས་བལ་བོར་ཐེགས་རྗེས་སུ། །གྲུ་གུ་ཨེ་བག་ཤ་ཞེས་བྱ་བ་ཡང༌། །རྒྱ་ནག་ཡུལ་དུ་སློབ་དཔོན་འཚོལ་དུ་བཏང༌། །”ཞེས་གསུངས་པ་ལྟར།
དེ་ལྟར་ཕོ་བྲང་རླུང་འཚུབས་སུ་ཨཱ་ནནྟས་ལོ་ཙཱ་བྱས་ཏེ། དགེ་བ་བཅུ། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་བཤད་དེ་ཟླ་བ་བཞི་ཙམ་ལོན་པ་ན། འདྲེ་སྲིན་རྣམས་ཁྲོས་ནས་ཕོ་བྲང་འཕང་ཐང་ཆུས་ཁྱེར། དམར་བོ་རི་ལ་ཐོག་བརྒྱབས། མི་ནད་དང་ཕྱུགས་ནད། ལོ་ཉེས་བྱུང་བས་བོད་འབངས་ཁ་ལོག་སྟེ་“བཙན་པོས་ཆོས་བྱས་པས་ལན་ཨཱ་ཙརྱ་ཡར་སྤྱུགས་ཤིག་”ཟེར་ཏེ་ཆོས་བགྱིད་དུ་མ་སྟེར་རོ། །དེར་ཨཱ་ཙརྱ་རྔ་ཁང་སྟེང་ན་སྒོམ་བྱེད་པ་ལ་རྒྱལ་བོས་རྦ་གསལ་སྣང༌། སང་ཤི། ཞང་ཉ་བཟང༌། སེང་གོ་ལྷ་ལུང་གཟིགས། གཉེར་སྟག་བཙན་ལྔ་ཞམ་རིང་དུ་ཁྲིད་དེ་གསེར་ཕྱེ་བྲེ་གང་ཁྱེར་ནས་ཕྱག་དང་སྐོར་བ་ལན་བདུན་བྱས་ཤིང་སྤྱང་སློག་ནས་གསེར་ཐུམ་མཁན་པོའི་མདུན་དུ་བོར་ཏེ་བྱོན། དེ་ལྟར་ནུབ་གསུམ་མཛད་པའི་རྗེས་ལ་བཙད་པོས། “བདག་སྐལ་བ་ཆུང་ལ་བོད་ནག་པོ་ལ་ཞེན་པའི་སྐབས་སུ་སྐྱེས་པས་ལས་དེ་ལྡོག་པར་དཀའ། ཐབས་མ་མཁས་ན་ལྷ་ཆོས་བྱར་མི་བཏུབ་པར་ངེས་པས། རེ་ཞིག་མཁན་པོ་བལ་ཡུལ་དུ་བཞུད་དང༌། སླད་མར་ཐབས་བགྱིས་ཏེ་ལྷ་ཆོས་བྱར་བཏུབ་ཚེ་ངེས་པར་སྤྱན་འདྲེན་དུ་གཏོང་”བར་ཞུས། མཁན་པོས་བལ་རྗེ་དང་འཁོར་ལ་གསེར་ཕྱེ་ཁོར་གང་བསྣམས། གཞན་རྣམས་སླར་རྒྱལ་བོ་ཉིད་ལ་ཕུལ་ཏེ། ཞལ་ནས། “སྔར་ཡབ་མེས་ཀྱི་རིང་ལ་ལྷ་ཀླུ་གདུག་པ་ཅན་དམ་འོག་ཏུ་མ་བསྩལ་པས་བོད་ཁམས་ཀྱི་གདོན་མ་ནོན་པ་མཐུ་ཆེ་བ་ཆོས་ལ་མི་དགའ་བའི་དབང་དུ་སོང་བས་ཆོས་མཛད་པའི་ཚེ་གཟིགས་ལྟས་ངན་པ་བྱུང་བ་དང༌། ཆོས་མ་ཚུགས་པ་དང་རྒྱལ་བོའི་སྐུ་ཚེ་ཐུང་བ་ཡང་འདི་ལས་གྱུར་པས། ཕྱིས་སུ་ཆོས་མཛད་ན་ལྷ་ཀླུ་གདུག་པ་ཅན་དེ་དག་དམ་འོག་ཏུ་བཅུག་འཚལ་བས། ཨོ་རྒྱན་གྱི་རྒྱལ་སྲས་དགེ་སློང་པདྨ་སམྦྷ་ཝ་ཞེས་བགྱི་བ་ད་ལྟ་འཛམ་བུ་གླིང་ན་སྔགས་མཁན་འདི་བས་མཐུ་ཆེ་བ་མི་བཞུགས་ན་དེ་སྤྱན་དྲངས་དགོས། བོད་ཁམས་སུ་ཆོས་འབྱུང་བ་འདི་ལྔ་བརྒྱའི་ཐ་མ་ལ་བབས་པས་མུ་སྟེགས་ཀྱི་རྒོལ་བ་ནི་མི་འབྱུང་ན། ནང་བ་སངས་རྒྱས་པ་ཉིད་དམ་གཞན་ཞིག་གིས་འགྲན་ཟླ་འཚོལ་ན། རྫུ་འཕྲུལ་ནི་པདྨ་སམྦྷ་ཝ་དང་འགྲན་དུ་གཞུག་ལ། གཏན་ཚིགས་ནི་བདག་དང་ཤགས་སུ་བཀྱེ། པདྨ་སམྦྷ་ཝས་ལྷ་འདྲེ་དག་ཀྱང་དམ་འོག་བསྩལ་ན་བཙད་པོའི་དགོངས་ཡང་འགྲུབ།” ཅེས་གསུངས་ཤིང་རྗེ་འབངས་གྲོས་འཆམས་ཏེ་ཨཱ་ཙརྱ་བསྐྲད་པ་ལྟར་བྱས།
དེ་ནས་བཙད་པོས་“འཛམ་བུ་གླིང་ན་རྒྱལ་བོ་ང་ལས་ཆེ་བ་མེད་ཀྱང་ཕྱག་རིས་མེད་པས་ད་ནས་བཟུང་ཕྱག་རིས་ཆེ་བ་ཞིག་བྱེད་པས་ཁྱེད་བློན་མཛངས་རྣམས་ཀྱིས་སོམས་དང༌། ཤེལ་གྱི་མཆོད་རྟེན་ཤར་རི་ཙམ་པ་ཞིག་རྩིག་གམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགངས་སམ། ཧས་པོ་ཟངས་ཀྱི་བཏུམ་སྟེ་གཟེར་མགོ་ཕྱིར་མི་མངོན་པ་ཞིག་བྱེད། གཙང་བོ་འདི་ཟངས་ཀྱི་སྦུབས་སུ་འཇུག་གམ། ལྷ་ཁང་བྲེ་ཙམ་པ་ཞིག་རྩིག་”གསུངས་པས། ཞང་ཉ་བཟང་གིས་“ཤེལ་རིན་པོ་ཆེས་དེ་ཙམ་འབྱོངས་དཀའ་བ་”སོགས་ཞུས་ཤིང་ཚང་མ་ལྷ་ཁང་བྲེ་ཙམ་བགྱི་བར་ཆད་པ་ན། ཏ་ར་ཀླུ་གོང་⑤གིས་སྦ་ལྕག་ས་ལ་བརྡབས་ནས་“ལྷ་ཁང་རྩིག་པ་ཆོས་བྱེད་པ་ཡིན་པས་ང་མི་དགའ། ངེད་རང་བོན་བྱེད་”ཟེར་ཏེ། རྒྱལ་བོའི་བཀའ་བཅགས་པས་བྱང་དུ་སྤྱུགས།
“དེ་ནས་སློབ་དཔོན་པདྨ་སྤྱན་འདྲེན་པར། །སྣ་ནམ་རྡོ་རྗེ་བདུད་འདུལ་མཆིམས་པ་ཡང༌། །ཤཱཀྱ་པྲ་བྷ་ཤུད་པུ་དཔལ་སེང་དང༌། །སེང་གོང་ལྷ་ལུང་གཟིགས་དང་ཅོག་རོ་བ། །དཔལ་གཟུགས་མགོན་དང་སྣ་ནམ་ནམ་མཁའ་སྡེ། །བློན་པོ་སྟག་སྣ་གདོང་གཟིག་དང་བཅས་བདུན། །གསེར་ཕྱེ་བྲེ་གང་སྐྱེས་སུ་བསྐུར་ཏེ་བརྫངས། །…. བྲག་དམར་འོམ་བུ་ཚལ་དུ་མཇལ་འཕྲད་ཀྱི། །སྟ་གོན་བྱས་བཞིན་དེ་གར་ཕེབས་པའི་ཚེ། །རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ཐུགས་དགོངས་ལ། །ང་ནི་ས་བདག་རྒྱལ་བོ་ཡིན་པའི་ཕྱིར། །སློབ་དཔོན་ཆེན་པོས་ང་ལ་ཕྱག་འཚལ་སྙམ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །ང་ནི་རྣལ་འབྱོར་ཡོངས་ཀྱི་དབང་ཕྱུག་རྗེ། །བདུད་བཅོམ་སྡེ་བརྒྱད་བྲན་དུ་བཀོལ་ནུས་ཤིང༌། །རྒྱལ་བོས་གདན་དྲངས་འདི་རུ་བྱོན་པ་ལ། །སྔོན་དུ་རྒྱལ་བོས་ང་ལ་ཕྱག་འཚལ་དགོངས། །མཆོད་ཡོན་གཉིས་ཀ་ཕྱག་ལ་མ་འཆམས་པར། །ཅུང་ཟད་ལུས་ཚེ་སློབ་དཔོན་ཆེན་པོ་ཡིས། །གཞན་སྣང་ཟིལ་གྱིས་གནོན་པའི་མགུར་འདི་གསུངས། །ན་མོ་གུ་རུ། ཁྱེད་བོད་ཀྱི་མངའ་བདག་ཚུར་གསོན་དང༌། །ངས་ཁམས་གསུམ་སེམས་ཅན་འཆི་བར་རྟོགས། །ཡོ་ག་ཚེ་ཡི་རིག་འཛིན་གྲུབ། །ང་འཆི་མེད་པདྨ་འབྱུང་གནས་ཡིན། །རྡོ་རྗེ་ཚེ་སྒྲུབ་ཀྱི་གདམས་ངག་བདོག །སྣང་བ་སེམས་ཀྱི་དཀྱིལ་འཁོར་དུ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ། །ང་རྒྱལ་བོ་པདྨ་འབྱུང་གནས་ཡིན། །ཁམས་གསུམ་དབང་སྡུད་ཀྱི་གདམས་ངག་བདོག །…. ཁྱོད་མངའ་ཐང་ཆེ་བ་གློ་བ་དགའ། །ངས་བོད་ཀྱི་རྗེ་ལ་ཕྱག་མི་འཚལ། །འཚལ་ཡང་ཕྱག་སྣ་མི་ཐེག་ཅེས་གསུངས་ནས། །ཕ་འོང་ཞིག་ལ་ཕྱག་འཚལ་ཚུལ་མཛད་པས། །ཕ་འོང་ཞིག་ཅིང་རྒྱལ་བོའི་ན་བཟའ་ཡང༌། །ཕུད་ནས་ཡོད་པར་ཕྱག་འཚལ་ཚུལ་མཛད་པས། །ན་བཟའ་ཀུན་ཚིག་རྒྱལ་བོ་སྐྱེངས་གྱུར་པར། །རྗེ་འབངས་འཁོར་བཅས་སྐྲག་ནས་སློབ་དཔོན་ལ། །ཕྱག་འཚལ་ཞབས་ཀྱང་སྤྱི་བོར་བླངས་”ཞེས་གསུངས་པ་ལྟར།
དེ་ལྟར་རྒྱལ་བོས་ཐབས་སྣ་ཚོགས་ཀྱིས་ཆོས་བྱེད་པར་བཀའ་བགྲོས་ཏེ་སླར་ཡང་གསལ་སྣང་མཁན་ཆེན་གདན་འདྲེན་པར་བཏང་བ་དང༌། ཨོ་རྒྱན་ཆེན་པོ་སྤྱན་འདྲེན་པར་སེང་མགོ་ལྷ་ལུང་གཟིགས་སོགས་བཀས་བསྐུལ་བ་ཡིན་ལ། རྦ་བཞེད་ལས་མཁན་ཆེན་གྱིས་སློབ་དཔོན་དང་ས་དཔྱད་པ་བཅས་སྤྱན་དྲངས་ཏེ་མང་ཡུལ་དུ་ཕེབས་ཡོད་པར་བསྟན་ཡོད། ལོ་རྒྱུས་མང་དག་ལས་མཁན་པོ་བོ་དྷི་ས་ཏྭས་ཆོས་རྒྱལ་ལ་སློབ་དཔོན་ཆེན་པོ་གདན་དྲངས་དགོས་ཚུལ་གླེང་དུས་བཙན་པོས་“གདན་འདྲོང་ངམ་”ཞུས་པར། མཁན་པོས་“སྔོན་བྱ་རྫི་མའི་བུ་སྤུན་བཞིས་བལ་ཡུལ་དུ་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ནས་མཐའ་འཁོབ་འདུལ་བའི་ཕྱིར་རྒྱལ་བོ་དང༌། འདུལ་འཛིན། སྔགས་མཁན། ཕོ་ཉར་སྨོན་ལམ་བཏབ་པ་རིམ་བཞིན་ད་ལྟ་རྒྱལ་བོ་ཉིད་དང༌། ང་དང༌། པདྨ་སམྦྷ་ཝ། རྦ་གསལ་སྣང་བཅས་ཡིན་པས་སློབ་དཔོན་ཆེན་པོ་གདན་འདྲོངས་”པར་གསུངས་ཏེ་ལུང་བསྟན་པ། བཙན་པོ་ཐུགས་སྒམ་པས་རྨི་ལམ་དུ་བྱུང་བ་སྐད་བགྱིས་ནས་རྦ་གསལ་སྣང༌། སེང་མགོ་ལྷ་ལུང་གཟིགས་ལ་གཡོག་ཏུ་རྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིདྡྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་གྱི་སེང་གེ་དང་ལྔ་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་སློབ་དཔོན་གྱིས་མཁྱེན་ཏེ་བལ་ཡུལ་ཡང་ལེ་ཤོད་ནས་རྫུ་འཕྲུལ་གྱིས་མང་ཡུལ་གུང་ཐང་དུ་བྱོན། ཕོ་ཉ་བ་རྣམས་ཀྱིས་མཇལ་བས་སྐུ་ལ་མོས་པ་ཐོབ། ཕྱག་རྟེན་གྱི་གསེར་ཕྱེ་བསྐུར་བ་རྣམས་ཕུལ་བ་ཁོང་གིས་ཕྱོགས་སོ་སོར་གཏོར་ཏེ་དེར་གསེར་ཁ་འབྱུང་བར་བྱིན་གྱིས་བརླབས། ཕོ་ཉ་བ་དག་ཕངས་སེམས་སྐྱེས་པ་ལ། “ཐུ་བ་བཟེད་ཅིག་”གསུངས་ཏེ་རྡོ་དང་གསེག་མ་རྣམས་ལ་མཁར་སིལ་བསྣུན་ཏེ་བླུགས་པ་ཚང་མ་གསེར་དུ་གྱུར། མང་ཡུལ་གྱི་རི་གཡས་གཡོན་སྤོ་བའི་རྫུ་འཕྲུལ་བསྟན་པས་ཁོང་རྣམས་རབ་ཏུ་དད་དེ་གཤེགས་པར་གསོལ་བ་ན་“ངས་ལྷ་འདྲེ་རྣམས་འདུལ་ཞིང་ཕྱི་ལ་འོང༌། མངལ་སྐྱེས་ཀྱིས་ལྷ་འདྲེའི་ཟེར་མི་ཐུབ་པས་སྔོན་ལ་སོང་ཞིག་”གསུངས་ཏེ་བྱིན་གྱིས་བརླབས་ནས་བཏང༌། སློབ་དཔོན་གྱིས་ཟླ་བ་གསུམ་ཙམ་དུ་བལ་ཡུལ་དུ་མི་མ་ཡིན་མང་བོ་དམ་ལ་འདོགས་པ་དང་གཏེར་སྦས་པ་སོགས་མཛད། དེ་ནས་སླར་ཡང་རྒྱལ་བོས་གནུབས་ནམ་མཁའི་སྙིང་བོ་སོགས་གདན་འདྲེན་དུ་བཏང༌། ཞང་ཞུང་གི་ལྷ་མུ་ཙ་མེན་གྱིས་རི་བར་དུ་བཅར་བར་བྱས་པ་གསེག་ཤང་གི་ཡུ་བ་བསྣུན་པས་རི་ཕན་ཚུན་ཕྱེ་སྟེ་སློབ་དཔོན་སྟེང་གི་ནམ་མཁའ་ལ་བྱོན། གངས་དཀར་མས་ཐོ་བཙམས་པ་སློབ་དཔོན་གྱིས་ལྟ་སྟངས་མཛད་པས་གངས་ཞུ་སྟེ་དཔལ་མཚོའི་ནང་དུ་བྲོས། སྡིགས་མཛུབ་བསྟན་པས་མཚོ་ཁོལ་ཏེ་ཀེང་རུས་སུ་ལྷགས་སོང༌། མཚོ་ཁར་ཡེར་བྱུང་བ་ལ་རྡོ་རྗེ་བསྣུན་པས་མིག་གཅིག་ཞར་ཏེ་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མ། ཞེས་བཏགས་པ་སོགས་ཁ་ལ་རོང་སྒོར་བརྟན་མ་བཅུ་གཉིས་⑥ཀྱིས་ཐོག་ཕབ་པ་ཕྱག་མཐིལ་དུ་ཆུ་བླུག་པ་ལྟར་བཟེད་པར་བྱས་ཏེ་བརྟན་སྐྱོང་ཡ་མ་ཆེ་རྣམས་དམ་ལ་བཏགས། འུ་ཡུག་ཏུ་རྡོ་རྗེ་ལེགས་པས་བསུས་ཤིང་མཆོད། གཉན་ཆེན་ཐང་ལྷ། གཉན་མཁར་ནག མལ་དྲོ་གཟི་ཅན། ཡར་ལྷ་ཤམ་པོ། རྨ་ཆེན་སྦོམ་ར་སོགས་ཀྱིས་རང་རང་གིས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་ཤིང་བསྟན་པའི་སྲུང་མར་བསྐོས། ཞེས་ལོ་རྒྱུས་ཁུངས་མ་དག་ལས་གསུངས་ཤིང༌། འདམསྙིང་དུ་ཉི་ཚེ་བའི་དམྱལ་བ་སོགས་ལ་སྙིང་རྗེ་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་བླ་མེད་དག་སློབ་དཔོན་ཆེན་པོའི་སྐྱེས་རབས་དག་ལས་ཤེས་པར་བྱ་བ་ལས། འདར་ཡི་གེས་འཇིགས་སོ། །གཞོང་པར་“གྲོ་ཐོབ་”གསུངས་ནས་ཆུ་མ་མཆིས་བྱས་པས་“ཆབ་དབྱུང་”གསུངས་ནས་གསེག་ཤང་གི་ཡུ་བ་ས་ལ་ཐམ་ཐམ་བརྒྱབས་པས་ཆུ་ཁ་ཕྱུངས་པ་ལ་གཞོང་པའི་ལྷ་ཆུར་གྲགས། སྙེ་འཕྲེང་དུ་“ངའི་གྲོ་རན་”གསུངས་པ་དང༌། “མཁར་ནག་གི་མཚོ་འདི་ལ་ཀླུ་བཙན་དྲག་པོ་འདུག་པས་འདུལ་ལོ་”གསུངས། “འདི་ཤིན་ཏུ་ཐུ་བ་ཞིག་འདུག་པས་འདུལ་བྱེད་ཅིག་བྱ་”གསུངས་ནས་བྲག་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་ཞིག་བསྐྱེད་པས་རང་བྱུང་དུ་བྱུང༌། ⑦དེ་ནས་ངམ་ཤོད་ལ་བྱོན། ཟུར་མཁར་འཕྲང་ལ་རྡོའི་མཆོད་རྟེན་ལྔ་མཛད། རྦ་བཞེད་དུ་མཁན་ཆེན་གྱིས་སློབ་དཔོན་གདན་དྲངས་ཏེ་མངའ་རིས་མང་ཡུལ་ནས་སྙེ་མོ་ཐོད་དཀར་གྱི་བར་དུ་ཆུ་ཐོག་ཏུ་གྲུ་རྫིང་ལས་ཕེབས་པར་བཤད་ཡོད། གང་ལྟར་རིམ་གྱིས་ཡར་ལུང་གཙང་བོའི་འགྲམ་ཟུང་མཁར་མདར་ཕེབས་པ་ན། རྒྱལ་བོ་དང་བཙུན་མོ། བློན་པོ། བོད་འབངས་སྐྱེ་བོ་ཕོ་མོ་ཡོངས་ཀྱིས་རྔ་དུང་གླུ་བྲོ་སོགས་གཟབ་རྒྱས་ཀྱི་བསུ་བ་དང་བཅས་ཏེ་ཕོ་བྲང་བྲག་དམར་དུ་གདན་དྲངས། བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་སོ། །
“ཕོ་བྲང་བྲག་དམར་བགྲིན་བཟང་ཞེས་བྱ་ན། །ཙི་ནའི་ལྷ་ཁང་གྷོ་འུ་དེ་ཤན་ལ། །དཔེར་བླངས་ལྷ་ཁང་གྲུབ་མ་ཐག་ཉིད་དུ། །སློབ་དཔོན་ཆེན་པོ་དེ་གར་གདན་དྲངས་ནས། །རབ་གནས་མངའ་གསོལ་མཛད་པའི་སྐབས་དེ་རུ། །རྒྱལ་བློན་འཁོར་བཅས་མ་བྱོན་གོང་རོལ་ཏུ། །སློབ་དཔོན་ཆེན་པོའི་ཞབས་འདེགས་བསྐོས་མི་ཚོས། །མཐོང་བར་མི་ལ་ཇི་ལྟར་བྱ་བ་བཞིན། །ལྷ་ཁང་ནང་གི་འདྲ་འབག་སྐུ་རྣམས་ཀུན། །རབ་གནས་སྟོན་མོ་བྱེད་པར་སྤྱན་དྲངས་པར། །བོད་རྣམས་ཡིད་མ་ཆེས་ཏེ་མཚན་མོའི་དུས། །སྒྲོན་མེ་ཁྱེར་ཏེ་བལྟས་པས་ལྷ་ཁང་ལ། །སྐུ་གཟུགས་གཅིག་ཀྱང་མེད་པར་ཡིད་ཆེས་ཐོབ། །ནངས་པར་བལྟས་ཚེ་ལྷ་རྣམས་སྔར་བཞིན་དུ། །བཞུགས་ནས་འདུག་པར་སློབ་དཔོན་ཆེན་པོ་ཡིས། །མཆོད་པ་མཛད་པའི་ལྷ་བཤོས་ཕུལ་བ་ཡང༌། །བཞེས་ཚུལ་མཛད་ཅིང་གསུང་མོལ་མཛད་རེས་སོགས། །དངོས་སུ་མཐོང་ཞིང་དེ་ཡི་ཉིན་མོར་ཡང༌། །སྤོས་དང་མར་མེ་རང་སྦར་རོལ་མོ་སྤྱི། །ཅོང་དང་བཅས་ཏེ་རང་སྒྲ་སྒྲོག་པ་བྱུང༌། །དར་འཕན་ལྔ་བཏགས་དེ་ཡང་ལྔ་བརྒྱར་འཕེལ། །རྒུན་འབྲུམ་སྙིམ་པ་གང་ཙམ་ཡོལ་གོ་རུ། །བླུགས་པ་དེར་འཚོགས་མི་རྣམས་ཐམས་ཅད་ཀྱིས། །ཟོས་ཀྱང་ཉུང་དུ་སོང་བར་མ་གྱུར་པར། །ཐམས་ཅད་ངོ་མཚར་བླ་ན་མེད་པ་སྐྱེས། །དེ་ཡི་ནངས་པར་གཟིམ་ལམ་བྱེད་པོ་བ། །ལྷ་ལུང་མཚོ་བཞེར་ལེགས་ཞེས་བྱ་བ་ཉིད། །པྲ་རྟེན་བྱས་ཏེ་ལྷ་མོ་འོད་ཟེར་ཅན། །ཕབས་ནས་དུས་གསུམ་ལེགས་ཉེས་དྲིས་པ་ལ། །བོད་ཀྱི་ལྷ་ཀླུ་མི་གསུམ་པ་རྣམས་ཀྱིས། །མིང་ནས་སྨྲོས་ཤིང་ཁྱད་པར་འཕང་ཐང་ལ། །ཆུ་ལོག་འདྲེན་མཁན་ཡར་ལྷ་ཤམ་པོ་དང༌། །དམར་བོ་རི་ལ་ཐོག་འབེབས་གཉན་ཐང་ལྷ། །མི་ནད་ཕྱུགས་ནད་གཏོང་མཁན་བོད་སྐྱོང་གི། །བརྟན་མ་བཅུ་གཉིས་དང་ནི་དེ་བཞིན་དུ། །སད་སེར་གཏོང་མཁན་གཉན་ཆེན་སྡེ་དགུ་རྣམས། །ཞེས་སོགས་རྒྱུ་རྐྱེན་ལེགས་ཉེས་གཏན་ཕབས་ནས། །….དེ་ནས་བོད་ཀྱི་རྒྱལ་བོ་འབངས་འཁོར་རྣམས། །ཡིད་ཆེས་ཕྱིར་དུ་ལྷ་འདྲེ་མ་རུངས་པ། །རགས་རིམ་ཙམ་ཞིག་མི་ལ་ཕབས་ནས་སུ། །བསྡིགས་ཤིང་གཟིར་བཞིན་ཆོས་བཤད་དམ་ལ་བཏགས། །རང་རང་སོ་སོས་སྲོག་སྙིང་ཆོ་གར་བཅས། །སློབ་དཔོན་ཉིད་ལ་ཕུལ་ནས་དམ་ཚིག་ཕོག །དེས་ཀྱང་མ་ཐུལ་པ་རྣམས་འདུལ་ཆེད་དུ། །སྦྱིན་བསྲེགས་ལན་གཉིས་མཛད་ནས་བྲན་དུ་བཀོལ། །བོད་ཁམས་སྲིན་མོ་གན་རྐྱལ་འདྲ་བ་ལ། །མེ་བཙའ་གདབ་པར་དགོས་རྣམས་མེས་པོ་མཆོག །སྲོང་བཙན་སྒམ་པོས་མཛད་ཟིན་ལགས་པས་ན། །ད་དུང་ཀྱང་ནི་འདི་འདྲ་བྱ་དགོས་ཞེས། །སྲིན་མོའི་མགོ་ལ་དེ་འུ་ནག་པོ་དགོས། །རྐང་ལག་བཞི་ལ་མཆོད་རྟེན་བརྒྱ་རྩ་བརྒྱད། །དགོས་ཞེས་གསུངས་བཞིན་སློབ་དཔོན་ཆེན་པོ་ཡིས། །སྤྲུལ་པ་བཀྱེས་ནས་གང་དམིགས་ས་གནད་དུ། །མཆོད་རྟེན་དགུ་བཅུ་རྩ་དགུ་བཞེངས་གྲུབ་པར། །ཟངས་ཀྱི་ག་འུ་དེ་མཉམ་ནང་དུ་ནི། །བྲམ་ཟེ་སྐྱེ་བ་བདུན་པའི་ཤ་རིལ་གྱིས། །གཏམས་ཏེ་མཆོད་རྟེན་སོ་སོའི་ནང་དུ་སྦས། །….དེ་ནས་བསམ་ཡས་ས་གཞི་དེ་ཉིད་ཀྱིས། །སྦོས་པ་བཞི་ལ་གཏར་ཁ་བཞི་དང་ནི། །འགྲམ་པ་བཞི་ལ་མེ་བཙའ་བཞི་བརྒྱབས་ནས། །རུས་སྦལ་མགོ་ལ་རྟ་མགྲིན་བཞེངས་སུ་བཅུག །དེ་ནས་ས་གཞི་བྱིན་གྱིས་བརླབས་པའི་ཕྱིར། །སློབ་དཔོན་ཧས་པོ་རི་ཡི་རྩེ་མོ་རུ། །བྱོན་ནས་གཟི་ཡི་ཡོལ་གོར་མཐེབ་ཀྱུ་ཞིག །ཆུ་ཡིས་བྲན་པར་བྱིན་བརླབས་མཛད་ནས་སུ། །ལྷ་འདྲེ་ཐམས་ཅད་མགུ་བར་བྱས་ནས་ནི། །དྲེགས་པ་ཟིལ་གྱིས་གནོན་པའི་མགུར་བཞེངས་ཤིང༌། །ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས། །ལྷ་ཁང་རྩིགས་ཤིག་ལྷ་འདྲེ་རྣམས། །གུམ་གུམ་ཆུམ་ཆུམ་ལས་ལ་འདུས། །ཞེས་པའི་དབང་སྡུད་ཟིལ་གནོན་གསུངས་འཕྲལ་དུ། །ལྷ་འདྲེ་ཡོངས་ཀྱིས་དེ་ལྟར་ཁས་ལེན་བྱས། །….དེ་ནས་སློབ་དཔོན་ཆེན་པོ་པདྨ་ཡིས། །བོད་ཀྱི་རྗེ་འབངས་ཡོངས་ལ་འདི་སྐད་གསུངས། །ད་ནི་ཁྱེད་རྣམས་ལྷ་ཆོས་སྒྲུབ་པ་དང༌། །གཙུག་ལག་ཁང་ཡང་ཤོལ་འགྱངས་མེད་པར་རྩིགས། །དེ་སྔོན་ལྷ་ཀླུ་མི་བསྲུན་པ་རྣམས་ཀུན། །ལན་གཉིས་དམ་འོག་བཅུག་ཀྱང་ད་དུང་ཡང༌། །ལན་ཅིག་ཅེས་ཀྱང་དམ་འོག་བཅུག་དགོས་ཞེས། །གསུངས་ནས་ཟུམ་བུ་རྐྱང་བུ་ཚལ་ཞེས་པར། །ཕེབས་པར་དེར་གནས་ཀླུ་རྣམས་བཏུལ་བའི་ཚེ། །མ་དྲོས་གཟི་ཅན་འདི་སྐད་ཅེས་པ་ཟློ། །ས་ཡི་སྟེང་ན་ཁྲི་སྲོང་ལྡེའུ་བཙན་ཉིད། །ཆེ་མོད་ས་འོག་དུ་ནི་ང་དབང་ཆེ། །ངེད་རང་གཉིས་པོ་མཐུན་གྲོགས་བྱས་གྱུར་ན། །རྒྱལ་བོའི་ལྷ་ཁང་བཞེངས་པའི་ཆ་རྐྱེན་དུ། །ངེད་ཀྱི་རིན་ཆེན་དང་བོ་དྲེ་འུའི་ཁལ། །བཅུ་བཞི་འབུལ་ཞེས་ཁས་བླངས་དམ་བཅས་ནས། །གསེར་ལེན་པ་ལ་གསེར་ཁུང་གླང་བོའི་སྣར། །ཤོག་ཅེས་ཟློ་བཞིན་སོང་བའི་དུས་དེ་རུ། །སྔོན་གྱི་ཆད་མདོ་ཇི་བཞིན་གསེར་ཕུལ་ཚེ། །བཞེས་ནས་རྒྱལ་བོའི་ཐུགས་དགོངས་འགྲུབ་པར་བྱས། །….དུས་དེར་བཙན་པོའི་དབུ་སྐྲ་འཁྲུ་སྐབས་ལ། །བབས་ཡོད་ཕྱིར་ན་སློབ་དཔོན་ཞི་བ་འཚོས། །རི་རབ་ཆེན་པོའི་བྱང་གི་ངོས་ཤིག་ན། །ཆུ་མིག་རྟག་ཏུ་སྣང་བ་ཞེས་བྱ་བ། །ཡོད་པ་དེ་ནས་ཆབ་བླངས་རྒྱལ་བོ་ཡི། །དབུ་སྐྲ་བཀྲུས་ན་སྐུ་ཚེ་རིང་བ་དང༌། །རིགས་རྒྱུད་འཕེལ་ཞིང་ཆབ་སྲིད་རྒྱས་སོགས་ཀྱི། །ཕན་ཡོན་མང་བོ་ཡོད་ཕྱིར་ཆབ་དེ་ཉིད། །བླངས་པར་སུ་ཡིས་རྔོ་ཐོགས་དྲིས་པ་ན། །སུས་ཀྱང་ཁས་ལེན་མ་ནུས་དེ་ཡི་ཚེ། །སློབ་དཔོན་ཆེན་པོས་ནུས་སམ་ཞེས་མོལ་བས། །ཨོ་རྒྱན་ཆེན་པོས་གསེར་གྱི་བུམ་པ་ཞིག །དར་གྱི་ཁ་བཅད་ནམ་མཁར་འཕངས་པ་ཡིས། །ཇེ་མཐོ་ཇེ་མཐོར་སོང་ནས་མི་སྣང་བར། །ཇེ་ཞིག་ལྟར་ཏེ་གསེར་གྱི་བུམ་པ་དེ། །སློབ་དཔོན་མདུན་དུ་ཁྲོང་གིས་བྱུང་ཙ་ན། །བུམ་པའི་ཆུ་དེས་བཙན་པོའི་དབུ་ཁྲུས་ཞེས། །གསུངས་ནས་བློན་པོ་རྣམས་ལ་གཏད་པའི་ཚེ། །བུམ་པ་ཁ་ཕྱེས་ནང་དུ་བལྟས་པས་ན། །ཆུ་མདོག་སྐྱ་ལ་ཉོག་པ་བུམ་པའི་ནང༌། །བཀང་བར་བལྟས་ནས་ཐེ་ཚོམ་ཆེར་ཟོས་ཏེ། །འདི་ནི་མོན་གྱི་སྨྱོ་ཆུ་ཡིན་ངེས་པས། །ཕོས་ཤིག་ཟེར་ནས་ཕོས་པས་དོན་མེད་གྱུར། །གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །གྲུ་གུའི་རྒྱལ་བོའི་ནང་མཛོད་མཆོག་གི་རྫས། །བཙུན་མོ་གྱིམ་ཤང་ཀོང་ཇོའི་ཨ་དརྴ། །བལྟས་པ་ཙམ་གྱིས་མངོན་ཤེས་འཆར་ནུས་པ། །དེ་དང་རྒྱ་གར་ཝཱ་ར་ན་སི་ཡི། །མཆོད་རྟེན་ནང་ནས་དེ་བཞིན་གཤེགས་པ་ཡི། །རིང་བསྲེལ་ཡོད་པ་རྫུ་འཕྲུལ་མཐུས་བླངས་ཏེ། །རྒྱལ་བོར་གཏད་པ་ལ་སོགས་མང་དུ་ཡོད། །དེ་ནས་རྒྱལ་བོ་ཆེན་པོ་འབངས་འཁོར་ཡང༌། །ལས་དང་སྐལ་བར་ལྡན་པའི་རིགས་རྣམས་ལ། །གསང་སྔགས་དབང་གི་རིམ་པ་འདི་བཞིན་བསྐུར། །བར་ཆད་བཟློག་ཕྱིར་རྡོ་རྗེ་ཕུར་བ་དང༌། །སྒྲིབ་པ་སྦྱོང་ཕྱིར་རྡོ་རྗེ་དབྱིངས་ཀྱི་དབང༌། །དངོས་གྲུབ་བསྒྲུབ་ཕྱིར་ཡང་དག་གསུམ་གྱི་དབང༌། །བསྐུར་ནས་ལས་དང་སྐལ་བ་ལྡན་པར་བྱས། །རྨ་གཉགས་གཉིས་ཀྱི་ལོ་ཙཱ་བྱས་ནས་སུ། །གསང་སྙིང་དང་ནི་ཐབས་ཀྱི་ཞགས་པའི་རྒྱུད། །མ་མོ་དང་ནི་གཤིན་རྗེའི་རྒྱུད་དང་ནི། །པདྨ་དབང་ཆེན་དང་ནི་ཕུར་བའི་རྒྱུད། །བསྐུར་ནས་དར་ཞིང་རྒྱས་པར་བྱས་པའོ། །དེ་ཡང་རོང་ཟོམ་མ་ཧཱ་པཎྜི་ཏས། །རིག་འཛིན་གྲལ་ཐོབ་པདྨ་འབྱུང་གནས་དེ། །རྒྱལ་བོས་སྤྱན་དྲངས་ཆོས་འཁོར་ས་གཞི་བཏུལ། །བོད་ཀྱི་ལྷ་འདྲེ་རྣམས་ཀྱང་དམ་ལ་བཏགས། །རྒྱལ་བློན་འབངས་རྣམས་གཞན་གྱིས་གདུལ་དཀའ་བས། །བསྟན་པ་རིན་ཆེན་ཚུགས་པའི་ཆ་རྐྱེན་དུ། །སྙིང་ཞབས་མ་གཤིན་པདྨ་ཕུར་བུ་བསྒྱུར། །དེ་ཡི་ཡན་ལག་ཕྲིན་ལས་རྣམ་བཞི་ལ། །འཇམ་དཔལ་ཆེ་མཆོག་དབང་ཆེན་ཕུར་བུ་བཞི། །བསྟན་པ་སྲུང་ཕྱིར་ལས་ཀ་བཞི་བརྒྱ་དང༌། །རྩ་བཞི་དག་ཏུ་ཕྱེས་ནས་བཞག་པ་ཡིན། །ཞེས་གསུངས་ཇི་བཞིན་འགལ་སྤོང་རྣམ་དག་ལགས། །བོད་ཀྱི་རྗེ་འབངས་བཙུན་མོ་བཅས་པ་ཀུན། །ཕྲ་མ་སྔ་བཙན་ལ་དགའ་དེའི་གཉེན་པོར། །འཇམ་དཔལ་སྐུ་དང་པདྨ་གསུང་དང་ནི། །ཐུགས་མཆོག་རྡོ་རྗེ་གཞོན་ནུ་ཡོན་ཏན་ཡང༌། །ཆེ་མཆོག་མ་མོ་རྦོད་གཏོང་རྣམ་བཞི་ཡི། །སོ་སོའི་མན་ངག་ལས་སྦྱོར་བཞི་བརྒྱ་དང༌། །རྩ་བཞི་མཛད་ཅིང་ཁྱད་པར་དེར་ལྷག་པའི། །ཏནྟྲ་བཅོ་བརྒྱད་སྡེ་ལས་ཁོལ་བྱུང་བའི། །མན་ངག་མང་བསྒྱུར་རྒྱུད་ལ་ལྟོས་པ་ཡི། །ཡི་གེ་མང་མཛད་རྒྱལ་བློན་བཙུན་མོ་དང༌། །འབངས་བཅས་ཆོས་ལ་བསྐུར་བར་བྱ་ཕྱིར་དུ། །གདམས་ངག་དད་བསྐྱེད་སྒྲོན་མ་ཞེས་བྱ་མཛད། །དེ་རྣམས་ཟླ་དྲུག་ཁོང་དུ་ཚར་བར་བྱས། །….སློབ་དཔོན་ཆེན་པོས་རྒྱལ་བོར་འདི་སྐད་གསུངས། །བཙན་པོ་ཁྱོད་ཀྱི་ཡུལ་འདི་བཟང་བོ་རུ། །སྒྱུར་ཐབས་མཆིས་པས་དེ་བཞིན་འཚལ་ལམ་གསུངས། །རྒྱལ་བོས་ཉིད་ཀྱིས་གང་དང་ཅི་མཆིས་ཞུས། །སློབ་དཔོན་ཞལ་ནས་ངམ་ཤོད་བྱེ་མ་ཚལ། །ནེ་འུ་གསིང་དུ་བསྒྱུར་ནས་བཟང་བོ་བྱེད། །གྲ་དོལ་དང་ནི་སྟག་ལ་ཤར་ནུབ་དང༌། །ཡུལ་བོ་ཆེ་ཚུན་རྣམས་སུ་ཆུ་མེད་པར། །ཆུ་འདོན་གྲམ་པ་དང་ནི་བྱེ་གསེག་རྣམས། །སྤང་ལྗོངས་དག་ཏུ་བསྒྱུར་ནས་ཞིང་ས་རུ། །བྱས་ནས་ལོ་ཐོག་བསྐྱེད་ཅིང་བོད་རྣམས་ཀྱི། །འཚོ་བ་ཕུན་སུམ་ཚོགས་པའི་ཐབས་བྱེད་དོ། །དེ་བཞིན་རྒྱལ་ཆེན་རྣམ་ཐོས་སྲས་པོ་ལས། །ནོར་བླངས་སྟོབས་ཀྱིས་འཛམ་བུ་གླིང་མཆོག་གི། །དཀོར་ནོར་ཡོད་དོ་ཅོག་གི་འབྱུང་གནས་ཆེ། །བོད་ཡུལ་དབུས་འདིར་འོང་བའི་ཐབས་ཀྱང་བྱེད། །གཙང་བོ་ས་ཡི་རུམ་དུ་སྦ་བར་བྱ། །རྒྱ་གར་ཡུལ་དུ་འདི་ལས་ཆེ་བའི་ཆབ། །ས་ཡི་འོག་ཏུ་སྦས་པས་འདི་ཡང་སླ། །རྒྱ་ཧོར་ལ་སོགས་མཐའ་ཡི་རྒྱལ་བོ་རྣམས། །དབང་དུ་བསྡུས་ནས་བཀའ་ལ་ཉན་པར་བྱེད། །དེ་སོགས་བཀའ་མཆིད་རྒྱ་ཆེར་གསུངས་པ་ལ། །ད་ལྟར་འོང་ངམ་མི་འོང་དོགས་སེལ་ཕྱིར། །མཛད་པར་ཞུས་པས་དཀྱིལ་འཁོར་བཞེངས་ནས་སུ། །སྔ་དྲོ་ཞིག་ལ་དགོངས་པར་བཞུགས་པ་ལ། །བྲག་དམར་ཞེས་པའི་སྐམ་ས་ཞིག་ཏུ་ནི། །ཆུ་མིག་བརྡོལ་བར་ཆུ་རྫིང་ཞེས་སུ་བཏགས། །ད་དུང་མཛད་དགོས་ཞུས་པས་བྲག་དམར་གྱི། །མཚོ་མོ་མགུལ་ཞེས་སྔ་ཆད་བྱེ་མའི་ཐང༌། །ཡིན་པར་དགོངས་ནས་བྱིན་གྱིས་བརླབས་པ་ལ། །སྤང་ལྗོངས་ནེའུ་གསིང་སྔོན་པོས་མཛེས་པར་བྱས། །དེ་ཡི་ཕྱི་དྲོ་གླ་བའི་གདོང་བྲག་ཏུ། །ནགས་ཚལ་ཆེན་པོ་སྐད་ཅིག་ཉིད་ལ་བྱུང༌། །མིང་དུ་ཀླུ་ཡི་ཚལ་ཞེས་བྱ་བ་རུ། །བཏགས་པའི་སང་ཉིན་དགོངས་པ་མཛད་པའི་ཚེ། །ཟུང་མཁར་ལུང་བར་ཕུ་ཆུ་མེད་པ་ལ། །ཕུ་ཆུ་ཆེར་བྱུང་ཞིང་ས་གང་དགའ་ཨང༌། །དགོངས་ཚེ་སྟག་ལ་ཤར་གྱི་ཡུལ་སྐེད་དུ། །ཆུ་བྱུང་མོད་ལ་མཛེ་ཕོ་ཞིག་གིས་ནི། །ཆུ་དེ་བརྒལ་བར་མཛེ་ཕོ་རབ་ཏུ་གྲགས། །དེ་ཡི་ཡུལ་གྱི་ཕུ་ནས་གཙང་གི་ཆུ། །སྦུབས་སུ་དྲངས་པ་བྲག་གི་འོག་ཞིག་གིས། །དངོས་སུ་ཐོན་སོགས་སློབ་དཔོན་ཆེན་པོ་ཡི། །དགོངས་པ་བར་དུ་གཅོད་པ་མ་བྱས་ན། །ཆུ་རྒྱུན་འབད་མེད་འབྱུང་བར་ངེས་གྱུར་ཡང༌། །བློན་པོ་ངན་པས་བར་ཆད་བྱས་སྐྱོན་གྱིས། །ཆུ་རྒྱུན་འགགས་ཀྱང་བྲག་འོག་ཆུ་དེའི་མདོག །གཙང་བོའི་མདོག་འདྲ་འོང་བ་ཕྱོགས་དེར་གྲགས། །དེ་ཕྱིན་ཡུལ་དེ་ཆུ་སྦུབས་གཞུང་དུ་བཏགས། །ཡུལ་བོ་ཆེ་རུ་ཆུ་རྒྱུན་འབད་མེད་བྱུང༌། །དེ་བཞིན་སློབ་དཔོན་གསུངས་རྣམས་འཕྱུགས་མེད་ཀྱང༌། །བློན་རྣམས་འདུན་ས་ཆུང་ངུར་གྲོས་བྱས་ཏེ། །ཞིང་ནི་ཡར་ཀླུངས་སོགས་ཀྱིས་ཆོག་གྱུར་ཡང༌། །སྔགས་མཁན་འདིས་ནི་བོད་ཡུལ་ལུང་བ་འདི། །བཟང་བོ་བྱས་ནས་རྒྱ་གར་རྒྱལ་འབངས་ལ། །གཏོད་དུ་འདོད་པ་ཡིན་པས་ད་ནས་ནི། །བྱ་བ་འདིའི་འཕྲོ་ཆོད་ལ་མོན་བུ་འདི། །རང་གི་ཡུལ་དུ་བརྫངས་ན་འཐད་ཅེས་པར། །བློན་པོ་དབང་ཆེན་རྣམས་ཀྱིས་གྲོས་འཆམ་ནས། །ཆོས་རྒྱལ་རྗེ་ལ་ཞུ་བ་འདི་བཞིན་ཕུལ། །མོན་བུ་འདི་ནི་བོད་ཡུལ་འདིར་ཆེ་ཞིང༌། །རྒྱལ་བོ་ཆོས་ལ་བློ་གཏད་ཆེ་ཐལ་བས། །ཆབ་སྲིད་རྒྱ་གར་བ་ཡིས་འཕྲོགས་ངེས་ན། །སློབ་དཔོན་སྔགས་མཁན་ཉིད་ལ་མཁོ་དགུའི་ནོར། །ཕུལ་ནས་རྒྱ་གར་ཡུལ་དུ་བཞུད་ཆུག་ཅེས། །ཡང་ཡང་ཞུ་བ་ཕུལ་ཞིང་སློབ་དཔོན་ལའང༌། །བློན་པོ་རྣམས་ཀྱིས་དེ་ལྟར་ཞུས་པ་ལ། །བཙན་པོ་ཐུགས་མ་བདེ་བཞིན་སློབ་དཔོན་ལ། །གསེར་བྱེ་བྲེ་གང་ཕུལ་ནས་ཕྱག་འཚལ་ཞིང༌། །བསྐོར་བ་བྱས་ནས་རྒྱུ་མཚན་དྲང་ཞུས་པས། །སློབ་དཔོན་ཞལ་ནས་རྒྱལ་བོར་འདི་སྐད་གསུངས། །ང་རང་གསེར་འཚོལ་ཕྱིར་དུ་བོད་ཡུལ་འདིར། །འོང་བ་མ་ཡིན་མཐའ་འཁོབ་ཡུལ་འདི་ཡི། །འདྲེ་སྲིན་གདུག་པ་ཅན་རྣམས་བཏུལ་ནས་སུ། །དམ་ཆོས་དར་བར་བྱས་ཤིང་བོད་ཀྱི་ཡུལ། །བདེ་བར་བཀོད་ཕྱིར་འོང་བ་མ་གཏོགས་པའི། །གསེར་འདོད་ན་ནི་འདི་བཞིན་བྱས་ཆོག་མོད། །གསུངས་ནས་ཉེ་སྐོར་དེར་ཡོད་བྱེ་མ་དང༌། །རྡོ་ལ་རེག་ཚད་གསེར་དུ་བསྒྱུར་བྱས་ཤིང༌། །བཙན་པོ་བསོད་ནམས་ཐོབ་ཕྱིར་འཁྱོར་གང་ཙམ། །བླངས་ནས་རྒྱ་གར་རྡོ་རྗེ་གདན་མཆོག་ལ། །མཆོད་པ་འབུལ་བའི་ཆ་རྐྱེན་བྱའོ་གསུངས། །གསེར་གྱི་ལྷག་མ་བཙན་པོར་ཕྱིར་གཏད་ནས། །བཟང་སེམས་བྱུར་གྱི་སྣ་འདྲེན་ཡིན། །སྙིང་རྗེ་རྒས་པ་ཞེ་སྡང་རྒྱུ། །རྗེ་ཡི་ཁ་ལོ་བློན་གྱིས་བསྒྱུར། །བོད་ཀྱི་འདྲེ་བློན་གདུག་པ་ཅན། །སེམས་ཅན་ལས་ངན་སྤྱོད་པ་ལ། །རྒྱལ་བ་རྣམས་ཀྱིས་འདུལ་ཐབས་རྡུགས། །ཞེས་གསུངས་བློན་པོ་རྣམས་ཀྱིས་འདོད་ཁར་བཏང༌། །རྒྱལ་བར་ཆོས་དང་གདམས་པ་མང་གནང་ཞིང༌། །ཁྱད་པར་རྗེ་བངས་ཉི་ཤུ་རྩ་གཅིག་ལ། །རྫོགས་ཆེན་མན་ངག་ལྟ་བའི་ཕྲེང་བ་གསུངས། །རྒྱལ་རྒྱུདམངའ་ཐང་དར་ཞིང་འཕེལ་ཆེད་དུ། །སྦྱིན་སྲེག་དང་ནི་ལྷ་ཀླུ་དམ་འདོགས་ལས། །གསུམ་པ་དགོས་རྒྱུ་དེ་ཡང་མ་གྲུབ་ཤོལ། །འོན་ཀྱང་མ་འོངས་འབྱུང་འགྱུར་དུས་མཁྱེན་བཞིན། །སློབ་མ་རྣམས་ལ་གདམས་ངག་མང་བོ་དང༌། །ཆོས་དང་ནོར་དང་དྲག་སྔགས་སྨན་རྩིས་བཅས། །གཏེར་ཁ་ཆེན་པོ་བརྒྱ་དང་རྩ་བརྒྱད་སོགས། །སྦས་མཐར་སྨོན་ལམ་གཏད་རྒྱ་འདི་བཞིན་བྱས། །བདག་དང་གཏན་པ་མེད་པའི་སྦྱིན་བདག་རྣམས། །ཚེ་རབས་འདི་དང་ཚེ་རབས་གཞན་ཡང་རུང༌། །འོག་མིན་ཞེས་བྱའི་གནས་མཆོག་དམ་པ་རུ། །རྣལ་འབྱོར་ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་སོགས་སྨོན་ལམ་མཛད་ཅིང་དད་ལྡན་ཚོར། །ཞལ་གྱི་གདམས་པ་མང་དུ་གསུངས་ནས་ཀྱང༌། །དུས་དེ་ཉིད་ལ་ཡར་ལ་གཤེགས་ཚུལ་གྱིས། །རུ་ལག་ནས་བརྒྱུད་འབྱོན་ལམ་རིམ་བཞིན་དུ། །བགྲོད་ཚེ་ཆིབས་ཁྲིད་ཏི་གུ་སྣང་གོང་དང༌། །ཉང་བཟང་ཞེས་པའི་དད་ལྡན་བློན་ཟུང་གིས། །མང་ཡུལ་གུང་ཐང་བར་དུ་བསྐྱལ་བརྫུས་ཚེ། །འདྲེ་བློན་གདུག་པ་ཅན་རྣམས་མཆིད་ན་རེ། །སྔགས་མཁན་ནུས་ལྡན་དེ་ཉིད་མ་བསད་ན། །….དེ་རྣམས་རྒྱུ་མཚན་ཇི་ལྟར་ཡིན་ཞེ་ན། །བོད་ཀྱི་བདུད་བློན་ནག་པོ་རྣམས་ཀྱི་ངོར། །རེ་ཞིག་གཤེགས་པའི་རྫུ་འཕྲུལ་བསྟན་མོད་ཀྱང༌། །གཏན་དུ་གཤེགས་པ་མ་ལགས་མཆོད་ཡོན་ཟུང༌། །ལྐོག་ཏུ་བགྲོས་ནས་བཙན་པོ་མ་གཤེགས་པར། །སློབ་དཔོན་བཞུགས་པའི་ཆད་མདོ་ཡོད་པ་བཞིན། །གཞོ་སྟོད་ཏེ་སྒྲོ་མཁའ་འགྲོའི་ཚོགས་ཁང་དུ། །སློབ་དཔོན་སྐུ་དངོས་བྱོན་ནས་མཁའ་འགྲོ་ཡི། །གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཉིད་ལ་ནི། །རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གདམས་པ་རྣམས། །གསུངས་ནས་བླུན་སྒོམ་ཡིད་བྱེད་དང་ཕྲལ་བཞིན། །རྒྱལ་བའི་དགོངས་པ་མངོན་སུམ་རང་ཐོག་ཏུ། །གཏན་ལ་ཕབས་ནས་སྨིན་ཅིང་གྲོལ་བར་བྱས། །དེ་ཡང་བསམ་ཡས་ས་འདུལ་མེ་སྟག་ལོར། །བྱས་ཞེས་གྲགས་པ་མ་ནོར་ཚད་མ་ཡིན། །དེ་དག་གསང་སྔགས་བབས་བདུན་བྱུང་བ་ལས། །ཐོག་མ་སློབ་དཔོན་ཆེན་པོའི་དུས་ཡིན་ནོ། །”ཞེས་གསུངས་པ་ལྟར།
དེར་སང་ཤིས་སློབ་དཔོན་ལ་བྲག་དམར་མགྲིན་བཟང་གི་ལྷ་མངའ་གསོལ་བར་ཞུས་ཤིང་རྒྱལ་བོའི་གནང་ཆེན་གཟིམ་མལ་བ་ཀུན་ཀྱང་མཆིས་པ་ན། སློབ་དཔོན་པདྨས་ལྷ་མངའ་གསོལ་བས་ལྷ་ཁང་སོ་སོའི་ལྷ་རྣམས་དེར་དངོས་སུ་ཕེབས། ནམ་ཕྱེད་ན་བློན་པོ་རྣམས་ཀྱིས་མར་མེ་ཁྱེར་ནས་བལྟས་པས་འཇིམ་གཟུགས་གཅིག་ཀྱང་མེད་དེ་སྟོངས་པར་སོང་འདུག ནངས་པར་བལྟར་ཕྱིན་པས་འཇིམ་གཟུགས་ཐམས་ཅད་སྔ་མ་ཁོ་ན་བཞིན་ནང་ན་བཞུགས་ཏེ། སློབ་དཔོན་པདྨས་མཆོད་པ་བྱེད། ལྷ་རྣམས་གཏམ་སྨྲ་བ་དང་བཤོས་གསོལ་བ་མཐོང་ཞིང༌། མར་མེ་ཐམས་ཅད་རང་འབར་དང༌། རོལ་མོ་ཐམས་ཅད་རང་འཁྲོལ། སྤོས་ཐམས་ཅད་རང་བསྲེག་ཅིང་འཐུལ། འཕན་ལྔ་བཏགས་པ་ལྔ་བརྒྱར་འཕེལ། ཅོང་རང་བརྡུང་ཞིང་འཁྲོལ། རྒུན་འབྲུམ་རྡོག་པོ་སྙིམ་པ་ཙམ་དེ་སུས་ཀྱང་འཚལ་བར་རྔོ་མ་ཐོགས། དེའི་ནངས་པར་སློབ་དཔོན་གྱིས་རྒྱལ་བོའི་གཟིམ་མལ་བ་ལྷ་ལུང་འཚོ་གཞེར་སྙན་ལེགས་སོགས་ལ་པྲ་རྟེན་བགྱིས་ཏེ། པྲ་སེ་ན་ཏ་ཕབས་ཏེ་སྨྲར་བསྩལ་པས་བོད་ཀྱི་ཀླུ་མ་སྲུན་པ་རིལ་གྱི་མིང་སྨྲས་ཏེ་འཕང་ཐང་དུ་ཆུ་འབེབས་མཁན་ཤམ་པོ། ལྷ་སར་ཐོག་འབེབས་པ་ཐང་ལྷ། མུ་གེ་དང་ལོ་ཉེས་མི་ནད་གཏོང་བ་བརྟན་མ་བཅུ་གཉིས་ཡིན་པ་སོགས་རྫོགས་པར་སྨྲས། དེའི་ཕྱི་ཉིན་ཕ་མ་བུ་ཚ་མེས་ཕྱི་ཚང་བ་བཅུ་གསུམ་ཙམ་བསགས་ནས་པྲ་རྟེན་མཛད་དེ་རྒྱལ་བོ་བཞིའི་པྲ་ཕབ། གནོད་སྦྱིན་མེ་ལྷའི་ཞལ་མངོན་སུམ་དུ་བསྟན། ལྷ་ཀླུ་མ་རུངས་པ་དངོས་སུ་མི་ལ་ཕབ་ནས་པདྨ་སམྦྷ་ཝས་བསྡིགས་ཤིང་གཟེར། དཀར་བོ་ལ་ཆོས་བཤད་ནས་དམ་ལ་འདོགས་པ་ནི་བོ་དྷི་ས་ཏྭས་མཛད། དེས་མ་ཐུལ་བ་པདྨ་སམྦྷ་ཝས་སྦྱིན་སྲེག་མཛད། དེ་ལྟར་ལན་གཉིས་བགྱིས་ཏེ་སློབ་དཔོན་པདྨས་“ད་དུང་ལན་གཅིག་གྲུབ་ན་སླན་ཆད་ལྷ་ཆོས་ཅི་བདེར་མཛད་ནུས་”སོགས་གསུངས། ཀླུ་གཟི་ཅན་གྱིས་རྒྱལ་བོ་ལ་གྲོགས་བྱས་ཏེ་གསེར་ཁལ་བཅུ་བཞི་ཕུལ། དེ་ནས་པདྨ་སམྦྷ་ཝས་“ད་དུང་སྦྱིན་སྲེག་ཅིག་བགྱིའོ་”གསུངས་པ་དང༌། བཙད་པོས་དབུ་འཁྲུ་བར་བཞེད་པ་ལ། མཁན་པོ་བོ་དྷི་ས་ཏྭས་“རི་རབ་ཀྱི་བྱང་ངོས་ན་ཆུ་མིག་རྟ་རྣ་བྱ་བ་ཡོད། དེ་ནས་ཆུ་བླངས་ཏེ་དབུ་བསིལ་ན་རྒྱལ་བོ་སྐུ་ཚེ་ཡང་རིང༌།ལྷ་སྲས་རིགས་རྒྱུད་ཀྱང་འཕེལ། ཆབ་སྲིད་ཆེ། དགོས་རྒུ་ཡང་འགྲུབ་པས་ཆུ་དེ་སུས་ལེན་ནུས་”གསུངས་པ་རྒྱལ་བོའི་སྙན་དུ་གསན་ནས་བསྒྲགས་པའི་སར་མཁན་པོ་པདྨ་སམྦྷ་ཝའི་ཞལ་ནས་“དེ་ངས་རྔོ་ཐོགས་”གསུངས་ནས་ག་ཤའི་འོག་ནས་གསེར་གྱི་བུམ་པ་དར་དཀར་གྱིས་ཁ་བཅིངས་པར་སྔགས་བཏབ་སྟེ་ནམ་མཁར་འཕངས་པས་བར་སྣང་ལ་ཇེ་མཐོར་སོང་ཞིང་རིང་བོར་མ་ལོན་པར་སེར་རྒྱང་གིས་སློབ་དཔོན་གྱི་པང་དུ་བྱུང༌། ཁ་ཕྱེས་པས་ཆུ་འོ་མ་འདྲ་བས་གང་འདུག “དེས་དབུ་ཁྲུས་”ཞེས་བློན་པོ་ཚོར་གཏད་ནས་འདུན་སར་བྲིམས་པ་ན། འདུན་ས་ཆུང་ངུ་ནས་“འདི་ནི་མོན་གྱི་སྨྱོ་ཆུ་ཡིན་པས་སྐུའི་རིམ་གྲོར་མི་སྨན་པས་ཕོ་ལ་ཐོངས།” ཞེས་པའི་ལུང་ཕོག་པས་མ་མཆིས་པ་ལྟར་བགྱིས། སྦྱིན་སྲེག་རྗེས་མ་ཡང་མ་གྲུབ་པར་ལོ་རྒྱུས་ཀུན་ཞལ་འཆམ། དེ་ནས་སློབ་དཔོན་པདྨས་“བོད་རྣམས་རྗེས་སུ་སྐྱིད་པར་བགྱིད་པས། ངམ་ཤོད་ཀྱི་བྱེ་མ་ཐམས་ཅད་ཚལ་དང་ནེ་གསིང་དུ་སྒྱུར། ངམ་ཤོད་དང་སྟག་ཕུ་སོགས་ཆུ་དཀོན་པ་དང་ཆུང་བ་རྣམས་སུ་ཆུ་ཕྱུངས་ལ་གྲམ་པ་ཐམས་ཅད་ཞིང་དུ་བྱ་ལ་ཞིང་གིས་བོད་ཀུན་འཚོ་བར་བྱ། བེ་ཤྲ་ཝ་ཎ་ལས་ནོར་བསླངས་ཏེ་ནོར་མེད་ལ་ནོར་སྦྱིན། འཛམ་བུ་གླིང་གི་དཀོར་ཁུང་སྲིད་དོ་ཅོག་ཀྱང་བོད་ཁམས་སུ་འབྱུང་བར་བྱ་”སོགས་གསུངས་པས། འདུན་ས་ཆུང་ངུ་ནས་རྗེ་བློན་མོལ་ཏེ་འགྲུབ་བམ་མི་འགྲུབ་ཉམས་སད་པར། ཨོ་རྒྱན་མཁན་པོས་སྔ་དྲོ་གཅིག་བསྒོམས་པས་མཚོ་མོ་མགུར་གྱི་བྱེ་མའི་ཞབས་ནེའུ་གསིང་སྔོ་ཕྱུར་ལ་བཏང༌། དེའི་ཕྱི་འབྲངས་བྲག་དམར་གླ་བ་ཚལ་གྱི་སྨད་ནགས་སུ་བཏང༌། ཀླུ་རྫིང་དུ་ཆུ་བྱུང༌། “ད་དུང་ཉམས་སོད་དང་”བྱས་པས་སྔ་དྲོ་གཅིག་བསྒོམས་པས་ཆུ་རྗེན་ནར་གྱིས་བྱུང་བ་དང་འོང་ངེས་པར་འདུག་པས་བློན་པོ་དག་ན་རེ། “བོད་ཡུལ་བཟང་བོར་བྱེད་པའི་སྔགས་མཁན་གྱི་མཐུ་དང་སྦྱར་ན་ཆབ་སྲིད་རྒྱ་གར་གྱིས་ཕྲོགས་ཏེ་འགྲོ་”ཞེས་འདུན་ས་ཆུང་ནས་འཕྲོ་གཅོད་པར་བགྲོས། སློབ་དཔོན་གྱིས་“ད་ཞིང་བྱའོ་”གསུངས་པ་ལ་“ཞིང་ཡར་ལུང་གིས་ཆོག་”ཟེར། འདིར་རྦ་བཞེད་ལས། སྔགས་མཁན་ལ་ཕྱག་བྱས་ཏེ་བྱ་དགའ་ཆེན་པོ་ཕུལ་ནས་སླར་རྒྱ་གར་དུ་བཞུད་པར་ཞུ་བ་ཕུལ་བས། རྒྱལ་བོ་མ་དགྱེས་ནས་སློབ་དཔོན་ལ་གསེར་ཕྱེ་བྲེ་གང་ཕུལ་ཕྱག་དང་སྐོར་བ་བྱས་ཏེ་སྔར་ལྟར་ཞུས་པས་སློབ་དཔོན་གྱི་ཞལ་ནས་“ང་གསེར་འདོད་པ་མ་ཡིན་ཏེ། བོད་མཐའ་འཁོབ་ཏུ་འདྲེ་སྲིན་བཏུལ་ལ་བཙན་པོ་ཆོས་བྱར་བཏུབ་པར་བྱ། བོད་ཡུལ་བཟང་བོར་བྱས་ལ་འབངས་བདེ་ལ་དགོད་པའི་ཕྱིར་འོངས་ཀྱི་གསེར་འདོད་ན་འདི་ཙུག་བྱས་པས་ཆོག་”གསུངས་ནས་ཁོང་གིས་རྡོ་དང་ཤིང༌། རྩྭ། བྱེ་མ་སོགས་ཕྱག་གིས་བཟུང་ཚད་རེག་ཚད་གསེར་ཕྱེ་རེད་དེ་བཙན་པོའི་ཐུགས་སྲུང་བའི་ཆེད་དུ་གསེར་ཕྱེ་ཁྱོར་གང་བསྣམས། ལྷག་མ་བཙད་པོ་རང་ལ་གནངས་ཏེ་བྲག་དམར་འོམ་བུ་ཚལ་དུ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་མན་ངག་ལྟ་བའི་འཕྲེང་བ་སོགས་གསུངས་སོ། །ཞེས་བསམ་ཡས་ཀྱི་རྨང་འདིང་བ་དང་རབ་གནས་སོགས་ལ་སློབ་དཔོན་ཆེན་པོ་མ་བཞུགས་པ་འདྲ་ཞིག་བཤད་འདུག་ཀྱང་འདི་ནི་སློབ་དཔོན་ཆེན་པོའི་རྣམ་ཐར་ཕྱོགས་བསྡེབས་བྱས་པའི་ཆ་ནས་ཡིན་པར་དཔའ་བོ་གཙུག་ལག་འཕྲེང་བ་དང༌། རྡོ་གྲུབ་ཆེན་སོགས་བཞེད་ལ། དེ་ལྟར་ཡིན་པར་ཡང་ངེས་ཏེ་བསམ་ཡས་བཀའ་གཙིགས་ཆེན་མོར། “སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་འདྲེ་ཟིལ་གནོན་ཞེས་པ་བླངས། །”ཞེས་སོགས་བྱུང་ཞིང༌། བསམ་ཡས་ཀྱི་འཁོར་ས་ཆེན་མོའི་ལྡེབས་བྲིས་སུ་ཡང་སློབ་དཔོན་རབ་གནས་ལ་བཞུགས་པ་གསལ་བ་དང༌། ཕྱི་ལོ་826དང་འདས་ལོ་1707ལོར་གསོལ་འདེབས་ལེའུ་བདུན་མ་གསུངས་པ་སོགས་ཀྱིས་དཔག་ནུས་སོ། །དེས་ན་ལོ་རྒྱུས་གཅིག་ཏུ་ཁ་མ་གསལ་བ་གཅིག་ཏུ་གསལ་བ་ཙམ་ལས་འགལ་བ་གང་ཡང་མེད་པར་ཁོ་བོ་འཁུམས་སོ། །
“སློབ་དཔོན་ཨརྱ་པཱ་ལོའི་ས་འདུལ་ལ། །བྱོན་ཚེ་དཀྱིལ་འཁོར་བཞེངས་པའི་ཐིག་གདབ་ཀྱི། །ཤིན་ཏུ་མཛེས་པའི་ན་ཆུང་ཟུང་དགོས་པས། །སུ་དང་གང་ཡོད་ངེས་པ་མ་རྙེད་ཚེ། །སློབ་དཔོན་ཆེན་པོས་ཏིང་འཛིན་མཐུ་ཡིས་ནི། །ཅོག་རོ་བཟའ་ཞེས་བུ་ཆུང་སྨན་དང་ནི། །ལྷ་བུ་སྨན་གཉིས་སྐད་ཅིག་དེར་བྱུང་བར། །གཉིས་ཀར་ཡེ་ཤེས་ལྷ་ཕབས་ཐིག་སྣ་བ། །བྱས་རྗེས་བོད་ཀྱི་མི་རྣམས་ཀུན་འདུས་པའི། །ནང་ན་དེ་གཉིས་ལས་མཚར་གཟུགས་མཛེས་སུ། །མ་བྱུང་གྱུར་ཚེ་ངོ་མཚར་ཆེར་སྐྱེས་སྐད། །ཨརྱ་པཱ་ལོའི་གླིང་གི་རྟ་མགྲིན་སྐུ། །བློན་པོ་ཁུ་སྟག་སྣ་ལ་དཔེ་དགོས་ཞེས། །གསུངས་པ་ཇི་བཞིན་བྱས་པས་དེ་བཞིན་བྱུང༌། །དེ་ཚེ་བློན་པོ་རྣམས་ཀྱིས་འདི་ལྟར་གླེང༌། །སྔགས་མཁན་འདིས་ནི་བོད་ཀྱི་མཚར་སྡུག་འདི། །རིགས་རྣམས་ཀུན་དང་ནོར་རྫས་བཟང་དགུ་རྣམས། །རྒྱ་གར་ཡུལ་དུ་སྐྱེལ་ལམ་དོགས་པ་སྐྱེས། །དེ་དུས་དཔལ་གྱི་བསམ་ཡས་གཙུག་ལག་ཁང༌། །ཉིན་པར་གཟུགས་ཅན་མི་ཡིས་བརྩིགས་པ་ལས། །མཚན་མོ་གཟུགས་མེད་ལྷ་འདྲེས་བརྩིགས་པས་མཐོ། །གཟའ་སྐར་རྣམས་དང་དགེ་བསྙེན་ཉེར་གཅིག་སོགས། །ས་གསུམ་ལྷ་འདྲེ་ཀུན་གྱིས་ལས་རོགས་དང༌། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི་རྣམས་ཀྱིས། །གྱང་བཏང་ཕྱོགས་བཞིའི་རྡོ་རིང་བཞི་བོ་ཡང༌། །རྒྱལ་བོ་ཆེན་པོ་སྡེ་བཞིས་བཙུགས་པ་ཡིན། །….སྐབས་དེར་རྒྱལ་བོའི་བསམ་ཡས་བརྩིགས་པ་ཡང༌། །དབུ་རྩེ་རིམ་གསུམ་རི་རབ་ཚུལ་དང་ནི། །ཡཀྵ་ལྟག་འོག་ཉི་མ་ཟླ་བའི་ཚུལ། །ཕྱོགས་བཞི་མཚམས་བརྒྱད་ལྷ་ཁང་ཐམས་ཅད་ཀུན། །གླིང་བཞི་དང་ནི་གླིང་ཕྲན་ཚུལ་དུ་བཞེངས། །ཟུར་བཞིར་མཆོད་རྟེན་ཆེན་པོ་བཞི་དང་ནི། །ཕྱོགས་བཞིར་མགོན་ཁང་བཞི་དང་དེའི་སྒོ་བཞིར། །རྡོ་རིང་བཞིའི་རྩེར་ཟངས་ཀྱི་ཁྱི་བཞི་ཉེར། །མཐའ་ལ་ལྕགས་རི་མུ་ཁྱུད་ཚུལ་བསྐོར་ནས། །སྟེང་ཁར་རྩ་བརྒྱད་མཆོད་རྟེན་འཁོར་མོར་བཞེངས། །གཞན་ཡང་བཙུན་མོ་གླིང་གསུམ་བྱ་བ་ནི། །ཚེ་སྤོང་བཟའ་ཞེས་བཙུན་མོ་དམར་རྒྱན་མས། །ཁམས་གསུམ་ཟངས་ཁང་གླིང་ཞེས་བྱ་བ་དང༌། །བཙུན་མོ་འབྲོ་བཟའ་བྱང་ཆུབ་སྨན་གྱིས་ནི། །དགེ་རྒྱས་བྱེ་མ་གླིང་ཞེས་བྱ་བ་བཞེངས། །ཕོ་གྱོང་བཟའ་ཞེས་རྒྱལ་མོ་བཙུན་གྱིས་ནི། །བུ་ཚབ་གསེར་ཁང་གླིང་ཞེས་བྱ་བ་བཞེངས། །དེ་ལྟར་བསམ་ཡས་ལོ་གྲངས་ཅིས་འགྲུབ་ན། །ཐང་ཡིག་ལྟར་ན་བགྲང་བྱ་ལྔ་དང་ནི། །ལོ་རྒྱུས་གཞན་ན་དེ་ལས་མི་མཚུངས་ཙམ། །ཡོད་ཀྱང་གདུལ་བྱ་སོ་སོའི་སྣང་ངོ་རུ། །ཤར་ཚུལ་ཡིན་པས་ཁ་ཚོན་གཅོད་རྒྱུ་མེད། །དེ་ལྟར་སྐུ་གསུམ་རྒྱལ་བའི་ཞིང་ཆེན་པོ། །མཁན་སློབ་ཆོས་གསུམ་སྔོན་སྨོན་སྟོབས་རྩལ་གྱིས། །བོད་ཡུལ་རུ་བཞིའི་དབུས་སུ་མངོན་སུམ་དུ། །སྤྱན་དྲངས་འདི་འདྲ་ངོ་མཚར་ཁྱད་པར་འཕགས། །འདིར་བཞུགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གི། །རྣམ་གྲངས་བརྗོད་ན་དཔག་མེད་མཐའ་ཡས་ཀྱང༌། །མདོ་ཙམ་ཐང་ཡིག་ནང་ནས་གསལ་ལྟར་ལགས། །དོན་ལ་རྟེན་དང་བརྟེན་བཅས་ལྷ་ཡི་ཚོགས། །འདྲ་འབག་དང་ནི་རིས་སུ་བྲིས་པ་དང༌། །ལུགས་སུ་བླུགས་རྣམས་སྤྲུལ་པའི་སྐུ་ཡིན་ཀྱང༌། །དེ་བཞུགས་ཡེ་ཤེས་པ་རྣམས་ལོངས་སྐུ་ལ། །ཆོས་དབྱིངས་དྲི་མེད་ཆོས་སྐུའི་སྟོན་འཁོར་སོགས། །མདོར་ན་སངས་རྒྱས་ཆོས་དང་དགེ་འདུན་དང༌། །རྒྱལ་བ་རྒྱ་མཚོ་བྱང་སེམས་ཉན་རང་བཅས། །རྩ་གསུམ་དམ་ཅན་ཆོས་སྐྱོང་ལ་སོགས་པའི། །འཁོར་དང་ཡང་འཁོར་གཡོག་དང་ཡང་གཡོག་དང༌། །ཕོ་ཉ་སྤྲུལ་འཁོར་བཅས་པའི་བཞུགས་གནས་མཆོག །འདི་འདྲ་འཇིག་རྟེན་ཁམས་འདིར་འགྲན་ཟླ་བྲལ། །དེ་ལྟར་གྲུབ་འཕྲལ་སློབ་དཔོན་ཞི་བ་འཚོས། །རབ་གནས་མཛད་ཅིང་པཎ་གྲུབ་གཞན་གྱིས་ཀྱང༌། །རབ་གནས་མཛད་པར་གྲགས་པ་དོན་ལ་གནས། །དེ་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང༌། །བོད་ཀྱི་སྒྲུབ་གནས་འགའ་རུ་བཞུགས་ཞེས་པའི། །གཏམ་དེ་མི་རྣམས་ཕལ་མོ་ཆེས་གླེང་བ། །རྒྱལ་བོས་མི་མཁྱེན་ཚུལ་གྱིས་ཚིག་དེ་དག །བདེན་མིན་མི་འབྱེད་རྫུ་བའི་གདན་དྲངས་པས། །དད་མེད་བློན་པོ་རྣམས་ཀྱིས་བསམས་པ་ལ། །འབྱོན་རྒྱུ་མི་འོང་སྙམ་པའི་སྐབས་དེ་རུ། །སློབ་དཔོན་ཆེན་པོ་སྐད་ཅིག་དེར་བྱོན་ནས། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི། །རྟེན་དང་བརྟེན་བཅས་ནམ་མཁར་མངོན་སྤྲུལ་ཏེ། །རབ་ཏུ་གནས་པའི་ཆོ་ག་མཛད་པ་ལ། །མེ་ཏོག་འཐོར་ཚེ་ཕོ་བྲང་ནང་གི་ལྷ། །ཀུན་ཀྱང་ཕྱིར་བྱུང་ཁྱད་པར་དབུ་རྩེའི་ལྷས། །ཕྱག་མཚན་བསྒྱུར་ཞིང་བྱོན་པས་རྒྱལ་བོ་ཡིས། །ལྷ་རྣམས་ནང་དུ་མི་ཚུད་དོགས་པ་ལ། །ལྷ་རྣམས་དབུ་རྩེར་ལན་གསུམ་བསྐོར་བྱས་ཏེ། །སླར་ཡང་ནང་དུ་བྱོན་ནས་སྔར་བཞིན་འཁོད། །དེ་ནས་རིམ་བཞིན་སྤྱི་དང་བྱེ་བྲག་གི། །ལྷ་ཁང་སོ་སོར་མེ་ཏོག་འཐོར་བའི་ཚེ། །སྒོ་སྲུང་ཁྲོ་བོར་མེ་དཔུང་འབར་བའི་གཟུགས། །ཀུན་གྱིས་མཐོང་ཞིང་མངའ་བདག་བཙད་པོ་ཡིས། །བསམ་ཡས་མེས་ཚིག་སྙམ་ནས་སྐྲག་པ་སྐྱེས། །བཙུན་མོ་གསུམ་གྱིས་བཞེངས་པའི་ལྷ་ཁང་ལ། །རབ་གནས་མཛད་ཚེ་ལྷ་ཁང་རྣམ་པ་གསུམ། །འོད་ཀྱིས་ཁེངས་ཤིང་མཆོད་པའི་ཡོ་བྱད་ཚོགས། །མང་དུ་འཕེལ་ཞིང་སྔོན་མ་མྱོང་བ་ཡི། །དྲི་བཟང་འཐུལ་ཞིང་པད་སྡོང་སྐྱེས་པ་ཡང༌། །ཀུན་གྱིས་མཐོང་བཞིན་ཡ་མཚན་མཆོག་ཏུ་གྱུར། །ཨརྱ་པཱ་ལོར་མེ་ཏོག་འཐོར་བའི་ཚེ། །རྟ་མགྲིན་གཙུག་ནས་རྟ་སྐད་ལན་གསུམ་འཚེར། །འཁོར་སར་སྨྱུག་མའི་ཕུང་བོ་མོད་ལ་སྐྱེས། །བྱམས་པ་གླིང་དུ་མེ་ཏོག་འཐོར་བའི་ཚེ། །སྤྲིན་གྱི་གསེབ་ནས་ལྷ་མང་བྱོན་ནས་ཀྱང༌། །ལྷ་ཁང་དེ་ལ་མཆོད་ཚོགས་སྟོབ་པར་བྱེད། །དེ་ལྟར་འཇམ་དཔལ་གླིང་སོགས་རིམ་བཞིན་དུ། །རབ་གནས་མཛད་ཚེ་འཇམ་དཔལ་གླིང་དུ་ནི། །མེ་ཏོག་ཆར་བབས་བདུད་འདུལ་སྔགས་པ་གླིང༌། །རབ་གནས་མཛད་ཚེ་ནམ་མཁའི་དབྱིངས་རུམ་ནས། །སངས་རྒྱས་མང་བྱོན་ནང་གི་ལྷར་ཐིམ་ཞིང༌། །ཁྲུས་ཁང་གླིང་དུ་དེར་བཞུགས་ལྷ་རྣམས་ཀྱིས། །ཆོས་གསུངས་མཛད་པ་དེར་འདུས་ཀུན་གྱིས་མཐོང༌། །བསམ་གཏན་གླིང་དུ་ཉི་ཟླ་དུས་གཅིག་ཤར། །སྒྲ་སྒྱུར་གླིང་དུ་རོལ་མོ་རང་འཁྲོལ་བྱུང༌། །བེ་ཧར་གླིང་དུ་ལྷ་རྣམས་ཕྱིར་ཐོན་ནས། །མེ་ཏོག་བླངས་ཏེ་སླར་ཡང་ནང་དུ་འཁོད། །མཆོད་རྟེན་བཞི་ལ་འཕན་གདུགས་མེ་ཏོག་གི། །ཕྲེང་བ་ལ་སོགས་རྒྱན་རྣམས་རང་བྱུང་གྱུར། །མགོན་ཁང་བཞི་བོའི་སྐུ་གཟུགས་ཕྱིར་ཐོན་ནས། །ཁྲོམ་རྣམས་འུར་མཐར་ལྷ་སྐུ་ནང་དུ་བྱོན། །རྡོ་རིང་བཞི་བོའི་རྩེར་གནས་ཁྱི་བཞི་ཡང༌། །ཕྱོགས་བཞིར་ཟུག་ཅིང་འཕྱོ་ལ་རེངས་ཚུལ་སྟོན། །ཕྱི་རིམ་ལྕགས་རིར་མེ་ཏོག་འཐོར་བའི་ཚེ། །ཨ་རུ་རློན་པའི་ཆར་བ་ལན་གསུམ་དུ། །བབས་པ་ལ་སོགས་རྟགས་མཚན་དེ་རྣམས་ཀུན། །མཁན་སློབ་གཉིས་དང་གྲུབ་ཆེན་གཞན་རྣམས་ཀྱིས། །རབ་གནས་མཛད་ཚེ་དེ་རྣམས་བྱུང་ཞེས་པའི། །ལོ་རྒྱུས་སྦ་བཞེད་ལ་སོགས་གཞན་ནའང་ཡོད། །”ཞེས་སོགས་གསུངས་པ་ལྟར།
ལྷ་མཁན་གྱིས་ཨཱརྱ་པ་ལོའི་གླིང་གི་ལྷ་རྣམས་ཀྱི་དཔེ་རྒྱ་གར་དང་རྒྱ་ནག་གང་གི་ལུགས་སུ་བགྱི་བར་གསོལ་ཚེ། མཁན་པོས་“རྒྱ་གར་བའི་ལུགས་སུ་བྱེད་”པར་གསུངས་པ་ན། བཙད་པོའི་ཞལ་ནས། “བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེད་རེ་བ་ལགས་པས་ལྷ་བོད་ལུགས་སུ་བྱ་བར་ཅི་གནང༌།” ཞེས་གསུངས་པས་བོད་ལུགས་སུ་བྱས་པ་སྟེ། བོད་འབངས་ཚོགས་པའི་ནང་ནས་གཟུགས་བཟང་བ་ཁུ་སྟག་ལ་དཔེ་བྱས་ཏེ་ལྷ་གཙོ་ཨཱརྱ་པ་ལོ་ཁར་ས་པཱ་ཎི་བཞེངས། ཐང་བཟང་སྟག་ལོད་ལ་དཔེར་བྱས་པའི་ཡི་གེ་དྲུག་པ་གཡས་སུ་བྱས། རྨ་གསང་ཀོང་ལ་དཔེར་བྱས་པའི་རྟ་མགྲིན་སྒོ་སྲུང་བྱས། ལྷ་མོའི་དཔེ་བུད་མེད་ལ་མཛེས་པ་ཅོག་རོ་བཟའ་ལྷ་བུ་སྨན་ལ་དཔེར་བྱས་པའི་སྒྲོལ་མ་གཡས་སུ་དང༌། ཅོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་པའི་འོད་ཟེར་ཅན་མ་གཡོན་དུ་བྱས་པ་སོགས་བགྱིས་པས་རྟགས་དང་རྟེན་འབྲེལ་མཚུངས་ཟླ་མེད་པ་བྱུང་བ་དག་ནི་ཆོས་འབྱུང་གཞན་ལས་ཤེས་པར་བྱ་བ་ལས་འདིར་ཉོག་ཆེ་བར་སྣང་ངོ༌། །དེ་ལྟར་ཕྱི་ལོ་811པ་སྟེ་ལྕགས་ཡོས་འདས་ལོ་1692ལོར་མཁན་ཆེན་གྱིས། “བཙད་པོའི་ཐུགས་དམ་ལྷ་ཁང་འདི་འཛམ་བུའི་གླིང་ན་ངོ་མཚར་ཆེ་བ་ཞིག་བྱེད་དགོས། དེ་ཡང་འདུལ་མངོན་སྡེ་གསུམ་བཅས་མདོ་ཕྱོགས་དང༌། གསང་སྔགས་རྒྱུད་སྡེ་བཞི་ཐམས་ཅད་དང་མཐུན་པ་ཞིག་བྱ་”གསུངས་ནས། སྔོན་དུས་རབས་བདུན་པའི་མཇུག་དང་བརྒྱད་པའི་མགོར་བཞེངས་པའི་ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེར་བླངས་ཏེ་རི་རབ་གླིང་བཅུ་གཉིས་ཉི་ཟླ་ཟུང་གཅིག་མཐའ་ལྕགས་རིས་བསྐོར་བའི་བཀོད་པ་མཛད་དེ་བསམ་ཡས་ཀྱི་རྨང་བཏིང༌། སློབ་དཔོན་ཆེན་པོས་ཧས་པོ་རིའི་ལྷ་སྲིན་ཐམས་ཅད་དམ་འོག་ཏུ་བསྡུས། དཔལ་གྱི་མགུར་ནས་དྲེགས་པ་ཟིལ་གནོན་གྱི་ཐ་ཚིག་དང༌། ཕྱོགས་ཀྱི་སྤོས་པ་བཞི་ལ་གཏེར་ཀ་དང་འགྲམ་པ་བཞི་ལ་མེ་བཙའ་མཛད། ནམ་མཁའ་ལ་རྡོ་རྗེའི་གར་མཛད་པའི་གྲིབ་མ་གར་བྱུང་དུ་བཙགས་པས་ལྕགས་རི་རྡོ་རྗེའི་འགྲོས་སུ་བྱུང༌། མི་མ་ཡིན་ཐམས་ཅད་བྲན་དུ་བསྐུལ་ཏེ་རྒྱལ་ཆེན་བཞིས་ལག་དཔོན་བྱས་ནས་བརྩིགས་པས་ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་ཞིང་ཤིང་གཟོ་ལ་སོགས་པ་ཐམས་ཅད་ལེགས་པར་བྱུང༌། འགའ་ཞིག་ཏུ། སྟོད་བལ་ཡུལ་ནས་གཟུགས་མཁན་དང་ཕྱྭ་མཁན་བཀུག་སྟེ་ས་བརྟག་པའི་ཆོ་ག་སྔར་བགྱིས་པ་ལས་ཡང་ལན་ཅིག་བྱས་ཀྱང་ཟེར། མདོར་ཤར་རི་ཧས་པོ་རི་ནས་ཕ་བོང་དྲངས་ཏེ་གཞི་དབུ་རྩེའི་རྨང་བཏིང༌། ས་ཡར་ལུང་གད་པ་ཐོག་ནས་བླངས། ཤིང་ཤུག་པ་དང་ཙན་དན་ལས་བྱས་ཏེ་བརྩིགས་པས་ཕྱིའི་ཁང་བ་ནི་ཚར་ཡང༌། ནང་རྟེན་ལ་གང་འདྲ་དགོས་སྙམ་སྟེ་རྒྱལ་བོ་མནལ་ལམ་དུ་ལུང་བསྟན་པ་ལྟར་སྔོན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་ཤཱཀྱ་ཐུབ་པ་གཙོ་འཁོར་རྣམས་བཞུགས་པ་ཤིང་རྟར་བཞག་པའི་ཚེ་ས་ལན་གཅིག་གཡོས། དྲི་གཙང་ཁང་དུ་ཕྱིན་ཚེ་ས་ལན་གཅིག་གཡོས། ཁྲི་ལ་བཞུགས་པ་དང་རྒྱལ་བོ་དགྱེས་ཏེ་མན་དྷི་དང་གསེར་རྐ་གསོལ། ན་བཟའ་གསོལ་ཞིང་རྒྱལ་བོའི་གསེར་གྱི་སྐ་རགས་སྐུ་ཆིངས་སུ་ཕུལ། གཟུགས་མཁན་གྱིས་རྒྱལ་བོའི་ལྷ་ཁང་དང་སྦྱར་ན་སྐུ་ཆུང་དྲགས་ཟེར་ནས་འཇིམ་པ་སོགས་ཀྱིས་གཡོགས། དེ་ལྟར་སྟེང་གི་གཡས་གྲལ་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་བོ། བྱམས་པ། སྤྱན་རས་གཟིགས། ས་ཡི་སྙིང་བོ། དགའ་བའི་དཔལ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་དྲུག་གོ། །བྱང་ངོས་གཡོན་གྲལ་དུ་ཀུན་ཏུ་བཟང་བོ། ཕྱག་ན་རྡོ་རྗེ། འཇམ་དཔལ། སྒྲིབ་པ་རྣམ་སེལ། དགེ་བསྙེན་ཆེན་པོ། དྲི་མེད་གྲགས་པ། ཁྲོ་བོ་མི་གཡོ་བ་དམར་བོ་དང་གཙོ་འཁོར་བཅུ་གསུམ་མོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གསང་འདུས་འགྲེལ་བར་ལྷ་བཅུ་དགུ་བསྟན་ཡོད་པ་ལྟར་མ་ཤོང་ནས་དྲུག་བྱང་ཆུབ་ཆེན་པོའི་རྒྱབ་ལོགས་ལ་རི་མོར་བྲིས་སོ། །སྟེང་ཁང་གི་ཤིང་ཐམས་ཅད་ཐང་མ་དང་གསོམ། ལྡེར་ཚོའི་རྒྱུ་རས་དང་འཇག་མ། བཟོ་རྒྱ་གར་གྱི་ལུགས། ལྟེ་བའི་རྒྱུད་རིས་ལ་སྐུ་གསུམ་འབྱུང་བའི་མདོ་བྲིས། ལྟེ་བའི་ཁ་ཕྱིར་སྐོར་ལ་མདོ་སྡེ་པདྨ་དཀར་བོའི་རྒྱུད་རིས། ནང་བལྟའི་སྐོར་ཁང་ལ་རིན་པོ་ཆེའི་ཏོག་གི་གཟུངས། རྔ་ཁང་ལ་རྗེའི་ཐུགས་དམ་མདོ་སྡེ་དཀོན་མཆོག་སྤྲིན་གྱི་རྒྱུད་རིས། འོག་ཁང་གི་སྲུང་མ་མཁའ་འགྲོ་མ་སེང་གེའི་རལ་པ་ཅན་ལ་གཏད་དོ། །བར་ཁང་གི་ཤིང་ཐམས་ཅད་གླ་བ་སེང་ལྡེང་ལས་བྱས། ལྡེར་ཚོའི་རྒྱུ་བ་མེན་གྱི་ཀོ་བ། བཟོ་རྒྱ་ནག་པོའི་ལུགས་སུ་བྱས། གཙོ་བོ་དཔལ་རྣམ་པར་སྣང་མཛད། གཡས་ན་འདས་པའི་སངས་རྒྱས་མར་མེ་མཛད། གཡོན་ན་མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ། མདུན་ན་སྟོང་གི་ལྷ་ཤཱཀྱ་ཐུབ་པ། ཚེས་བརྒྱད་ཀྱི་ལྷ་སྨན་བླ་བཻཌཱུརྱ། ཉའི་ལྷ་སྣང་བ་མཐའ་ཡས། ཉི་ཤུ་རྩ་གསུམ་གྱི་ལྷ་ཇོ་མོ་སྒྲོལ་མ་རི་མོར་བྲིས། གཡས་གཡོན་གྱི་ལྷ་བྱང་སེམས་ཉེ་བའི་སྲས་བརྒྱད་དགེ་བསྙེན་དྲི་མ་མེད་པ། དགའ་བའི་དཔལ་ཁྲོ་བོ་ཀང་ཀིང་གཉིས་ཏེ་འོག་ཁང་དང་མཐུན། ཀྲི་ཡའི་ལྷ་ཚོགས་བཅོ་ལྔ་དང་བསྟུན། ནང་ལ་ཡུམ་རྒྱས་པའི་གླེང་གཞིའི་རྒྱུད་རིས། གདོང་ལ་རྒྱལ་ཆེན་བཞི། སྐོར་ཁང་ཁ་ཕྱིར་ལྟ་ལ་མཆོད་རྟེན་བརྒྱད་པ་མངོན་པར་བྱུང་བའི་མདོ། ནང་ལྟ་ལ་སྤྲིན་ཆེན་པོའི་མདོ། རྔ་ཁང་ལ་ཕྱོགས་བཅུའི་སངས་རྒྱས་དང་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་དང་བསམ་ཡས་ན་གནས་པའི་ཆོས་སྐྱོང་རྣམས་ཀྱི་འབག བར་ཁང་རྒྱལ་བོ་ཤིང་བྱ་ཅན་ལ་གཏད། གཙོ་བོ་རྣམ་སྣང་ཀུན་རིག་ཞལ་བཞི་ངོ་བོ་གཅིག་པ་རེ་རེ་ལ་འཁོར་གཉིས་གཉིས་ཏེ་ཉེ་བའི་སྲས་བརྒྱད། ཁྲོ་བོ་མི་གཡོ་བ། བུདྡྷིའི་ལྷ་ཚོགས་བཞི་བཅུ་རྩ་གཉིས། རྒྱུད་རིས་སུ་མདོ་སྡེ་ས་བཅུ་བ་བྲིས་ཏེ་རྒྱལ་བོ་ཟངས་ཀྱི་འབེ་ལོག་ཅན་ལ་གཏད་དོ། །ཐོག་ཐམས་ཅད་རྒྱ་ཕིབས་ཟ་འོག་རིས། ལྕོག་བཞི་ན་སངས་རྒྱས་དགའ་བའི་དཔལ། འཁོར་བྱང་སེམས་དགའ་བའི་བྱིན་པ་སོགས་ཀྱི་རྒྱུད་རིས་བཞི། གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་ཅན་བཞི་ལ་གཏད། གཎ་ཛི་ར་གསེར་ལ་ཤེལ་གྱི་ཏོག་ཅན་བཙུགས། དེ་ནས་འཁོར་ས་བརྩིགས་ཏེ་ལྷོ་ཕྱོགས་རོལ་མོ་མཆོད་རྫས་ཀྱི་བང་མཛོད་གསུམ་ན་རོལ་ཆས་བཀང༌། གནོད་སྦྱིན་ལག་ན་དབྱུག་ཐོགས་མཆེད་གསུམ་ལ་གཏད། ནུབ་ངོས་མདོ་རྒྱུད་ཆོས་ཀྱི་བང་མཛོད་རྒྱ་དཔེ་བོད་དཔེ་རྒྱ་ནག་གི་དཔེའི་གླེགས་བམ་རྣམས་ཀྱིས་བཀང་ཞིང་ཨ་ཙ་ར་ལག་ན་གྲི་ཐོགས་མཆེད་གསུམ་ལ་གཏད། བྱང་ངོས་རིན་ཆེན་གཏེར་གྱི་བང་མཛོད་གསུམ་ན་གསེར་དངུལ་ཟངས་ལྕགས་ལ་སོགས་པས་བཀང་སྟེ་གཤིན་རྗེ་ལག་ན་དབྱུག་ཐོགས་གསུམ་ལ་གཏད། རྒྱུད་རིས་མདོ་སྡེ་རྒྱ་ཆེར་རོལ་པ་བྲིས། བར་གྱི་སེ་རྒྱོངས་ལ་བསྐལ་བཟང་གི་སངས་རྒྱས་སྟོང་དང༌། དེ་ནས་མུན་བསྐལ་དྲུག་ཅུའི་རྗེས་ལ་སངས་རྒྱས་ཁྲི་འབྱུང་བ་བྲིས་ཏེ་མ་ཤོང་བ་གྲུ་སྐས་ཀྱི་རྩིག་ལོགས་ལ་བཀོད་ནས་ཡོད། དེ་ནས་འཁོར་ས་ཆེན་པོ་བསྐོར་ཏེ་རྣམ་སྣང་ངན་སོང་སྦྱོང་བའི་དཀྱིལ་འཁོར་དུ་བཞེངས། མདའ་ཡབ་ཀྱི་ངོས་ལ་རིགས་ལྔའི་ལྡེར་ཚོ་ཕྱིར་བལྟ་བ། ནང་དུ་སྡོང་བོས་བརྒྱན་པ་ཚོང་དཔོན་གྱི་བུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བསྟེན་པ་བྲིས། དེས་མ་ཁེངས་པ་ལ་འཕགས་པ་སྣང་བརྒྱད་ཀྱིས་བཀང་ནས་ཡོད། ཆོས་སྐྱོང་ཀླུའི་རྒྱལ་བོ་ཨ་ནནྟ་ཨུ་ལི་ལ་གཏད། རྒྱབ་ཏུ་རྡོ་རིང་པདྨ་ཅན་ལ་བཀའ་གཙིགས་རྡོ་ལ་བརྐོས། སྟེང་དུ་སེང་གེ་བཞག་ནས་ཆོས་སྐྱོང་སིང་ཧ་མུ་ཁ་ལ་གཏད། དབུ་རྩེའི་སྒོ་གསུམ་པྲ་ཛྙཱ་པཱ་ར་མི་ཏ་རྣམ་པར་ཐར་པའི་སྒོ་གསུམ་སྟོངས་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་གསུམ་དང་བསྟུན། རྩིག་པ་དང་ཤིང་བཟོ་བརྐོས་ཏེ་རྨང་བཙུགས་ཆུ་ཁུང་བཏོད། ནང་དུ་ཀ་བའི་རྨང་བྱས། དེའི་སྟེང་དུ་ཀ་བ་ཀ་ལོ་གདུང་ཕྱམ་སྤང་ལེབ་སོ་ཕག་བཀྲམ། ཁ་ལན་ཀན་གྱིས་བསྐོར། ལོགས་ལ་སུམ་ཆའི་འོག་ཏུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོ་ལྟ་བུ་བྱས། བྱ་མི་འཇུག་པའི་ཕྱིར་དྲ་བ། སྦྲང་བུ་མི་འཇུག་པའི་ཕྱིར་སྒོ་གླེགས། རླུང་གིས་མི་ཕྱེད་པའི་འཁོར་གཏན། དེ་འབྱེད་པའི་དབྱུག་གུ་སྐམ་ཁ་བྱས། སྟེང་དུ་འཛེགས་པའི་གྲུ་སྐས་དྲུག་གི་འོག་མ་རྡོ། བར་མ་སོ་ཕག སྟེང་མ་ཤིང་ལས་བྱས། ལག་འཛིན་གྱི་གདང་བུ་བྱས། མི་འགུལ་བའི་ལྕགས་གཟེར་བཏབ། དེ་ལྟར་བྱ་བ་འདུལ་བ་དང་བསྟུན། རྒྱུད་རིས་མདོ་སྡེ་དང༌། ལྡེར་ཚོ་གསང་སྔགས་དང་བསྟུན། ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་སོ་དྲུག སྒེའུ་ཁུང་བཞི་བཅུ་རྩ་གཉིས། གྲུ་སྐས་ཆེན་པོ་དྲུག ཅོང་ཆེན་པོ་བརྒྱད་དང༌། དང་དང་ཆེན་པོ་གསུམ་གྱིས་བརྒྱན་པ་བྱས་སོ། །ཞེས་《ལྷོ་བྲག་ཆོས་འབྱུང་》དུ་བཀོད་པའི་ཚིག་སྣ་དང་ཕྲད་ཅུང་ཙམ་བསྡུས་ཏེ་དཔྱད་གཞི་རེར་ཨེ་འགྱུར་གྱིས་བཀོད་པ་ཡིན་མོད། ཚིག་དངོས་ཀྱི་འབབ་ཚོད་དང་བསྟུན་ན་འོག་ཁང་ལ་རྟེན་གཙོ་ཅི་འདྲ་བཞུགས་མི་གསལ་ཞིང་དེ་དུས་ཀྱི་བཀོད་པ་ཇི་བཞིན་ཡིན་པའང་ཤེས་དཀའ་སྟེ། རྗེའི་ཐུགས་དམ་གྱི་རྟེན། ཞེས་བཀོད་ཡོད་པས་སོ། །འོན་ཀྱང་རྗེས་ཀྱི་བསམ་ཡས་ཀྱི་བཞུགས་བྱང་དང་བསྟུན་པ་ཨེ་ཡིན་སྙམ་པ་ཞིག་དུང་དཀར་ཚིག་མཛོད་དུ་བཀོད་པ་འདི་ལྟར། “འོག་ཁང་རྣམ་དག་སྒོ་གསུམ་དུ། འདུ་ཁང་ཀ་བ་བཅོ་བརྒྱད་ཀྱི་རྒྱ་ཁྱོན་དུ་རྟེན་གཙོ་གུ་རུ་ང་འདྲ་མ་དང༌། གཙོ་བོའི་གཡས་གཡོན་དུ་མཁན་སློབ་ཆོས་གསུམ་དང༌། བཻ་རོ་ཙ་ན། གཡས་སུ་ཇོ་རྔོག་འབྲོམ་གསུམ་དང་འཇམ་དབྱངས་རྣམ་གསུམ་སོགས་ཀྱི་སྐུ་བརྙན་བཞུགས། གཙང་ཁང་དབུས་མར་རྟེན་གཙོ་ཇོ་བོ་བྱང་ཆུབ་ཆེན་མོ་དང་གཙོ་བོའི་མཐའ་སྐོར་དུ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང༌། ཁྲོ་བོ་མི་གཡོ་བ། བྱང་ཆུབ་སེམས་པ་ཆེན་པོ་བཅུ་ལ་སོགས་པའི་རྟེན་བྱིན་ཅན་མང་བོ་བཞུགས། གཡས་སུ་སྲུང་མ་ཁང་དེའི་ནང་སྲིན་རྒྱལ་ནམ་མཁའ་སྤྲིན་གྱི་པགས་པ་ལས་བཞེངས་པའི་རྒྱལ་བོ་དཔལ། གནོད་སྦྱིན་བྱེ་བ་འབུམ། གཡུ་ཡི་ཐུབ་པ། མཁན་ཆེན་བོ་དྷི་ས་ཏྭ་ཡི་དབུ་ཐོད། དུང་གི་སེང་གེ་སོགས་བཞུགས། བར་ཁང་གཡུ་ཞལ་ཐིང་རྒྱ་ཁྱོན་ཀ་བ་ཉི་ཤུའི་ས། རྟེན་གཙོ་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་བཞུགས། སྟེང་ཁང་དུ་སངས་རྒྱས་རྣམ་སྣང་མཛད། ཀུན་རིག བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ་སོགས་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མང་བོ་བཞུགས། ལྷ་ཁང་དེ་དག་གི་སྐྱ་སྡེབས་སུ་མདོ་སྡེ་ལས་བྱུང་བའི་རྟོགས་བརྗོད་དང༌། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་སྲུང་མའི་རྒྱུད་རིས་ཚར་དུ་དངར་བ་བྲིས་ཡོད།” ཅེས་བྱུང་ངོ༌། །
བཙད་པོའི་ཡུམ་འབྲོ་བཟའ་རྒྱལ་མོ་བཙན་ནམ་རབ་བྱུང་མཚན་ལ་བྱང་ཆུབ་རྗེ་ཞུ་བས། དགེ་རྒྱས་བྱེ་མ་གླིང་བཞེངས་ཤིང་རོལ་མོར་ཅོང་ཕུལ་བ་སོགས་བྱས། ཚེ་སྤོང་བཟས། འོག་ཁང་གི་ཀ་གདུང་རྣམས་ཟངས་ཀྱི་བཏུམ་པའི་ཁམས་གསུམ་ཟངས་ཁང་གླིང་བཞེངས། ཕོ་ཡོངས་བཟས། བཟོ་བོ་ལ་ཟས་སྣ་མི་འདྲ་བ་བཅུ་གསུམ་དྲངས་ཏེ་བཟོ་ཁྱད་མི་འདྲ་བ་བཅུ་གསུམ་ཕུད་པ་ནི། སྟེང་གི་ཕྱི་ལ་རྩིག་པ་མེད་པ། ནང་ན་ཀ་བ་མེད་པ། ས་གཞི་ར་གན་ལས་བྱས་པ། གཡུའི་གདུང་མ་ལ་གསེར་གྱི་རྟ་རྒྱུག་ཅིང་གསེར་གདུང་ལ་གཡུ་འབྲུག་རྒྱུག་པ། མཐིང་གི་རྒྱ་ཕིབས་ཕྱིར་བལྟ་ནང་བལྟ་གཉིས་ཡོད་པ། ཆུ་ཐམས་ཅད་འདྲིལ་ནས་སེང་གེའི་ཁ་ནས་རུས་སྦལ་གྱི་རྒྱབ་ཏུ་འབབ་པ། སྒོ་འབྱེད་གཅོད་ལ་གསེར་གྱི་བྱེའུ་ཆུང་འཕུར་ཞིང་སྐད་འདོན་པ་སོགས་ཡོད་པའི་དབུས་ཚལ་གསེར་ཁང་གླིང་བཞེངས། དེ་ནས་སློབ་དཔོན་པདྨས། མ་འོངས་པ་ན་གནམ་ཐེ་དཀར་བོའི་སྤྲུལ་པ་ཧོར་ཡུལ་དུ་བྱུང་བས་བོད་ཁམས་དབང་བྱེད་ཅིང་ལྷ་ཁང་རྣམས་འཇིག་པར་འགྱུར་བས་མི་འཇིག་པའི་ཕྱིར་རྒྱལ་བོ་གནམ་ལྷ་བྱང་ཆུབ་ལ་གཏད་པར་གསུངས་པས། རྒྱལ་བོས་ངན་ལམ་ཏ་ར་ཀླུ་གོང་དམག་དཔོན་དུ་བསྐོས་ཏེ། ཧོར་གྱི་སྒོམ་གྲྭ་བཅོམ། རྟེན་རྫས་ཡོ་བྱད་ཁྱེར་བས་པེ་ཀར་ཕྱི་བཞིན་འབྲངས་པ་སློབ་དཔོན་པདྨས་ཕྱག་རྡོར་གྱི་ཏིང་འཛིན་གྱིས་བཀུག་སྟེ། དམ་ལ་བཅུག་ཅིང་བསམ་ཡས་ཀྱི་དཀོར་སྲུང་དང༌། བོད་ཡུལ་གྱི་དཀོན་མཆོག་གསུམ་གྱི་རྟེན་ཕལ་ཆེར་གྱི་གཉེར་ག་གཏད་དོ། །དེ་འདྲའི་གཙུག་ལག་ཁང་དེའི་ཕྱོགས་བཞིར་ཁ་དོག་མི་གཅིག་པའི་མཆོད་རྟེན་ཆེན་པོ་བཞི་ཡོད་དེ། བྱང་ཤར་མཚམས་སུ་རྒྱུ་བོད་རྫ་ལས་གྲུབ་པའི་མཆོད་རྟེན་སྔོན་པོ་ཐོག་བརྩེགས་བདུན་ཙམ་ལྡན་པ། ཆོས་ཀྱི་འཁོར་ལོ་དེ་བཞིན་གཤེགས་པའི་ལུགས་སྒོ་བཅུ་དྲུག་གིས་བརྒྱན་པ། དཔངས་མཐོ་ཞིང་བང་རིམ་གཉིས་པའི་ཕྱོགས་བཞིར་ལྷ་ཁང་གསུམ་རེ་དང་བུམ་པའི་ཐོག་བཞིར་ལྷ་ཁང་རེ། བུམ་པའི་སྟེང་དུ་ཆོས་འཁོར་བཅུ་གསུམ། དེའི་རྩེ་མོར་ནོར་བུའི་ཏོག་གིས་མཛེས་པར་བྱས་ཤིང་དེ་ནས་ཕྱོགས་བཞིར་ལྕགས་ཐག་གིས་སྦྲེལ་ཡོད། ནུབ་བྱང་ཕྱོགས་སུ་མཆོད་རྟེན་ནག་པོ་ཁྲོ་ཟངས་ཁ་སྦུབ་པ་ལྟ་བུ་ཞིག་ཡོད་ཅིང་དེ་ནི་དེ་བཞིན་གཤེགས་པའི་གདུང་གིས་བརྒྱན་པ་རང་སངས་རྒྱས་ཀྱི་ལུགས་སུ་བཞེངས་ཤིང་རྩིག་གདན་གྲུ་བཞིའི་སྟེང་དུ་པདྨ་འདབ་བརྒྱད་ཀྱི་ཆོས་ཁྲི་དང༌། དེའི་སྟེང་དུ་མཆོད་རྟེན་གྱི་བུམ་པ། ཆོས་འཁོར་བཅུ་གསུམ། དེའི་ཡང་སྟེང་དུ་ནོར་བུའི་ཏོག་གིས་མཛེས་པ། ཤར་ལྷོའི་མཚམས་སུ་མཆོད་རྟེན་དཀར་བོ་སེང་གེ་བརྒྱད་ཀྱིས་བརྒྱན་པ། དེ་ལའང་བང་རིམ་དང༌། ཆོས་འཁོར་བཅུ་གསུམ། ནོར་བུའི་ཏོག་བཅས་ཀྱིས་མཛེས་པ་གོང་བཞིན་ལ། དེའི་མཐའ་སྐོར་དུ་ས་དཀར་གསོལ་བའི་མཆོད་རྟེན་ཆུང་ངུ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་ཡོད། གཙུག་ལག་ཁང་གི་ལྷོ་ནུབ་མཚམས་སུ་མཆོད་རྟེན་དམར་བོ་རྒྱུ་སོ་ཕག་དང་རྡོ་ལས་གྲུབ་ཅིང་དབྱིབས་ཅོང་དྲིལ་ཁ་སྦུབ་པ་ལྟ་བུ་བཅས་ཡོད་ཅིང༌། མཆོད་རྟེན་ཆེན་པོ་བཞིའི་བཀོད་པ་ངོ་མཚར་ཞིང་བྱིན་རླབས་ཁྱད་དུ་འཕགས་པ་ཡོད། ཅེས་ལོ་རྒྱུའི་སྨྲ་བ་ཚོའི་མགྲིན་ལམ་ན་དབྱར་གྱི་རྔ་གསང་ལྟར་ལྡིར་རོ། །
གཙུག་ལག་ཁང་འདི་གྲུབ་མ་ཟིན་པའི་སྔ་རོལ་ཏེ་མཁན་ཆེན་བོད་དུ་ཕེབས་ནས་རིང་བོར་མ་ལོན་པ་ན། ལང་གྲོ་སྣང་བཞེར། གཉེར་སྟག་བཙན་གདོང་གཟིགས། སེང་མགོ་ལྷ་ལུང་གཟིགས། མཆིམས་མེ་ལྷ་རྣམས་མངགས་ཏེ་བྲྀ་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཤིང་ཕྱི་ལོ་815འདས་ལོ་1696ལོའི་ལུག་གི་ལོ་དཔྱིད་ཟླ་ར་བའི་ཡར་ངོའི་ཚེས་བརྒྱད་ལ་ཕོ་བྲང་དུ་ཕེབས་ཏེ་མཁན་པོས་ཞང་བློན་གྱི་བུ་རྣམས་ལ་རྒྱ་གར་སྐད་བསླབས་པས། མཆིམས་ལེགས་གཟིགས་སོགས་མང་བོ་ཞིག་གིས་མ་ཤེས་ཀྱང༌། པ་གོར་ཧེ་འདོད་ཀྱི་བུ་བེ་རོ་ཙ་ན། རྦ་ཁྲི་བཞེར་གྱི་བུ་རྦ་ཁྲི་གཟིགས། ཞང་ཉ་བཟང་གི་བུ་ལྷ་བུ་ལྷ་བཙན། ཤུད་པུ་ཁོང་ལེབ་བཅས་ལ་སྐད་ཇི་བཞིན་ལོབས། དེར་བཙད་པོས་“ངའི་བོད་འབངས་ལ་དགེ་སློང་མེད་པས། ཞང་བློན་དག་གིས་དགེ་སློང་བྱར་བཏུབ་བམ།” ཞུས་པར་མཁན་ཆེན་གྱིས། “སད་ཅིག་”གསུངས་ནས་སྐད་བསླབས་པ་ཚོ་ལས་ཐོག་མར་དད་པ་ཆེ་བ་རྦ་ཁྲི་གཟིགས་རབ་ཏུ་བྱུང་སྟེ་དགེ་སློང་བྱས། མཚན་“དཔལ་དབྱངས་”སུ་བཏགས། དེས་མངོན་པར་ཤེས་པ་ལྔ་བརྙེས་པས་རྒྱལ་བོ་དགྱེས་ཏེ། དེའི་ཞབས་སྤྱི་བོར་བླངས་ཏེ་“ཁྱོད་བོད་ཀྱི་རིན་པོ་ཆེ་ཡིན་”ཞེས་བཀའ་བསྩལ་པས་མཚན་ཡང་“རྦ་རཏྣ་”ཞེས་ཐོགས།⑧ “ད་དུང་རབ་ཏུ་བྱུང་ཞིག་”ཞུས་པས། “སད་ཅིག་”གསུངས་ནས་རྦ་གསལ་སྣང༌། པ་གོར་བཻ་རོ་ཙ་ན་རཀྵི་ཏ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་ཨཱ་ཙརྱ་རིན་ཆེན་མཆོག ལ་གསུམ་རྒྱལ་བ་བྱང་ཆུབ། ལྷ་ལུང་རབ་འབྱོར་དབྱངས་རྣམས་རིམ་བཞིན་རབ་ཏུ་བྱུང་སྟེ་མཚན་ཡེ་ཤེས་དབང་བོ་སོགས་སུ་བཏགས། དེ་དག་གི་མཚན་རྒྱ་སྐད་རྣམས་ཀྱི་མཇུག་ཏུ་རཀྵི་ཏ་ཞེས་གསལ་བ་ཡིན་པ་ལ། བྷོ་དྷི་ས་ཏྭའི་མཚན་ཟུར་དུའང་ཤྰནྟ་རཀྵི་ཏ་ཞེས་འདུག་པས་ཁོང་གི་མཁན་བུ་ཤ་སྟག་ཏུ་ངེས་ལ། དེས་ན་དེ་དག་གི་མཁན་བརྒྱུད་ནི། བསམ་ཡས་འཁོར་ས་ཆེན་མོ་ལས་གསལ་བ་ལྟར།

ཤཱ་རིའི་བུ། སྒྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་བོ། མཁན་པོ་བོ་དྷི་ས་ཏྭ་བཅས་ཡིན་ནོ། །སད་མི་དག་གི་མཚན་ལའང་བཞེད་པ་མི་འདྲ་བ་མང་མོད། འདིར་ནི་《ལྷོ་བྲག་ཆོས་འབྱུང་》ལས་བྱུང་བ་ལྟར་བྲིས་པ་ལགས་སོ། །དེ་ལྟར་བོད་ལ་རབ་བྱུང་བཏུབ་པར་དགོངས་ནས་ཞང་བློན་དྲྭ་མ་དང༌། འབངས་བློ་གསལ་སུམ་བརྒྱ་ཙམ་རབ་ཏུ་བྱུང༌། རྒྱ་གར་གྱི་ཆོས་དཔེ་མང་བོ་བོད་སྐད་དུ་བསྒྱུར། མདོ་ཁམས་ཡན་ཆད་དུ་བཤད་གྲྭའི་དགེ་འདུན་གྱི་སྡེ་བཅུ་གཉིས་བཙུགས། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ་ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་དབྱུང༌། མོ་སྣ་མི་བཅད། མཚང་ཅན་མི་བཀུམ་པར་གནང་ངོ༌། །
འདི་ཡས་མས་སུ། བོན་ཆོས་ལ་མ་འཆམ། ཆོས་བོན་ལ་མ་འཆམ་པའི་ཚེ་ན་བཙད་པོས། ཆོས་ཀྱི་ཁ་འཛིན་དུ་ཞང་ཉ་བཟང༌། གཉེར་སྟག་བཙན་གདོང་གཟིགས། སེང་མགོ་ལྷལུང་གཟིགས། ཉང་ཤོ་མ་བཞི་བོ་དྷི་ས་ཏྭའི་ཁ་འཛིན་དང་ཤགས་འདེབས་སུ་བསྐོས། བོན་གྱི་ཁ་འཛིན་ང་ཤགས་འདེབས་སུ། ངམ་ཏ་ར་ཀླུ་གོང༌། རྩིས་པ་ཆེན་པོ་ཁྱུང་བོ་དུམ་ཚུགས། ཁྱུང་བོ་རྩེ་བ་ཆེ་མི་དང་ཅོག་ལ་སོགས་པ་བསྐོས་ཏེ་བརྩོད་པ་ན། བོན་ཁུངས་ངན་ལ་གཏན་ཚིགས་ཆུང༌། ལྷ་ཆོས་ཁུངས་བཟང་ལ་གཏན་ཚིགས་རྒྱ་ཆེ་ཟབ་ལ་གཏིང་རིང་ཤགས་བཟང་ལ་རྣོ་བས་བོན་གྱིས་མ་ཐུབ་པས་ཕྱིན་ཆད་བོན་མི་བགྱིད་པར་བྱས། བཙད་པོ་ཁྲི་སྲོང་ལྡེ་བཙན་གྱིས། ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ནས། གསེར་གྱི་སྒྲོམ་བུར་བསྩལ་པའི་བཀའ་གཙིགས་ཀྱི་ཡི་གེ་བསམ་ཡས་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་པ་ལ་དཔའ་བོ་གཙུག་འཕྲེང་གིས་དཔེ་བགྱིས་པ་ལས། ཉུང་ཤས་ཤིག་དྲངས་ན།
གཙིགས་ལྟར་མ་བགྱིས་ཏེ། དཀོན་ཅོག་གསུམ་གྱི་སྐུ་བསླུས་སམ་གནའ་ཁ་དབུད་བགྱིས་ན། སེམས་ཅན་དམྱལ་བར་སྐྱེས་ཤིག འདི་བཞིན་དུ་མཛད་ཅིང་བགྱིས་ན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ཤོག་ཅིག
༄། སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ། སྔ་ཕྱིར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ། །༄། དཔེ་འདི་འདྲ་བ་བཅུ་གསུམ་བྲིས་ཏེ། གཅིག་ནི་ཕྱག་སྦལ་ན་བཞག་གོ། །གཉིས་ནི་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང༌། བྲག་དམར་གྱི་བསམ་ཡས་ལྷུན་གྲུབ་ཀྱི་དགེ་འདུན་ལ་རེ་རེ་བཞག་གོ། །བཅུ་ནི་མཐར་ཕྱག་རྒྱས་བཏབ་སྟེ་ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང༌། བསམ་ཡས་ལྷུན་གྱིས་འགྲུབ་པའི་གཙུག་ལག་ཁང་དང༌། ཁྲ་འབྲུག་གི་བཀྲ་ཤིས་ལྷ་ཡུལ་གཙུག་ལག་ཁང་དང༌། ཕོ་བྲང་འཁོར་གྱི་དགེ་འདུན་དང༌། ར་སའི་རྒྱ་བཏགས་ར་མོ་ཆེ་དང༌། བྲག་དམར་གྱི་ཁམས་གསུམ་མི་ལྡོ་སྒྲོག་དང༌། བྲུ་ཤ་ཡུལ་དང༌། ཞང་ཞུང་ཡུལ་དང༌། མདོ་སྨད་དང༌། སྡེ་བློན་རིས་དང༌། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་ལ་དཔེ་རེ་རེ་འཆད་དུ་སྩལ་ཏོ། །ཞེས་པའི་མནའ་གཙིགས་ཡི་གེ་བྲིས་ཏེ། ༄། བྲོ་བསྩལ་པ་ལ། ༄། དབོན་འ་ཞ་རྗེ། ༄། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་ལ། ༄། བློན་ཆེན་པོ་ཞང་རྒྱལ་གཟིགས་ཤུ་ཐེང༌། བློན་སྟག་སྒྲ་ཀླུ་གོང༌། ⑨ཞང་རྒྱལ་ཚན་ལྷ་སྣང༌། བློན་རྒྱལ་སྒྲ་ལེགས་གཟིགས། བློན་བཙན་བཞེར་མདོ་ལོད། ཞང་རྒྱལ་ཉིན་ཟླ་གོང༌། བློན་ཁྲང་གང་རྒྱ་གོང༌། གཅེན་མཚོ་བཙན། ཞང་རྒྱལ་ཚན་ལེ་གོང༌། ཞེས་སོགས། ༄། ནང་བློན་ལ། ཞེས་སོགས་དང༌། ༄། ཕྱི་བློན་ལ། ཞེས་སོགས་བསམ་ཡས་མནའ་གཙིགས་བཞག
དེ་ནས་ཁ་བ་རི་བའི་དགོན་སྡེ་དང༌། ཡིག་སྒྱུར་ཁང༌། སློབ་གྲྭའི་ཐོག་མ་⑩འདི་གངས་རིའི་མགོན་པོ་མཁན་སློབ་ཆོས་གསུམ་གྱིས་བོད་ཆུ་མོ་ཡོས་བུའི་ལོ་སྟེ་ཕྱི་ལོ་823འདས་ལོ་1704ལོར་ལེགས་པར་གྲུབ་སྟེ་མཁན་ཆེན་བོ་དྷི་ས་ཏྭ། སློབ་དཔོན་པདྨ་སམྡྷ་ཝ་གཉིས་ཀྱིས་རབ་གནས་ལན་མང་བོར་བྱས་ཤིང་མཁན་པོས་བཙད་པོ་འཇམ་པའི་རྡོ་རྗེ་དངོས་སུ་གཟིགས་པ་སོགས་བྱུང༌། དེ་ནས་དགའ་སྟོན་ལོ་སྐོར་གཅིག་གི་བར་དུ་བྱས་པ་ནི། “སྐྱིད་པའི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས། རྟ་རེས་བང་རེ་བརྒྱུགས། བྱ་རེས་སྐད་རེ་བཏོན། དུས་དེ་ཙམ་ན་བོད་བདེ་སྐྱིད་མངའ་ཐང་དར་བ་ལགས་ཏེ། དེ་ཡང་དབུ་རྩེའི་སྒོ་རྒྱབ་བྱང་ངོས་ན་བྲིས་ནས་ཡོད་དོ། །”ཞེས་བྱུང་ལ་དེ་ཡང་བཙན་པོས། “ངའི་དབུ་རྩེ་རིགས་གསུམ་འདི་བརྩིགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་ང་རེ་དགའ།” ཞེས་པ་ལ་སོགས་པའི་དགའ་གླུ་བཅུ་གསུམ་བཞེས་པ་ལ་སོགས་པ་ལྟར་རོ། །
སྨྲས་པ། ངལ་བརྒྱ་ཁུར་དུ་ཁྱེར་བའི་སྙིང་སྟོབས་ཀྱིས། །སྲིད་ཞིའི་ཕན་བདེ་ཀུན་སྤེལ་རིག་པའི་གཞུང༌། །ཁ་བའི་ལྗོངས་འདིར་འདྲེན་པའི་ཤིང་རྟ་ཆེ། །མཁན་སློབ་ཆོས་གསུམ་བཀའ་དྲིན་སྙིང་ལ་ལྕི། །ཞེས་ཀྱང་ངལ་གསོ་དང་སྦྲེལ་ཏེ་སྨྲའོ། །
དེ་ལྟར་སྒྲ་སྒྱུར་ཁང་ཚུགས་པས་རྒྱ་དཀར་ནག་གཉིས་ནས་ཆོས་མང་དུ་བསྒྱུར། དགེ་འདུན་པའི་འཚོ་བ་ནི་ཁབ་སོ་ཆེན་མོ་ལས་སྦྱར་ཞིང་བདུད་འདུལ་སྔགས་པ་གླིང་དུ་དབང་བསྐུར། རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་འབོག མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད། བརྡ་སྦྱོར་ཚང་མང་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཀར་གླིང་དུ་ནོར་འཇོག བེ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་ལ་སོགས་པས་ཤཱཀྱའི་བསྟན་པ་ཆེས་ཆེར་དར་བར་བྱས་སོ། །དེ་ནས་མཁན་ཆེན་བོ་དྷི་ས་ཏྭའི་ཞལ་ནས། “བོད་དུ་མུ་སྟེགས་ནི་མི་འབྱུང་མོད། སངས་རྒྱས་ཀྱི་བསྟན་པ་ཁ་གཉིས་སུ་གྱེས་ཏེ་རྩོད་པར་གྱུར་པ་དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་དང༌། རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །”ཞེས་ལུང་བསྟན་ཏེ་རྟས་ཕྲས་བརྒྱབས་པའི་རྐྱེན་བྱས་ཏེ་ཞིང་བརྗེས་སོ། །ཡེ་ཤེས་དབང་བོ་⑪བསམ་ཡས་ཀྱི་མཁན་རབས་དང་བོར་བསྐོས་ཤིང་བཙད་པོས་ཁོང་ལ་སླད་ཕྱིན་གྲྭ་བའི་འཚོ་རྟེན་ལ་མཆོད་རྒྱུན་མི་སེར་གྱི་གྲངས་ཀ་སོགས་ཀྱི་བཀའ་བསྡུར་གནང་ཚེ་ཡེ་ཤེས་དབང་བོ་མངོན་ཤེས་དང་ལྡན་པས། དཀོན་མཆོག་གི་རྟེན་དུ་ཡུན་དུ་གནས་ཆེད་རྒྱལ་བོའི་གསུང་བ་⑫ལས་ཕྲིས་ཏེ་ཞལ་བཞེས་གནང་བ་དང༌། དུས་དེར་ལྷ་ཁང་དང་གཙུག་ལག་ཁང་ཡོངས་ཀྱི་གྲྭ་གྲངས་ཁྱོན་བསྡོམས་སུམ་བརྒྱ་དང་ལྔ་ཡོད། བློན་པོ་འགས་བརྙས་གཙེར་བྱུང་བ་ལ་བརྟེན་ཡེ་ཤེས་དབང་བོ་ལྷོ་བྲག་མཁར་ཆུའི་བྲག་ཕུག་ཏུ་ཕེབས། རྦ་དཔལ་དབྱངས་བསམ་ཡས་མཁན་རབས་གཉིས་པར་བསྐོས། མཁར་རྨེའུ་བསམ་གཏན་གྱིས་ལྷ་ལུང་དཔལ་རྡོར་གྲྭ་བཙུན་ཡིན་མིན་དོགས་དཔྱོད་བྱེད་པའི་སྐབས་སུ། “ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་བ་ཞིག་ཡིན་པར་མ་ཟད་བསམ་ཡས་ཀྱི་མཁན་རབས་དགུ་བ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་རྙིང་བྲིས་མའི་གྲས་ནས་བདག་གིས་རྙེད་བྱུང༌།” ཞེས་དང༌། “ད་ཕན་རྒྱལ་རབས་དང་ཆོས་འབྱུང་ཁག་མཐོང་བའི་ནང་ན་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་བཤད་པ་རྩ་བ་ནས་མི་འདུག་པས་གོང་སྨྲོས་ཡིག་རྙིང་དེ་གལ་ཧ་ཅང་ཆེན་པོར་མཐོང༌།” ཞེས་པ་དེ་གཉིས་ལས་ཤེས་ཐུབ་པ་ནི་བསམ་ཡས་མཁན་རབས་རིམ་བྱོན་གྱི་བྱུང་བ་སྟོན་པ་ཞིག་ཏུན་ཧོང་ཡིག་རྙིང་བརྒྱུད་མ་འོངས་ལོ་རྒྱུས་དཔྱད་ཞིབ་པ་ཚོའི་ཕྱག་ཏུ་འབྱོར་རྒྱུ་ཡོད་པ་གསལ་བཤད་བྱེད་ཐུབ་པ་རེད།
དེ་ནས་རྒྱའི་ཧ་ཤང་མ་ཧཱ་ཡ་ན་བྱ་བ་བྱུང་ནས། “ལུས་ངག་གི་ཆོས་སྤྱོད་དགེ་བ་བྱས་པས་འཚང་མི་རྒྱ། དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པ་སྒོམ་པས་འཚང་རྒྱ།” ཟེར་ཏེ་སྒོམ་བསླབས་པས་བོད་རྣམས་རིམ་གྱིས་ཁོའི་ཆོས་ལ་སློབ། ལུས་ངག་གི་དགེ་སྦྱོར་རྒྱུན་བཅད། བསམ་ཡས་ལ་མཆོད་པ་འཕྲོ་ཆད་པས། རྦ་དཔལ་དབྱངས། བཻ་རོ་ཙ་ན་སོགས་ཁ་ཅིག་བོ་དྷི་ས་ཏྭའི་ཆོས་བསླབས་ཏེ་ལྟ་བ་མ་མཐུན། དེར་བཙད་པོས་ཕོ་ཉ་བཏང་སྟེ་ཡེ་ཤེས་དབང་བོ་བཀུག་ཀྱང་མ་ཁུག ཡང་བློན་གནོན་ཁམས་པ་ཞེས་པར་“ཁྱོད་ཀྱིས་ཡེ་ཤེས་དབང་བོ་ཁུག་ན་ཟངས་ཆེན་པོ་བྱ་དགར་བྱིན། མ་ཁུག་ན་བསད་དོ། །”ཞེས་བཀའ་བསྒོས་ནས་བཏང༌། དེས་ཡེ་ཤེས་དབང་བོ་ལ་“ཁྱེད་མ་བྱོན་ན་བདག་བྲག་ལ་མཆོངས་ཏེ་འགུམ་མོ། །”ཞེས་ཞུས་པས་“འདིར་བདུད་ཀྱི་བར་ཆད་ཆེན་པོ་ཞིག་འོང་འོངས་”སོགས་གསུངས་ཏེ་ཕེབས་པར་ཞལ་གྱིས་བཞེས། བཙད་པོས་བློན་པོ་ལ་འཕྲལ་དུ་ཟངས་ཆེན་པོ་དང་བྱ་དགའ་ཆེ་ཐང་བསྩལ། ཡེ་ཤེས་དབང་བོ་ཆིབས་རྟས་ཕོ་བྲང་དུ་སྤྱན་དྲངས། བད་པོས་བཙུན་པ་འཁྲུག་པའི་ལོ་རྒྱུས་ཞིབ་ཏུ་བསྙད་པར། ཡེ་ཤེས་དབང་བོས། དེར་“བདག་དགུག་མི་འཚལ། མཁན་པོ་བོ་དྷི་ས་ཏྭའི་ཞལ་ཆེམས་བདོག བདག་སྒོམ་པའི་བར་ཆད་མ་བྱས་ན་ཚེ་རིང༌། བཙད་པོ་ཡང་སྐུ་ཚེ་རིང་ལ་དམ་པའི་ཆོས་ཀྱང་འཕགས་པ་བྱམས་པ་མ་བྱོན་པའི་བར་དུ་གནས་པ་ཡིན་པ་ལ། བོད་ལ་སྐལ་པ་མ་མཆིས་”ཞེས་གསུངས་ཏེ་མཁན་པོའི་ཞལ་ཆེམས་གོང་དུ་བཀོད་པ་དེ་གསུངས་ཤིང་དེ་ལྟར་བྱས་ཏེ། པཎྜི་ཏ་ཀ་མ་ལ་ཤཱི་ལ་སྤྱན་དྲངས། བཙད་པོ་གོང་ལ་བཞུགས། ཧྭ་ཤང་གཡས་གྲལ་དང༌། སློབ་དཔོན་གཡོན་གྲལ་བྱས་ཏེ་བརྩད་པས་ཧྭ་ཤང་ཕམ་སྟེ་མེ་ཏོག་གི་ཕྲེང་བ་སློབ་དཔོན་ལ་ཕུལ། དེ་ནས་བཙད་པོས། “ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ལུགས་ཟུངས། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་སློབས་”གསུངས་ཏེ་ཧྭ་ཤང་སྤྲད། སློབ་དཔོན་པདྨ་སམྦྷ་ཝས་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་དབང་བསྐུར། མན་ངག་ལྟ་འཕྲེང་སོགས་རྫོགས་པ་ཆེན་པོའི་ཆོས་བཀའ་དུ་མ་བསྩལ། བོད་ཡུལ་ཐམས་ཅད་བྱིན་གྱིས་བརླབས། གཏེར་ཁ་མང་དུ་སྦས་ཤིང་མ་འོངས་པ་ན་དུས་དང་དུས་སུ་ལས་ཅན་གྱི་སྐྱེས་བུ་རེས་འདོན་པར་འགྱུར་བར་བྱིན་གྱིས་བརླབས་ཏེ་སླར་ལྷོ་ནུབ་རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་ལ་གཤེགས་ཏེ་སྐུ་འདའ་བ་མེད་པར་བཞུགས། ཞེས་ལྷོ་བྲག་ཆོས་འབྱུང་ལས་བྱུང་ཞིང༌། གཞན་དུ་ལྷ་སྲས་མུ་ནེ་བཙད་པོའི་སྐུ་རིང་དུའང་བཞུགས་པར་གསུངས་ཡོད།⑬ དེར་ཕྱི་ལོ་845སྟེ་ཤིང་གླང་འདས་ལོ་1726ལོར་བཙད་པོ་ཡང་གཤེགས།
དེ་ནས་ཕྱི་ལོ་822ལོ་སྟེ་ཆུ་སྟག་འདས་ལོ་1703ལོར་འཁྲུངས་པའི་སྲས་མུ་ནེ་བཙད་པོས་ཕྱི་ལོ་844སྟེ་ཤིང་བྱི་འདས་ལོ་1725ལོར་རྒྱལ་སྲིད་གནང་ཚེ། ལྷ་ས་དང་ཁྲ་འབྲུག་ཏུ་འདུལ་བ་དང་མངོན་པའི་མཆོད་པ། བསམ་ཡས་སུ་དྲིལ་འཕྲེང་དང༌། བ་དན། འཕན་ཆེན་པོ་མང་དུ་ཕྱར་ནས། མདོ་སྡེ་དང་མངོན་པར་བྱང་ཆུབ་པའི་མཆོད་པ་སྟེ་མཆོད་ཆེན་བཞི་བཙུགས། འདས་ལོ་1726ལོར་འདས།
ཕྱི་ལོ་823ལོ་སྟེ་འདས་ལོ་1704ལོར་འཁྲུངས་པའི་སྲས་ཁྲི་ལྡེ་སྲོང་བཙན་གྱིས་ཕྱི་ལོ་846སྟེ་མེ་སྟག་འདས་ལོ་1727ལོར་ཆབ་སྲིད་བཞེས་ཚེ། གཅེན་མུ་ནེ་བཙད་པོའི་སྐུ་རིང་ལ་མཆོད་རྒྱུན་བཙུགས་པ་རྣམས་ཉམས་དམས་སུ་གྱུར་ཚེ་སླར་གསོས་གནང༌། རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ། ཛྙཱ་ན་སེ་ན། བལ་པོ་ཧཱུྃ་ཀ་ར་སོགས་སྤྱན་དྲངས་ཏེ་ཆོས་མང་བོ་བསྒྱུར། སྐྱིད་ཤོད་དུ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་བཀའ་གཙིགས་⑭ཀྱང་གནང༌། དེ་ནས་ཕྱི་ལོ་877ལོ་སྟེ་མེ་བྱ་འདས་ལོ་1758ལོར་སད་ན་ལེགས་མཇིང་ཡོན་སྦྲགས་ཀྱི་ཕུར་སྐུ་གཤེགས།
ཕྱི་ལོ་866ལོ་མེ་ཁྱི་སྟེ་འདས་ལོ་1747ལོར་འཁྲུངས་ཤིང༌། ཕྱི་ལོ་877མེ་བྱ་འདས་ལོ་1758ལོར་ཁྲིར་འཁོད་པའི་བཙད་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་རྒྱའི་གོང་གུ་རྨེ་རུ་ཞེས་བྱ་བས་རྒྱ་བོད་ཀྱི་ས་མཚམས་བྱས་ཏེ་རྒྱ་བོད་ཕན་ཚུན་མཛའ་སྦྲེལ་བགྱིས། སོ་སོའི་དམག་དཔུང་དྲངས་ཏེ་ཚད་དེ་ལས་མི་འདའ་བའི་མནའ་བྲོ་བོར། ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ཤཱི་ལེནྡྲ་བོ་དྷི། བོ་དྷི་མི་ཏྲ། བོད་ཀྱི་མཁན་པོ་དྷརྨ་རཀྵི་ཏ། དྷརྨ་ཏ་ཤཱི་ལ། ལོ་ཙཱ་བ་མཁས་པ་ཛྙཱ་ན་སེ་ན། ཛ་ཡ་རཀྵི་ཏ། མཉྫུ་ཤྲི་ཝརྨ། རཏྣེནྡྲ་ཤཱི་ལ་ལ་སོགས་པ་རྣམས་ལ་ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང༌། ཀུན་གྱིས་སློབ་ཏུ་རུང་ལ་ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་བ་དང༌། ཆད་ལྷག་སྤང་པའི་ཕྱིར་དཀར་ཆག་ཀྱང་བྲིས་ཤིག་ཅེས་བཀའ་བསྩལ་ཏེ་བཀས་བཅད་དང་མཐུན་པའི་དཀར་ཆག་དང་དག་ཡིག་མཛད། དགེ་འདུན་བྱིངས་ཀྱི་འཚོ་བ་བཙད་པོ་སྔ་མའི་དུས་ལས་ལྡབ་མང་ཙམ་འཕར་བའི་ཞབས་འདེགས་ཞུས། འདི་ཡན་ཆོད་དུ་བཙད་པོ་རིམ་བྱོན་གྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་སོ། །ཕྱི་ལོ་901ལྕགས་བྱ་འདས་ལོ་1782ལོར་དབས་སྟག་རྣ་ཅན། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་གསུམ་གྱིས་དབུ་ལྟག་པར་བསྐོར་ཏེ་བཀྲོངས་སོ། །⑮
དེ་ནས་ཕྱི་ལོ་863ཆུ་མོ་ལུག་འདས་ལོ་1744ལོར་འཁྲུངས་ཤིང༌། ཕྱི་ལོ་901ལྕགས་བྱ་འདས་ལོ་1782ལོར་ཁྲིར་ཕེབས་པའི་བཙད་པོ་ལྷ་སྲས་དར་མའི་དུས་རབས་ནས་བཟུང༌། བོད་ཆོས་སྲིད་རིག་གཞུང་མ་ལུས་པ་ཆེས་ཉམ་ཐག་པར་གྱུར་པ་སྨྲོས་མེད་བཞིན་བསམ་ཡས་གཙུག་ལག་ཁང་འདིའང་མས་འགྲིབ་ཏུ་སོང་ཡོད་པ་རེད། ལྷ་སྲས་དར་མའང་ཕྱི་ལོ་906མེ་སྟག་འདས་ལོ་1787ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས། དེ་ནས་ཕྱི་ལོ་907མེ་ཡོས་འདས་ལོ་1788ལོར་འཁྲུངས་པའི་མངའ་བདག་འོད་སྲུང་དང་ཡུམ་བརྟན་གཉིས་སྲིད་ལ་མ་འཆམ་པའི་ཁྲོད་མདོ་སྨད་ནས་འབངས་གྱེན་ལོག་ཛ་དྲག་བྱས་པ་ལ་བརྟེན་འོད་སྲུང་ཁག་གིས་གཡོ་རུ་དང༌། ཡུམ་བརྟན་ཕྱོགས་ཀྱིས་དབུས་རུ་བཟུང་སྟེ། ཆེ་སྲིད་དང་ཆུང་སྲིད། མང་ཚན་ཉུང་ཚན། གསེར་བ་གཡུ་བ། ཤ་ཟན་དང་རྩམ་ཟན་ཞེས་པའི་ཁག་གཉིས་སུ་ཆད་དེ་དམག་འཁྲུག་ལོ་ཉི་ཤུ་རྩ་བརྒྱད་བྱས་པ་བརྒྱུད་ནང་འཁྲུག་བར་མ་ཆད་པར་བྱས་པས་གཙུག་ལག་ཁང་རིན་པོ་ཆེ་རྣམས་ལ་ཡང་ཞབས་ཏོག་བྱེད་མཁན་མེད་ཅིང་སྤྲང་ཚང་བཅས་ཏེ་ཤིན་ཏུ་ཉམ་དམས་སུ་གྱུར། དེ་ལྟར་རིང་ཞིག་ལོན་པ་ན། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་དང༌། མདོལ་ཆུང་སྐོར་དཔོན་གྱིས་སྤྲང་ཁང་ཟུར་དུ་བརྩིགས། དམག་སྦས། ཕྱོགས་གཅིག་ཏུ་འགྱེད་སྟོན་བཏང་བ་ལ་སྤྲང་བོ་རྣམས་འདུས་པས་ཤུལ་འཕྲོགས་ཏེ་སྤྲང་ཚང་བཏོན། གཙང་ཁང་དབུས་མའི་རྟེན་རྣམས་སྐུ་ཆུང་པས་མི་མཛེས་ཟེར་ཏེ་སྟེང་ཁང་དུ་གདན་དྲངས་པས་མི་འཁྲུགས་པའི་སྐུས་ཁོ་བོ་གཞན་དུ་མི་འགྲོ་གསུངས་པས་ཇོ་བོ་མི་འགྲོ་གསུང་འབྱོན་དུ་གྲགས། སླར་ཐུབ་པ་གངས་ཆེན་མཚོ་རྒྱལ། སེམས་དཔའ་སེམས་མ་སྒོ་སྲུང་དང་བཅས་པ་བཞེངས་ཤིང་ཞིག་གསོ་ཚད་མེད་བྱས། རྗེས་སུ་མདོལ་ཆུང་སྐོར་དཔོན་གྱིས་ལུས་སྣུམ་རས་ཀྱིས་བཅིངས་པ་ལ་སྤྱི་བོ་ནས་རིམ་པས་མར་མེ་སྦར་ཏེ་ཇོ་བོའི་དྲུང་དུ་ཕུལ་ནས། འགྲེང་བཞིན་དུ་བཟང་སྤྱོད་སྨོན་ལམ་ཚར་གཉིས་བཀླགས་ནས་ཚར་གསུམ་པའི། “མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །”ཞེས་པའི་སྐབས་སུ་་“ཉམས་འུར་ནས་བཀྲབས་ཏེ་སྐད་ཅིག་དེ་ལ་སྤྱི་བོ་ནས་ཐོད་པ་གོག་པའི་ཤུལ་ནས་འོད་ཆེན་པོ་ཞིག་ནམ་མཁར་སོང༌། དེ་མ་ཐག་ས་གཡོས། མེ་ཏོག་གི་ཆར་ཆེན་པོ་བབ”ཅེས་གཙུག་ལག་འཕྲེང་བ་སྨྲའོ། །
དེ་ནས་ཕྱི་ལོ་978ས་སྟག་འདས་ལོ་1859ལོར་མདོ་སྨད་བླ་ཆེན་པོ་དགོངས་པ་རབ་གསལ་གྱི་སློབ་མ་གྲུམ་ཡེ་ཤེས་རྒྱལ་མཚན་ལས། དབུས་གཙང་མཁས་པ་མི་བཅུས་བསྙེན་རྫོགས་མནོས་ཏེ་དབུས་སུ་འབྱོར་ཡང་ལྷ་སར་སྡོད་མ་ཚུགས་པར་བསམ་ཡས་སུ་བྱོན་ནས། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་ཀ་ཆུང་ལྷ་ཁང་བདག་པོ་བྱས་ཤིང༌། རག་ཤི་སྤུན་མཆེད་གཉིས་ཀྱིས་དགེ་རྒྱས་བྱེ་མ་གླིང་བདག་བྱས། འབྲིང་ཡེ་ཤེས་ཡོན་ཏན་གྱིས་ཁམས་གསུམ་ཟངས་ཁང་གླིང་བདག་པོ་བྱས། རྦ་ཚུལ་ཁྲིམས་བློ་གྲོས་སྤུན་མཆེད་ཀྱིས་བསམ་ཡས་དབུ་རྩེའི་ལྷ་ཁང་བདག་པོ་བྱས་པ་སོགས་ཀྱི་སྡེ་གཞི་ཚུགས་པ་ནས་《བསམ་ཡས་གཙུག་ཁང་》གིས་མཚོན་ལྷ་ཁང་དང་དགོན་གཞིས་དག་ཏུའང་འཆད་ཉན་གྱི་རྒྱུན་དར་སྤེལ་རྒྱ་ཆེན་བྱུང༌། ཕྱིས་རྦ་འབྲིང་གི་སྡེ་འཁྲུག་བྱུང་བས་གཙུག་ལག་ཁང་རྣམས་དམག་གིས་འཇིག་པ་ན། ཆོས་རྒྱལ་གྱིས་ལུང་བསྟན་པ་ལྟར་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་བོ་མ་མགོན་དང་རྫོང་བཙན་གྱིས་སྤྱན་དྲངས་ཏེ་བྱོན་ནས་སྡེ་འཁྲུག་བསྡུམ་པར་ཤིན་ཏུ་དཀའ་ནས་འབྱོན་པར་བརྩམས་ཚེ། ཇོ་བོས་སྤྱན་ཆབ་ཕྱུངས་ཏེ་“འཁྲུག་པ་འདི་ཁྱོད་ཀྱིས་མི་བསྡུམ་སུས་བསྡུམ་”ཞེས་གསུང་བ་སྐུ་འཁོར་ཡོངས་ཀྱིས་ཐོས། ཡང་ཤིན་ཏུ་དཀའ་བས་བླ་མ་ལྷ་རྗེ་བྱོན་པས། ཇོ་བོས། “སྒོམ་ཚུལ་ཁྱོད་ཀྱིས་ང་འཇོག་ཕོད་དམ་”གསུངས་ཏེ་འཁྲུག་པ་དེ་མ་ཐག་འདུམ།⑯ སླར་ཁྱམས་ཁྲ་བར་སྐོར་སོགས་ཀྱི་ཐོག་རྩིག་དང་རི་མོ་བཅས་གཞི་ནས་བཅོས། ཇོ་བོ་གཙང་ཁང་ལྷོ་མར་བཞུགས་པ་དབུས་མར་སྤྱན་དྲངས། ⑰མཆོད་པ་དཔག་མེད་མཛད། བསྟན་པ་གཞི་ནས་བཞེངས་ཞེས་ཀྱང་བྱུང་ངོ༌། །དེ་ནས་ཚལ་དཔོན་དར་མ་གཞོན་ནུ། བློན་པོ་མགར་གྱི་མི་རྒྱུད་ཚལ་དཔོན་སངས་རྒྱས་དངོས་གྲུབ་ཕྱིས་རྒྱུད་དང་བཅས་པས། ཆུ་རགས་རྩིག་པ། སྒོ་གླེགས་འགེལ་བ། མཆོད་རྒྱུན་ཉམས་གསོ། འཆད་ཉན་རྒྱུན་སྤེལ་སོགས་སྔ་འགྱུར་རྙིང་མའི་ཆོས་གཞིས་ཆེན་པོ་དེ་རྒྱུན་འཛིན་བྱས་ཤིང༌། གཞན་ཡང་ལྷ་རྗེ་དགེ་བ་འབུམ། དེའི་ལྕམ་མོ་ཡེ་ཤེས་མཆོག ཞིག་པོ་བདུད་རྩི་སོགས་ཀྱིས་ཀྱང་ཆུ་རགས་དང་ཞབས་ཏོག་བསྒྲུབས། མངའ་རིས་ཡ་རྩེ་རྒྱལ་བོ་རེའི་སྨལ་གྱིས་⑱ལྷ་ས་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་དབུ་ཐོག་གི་རྒྱ་ཕིབས་དང༌། ཐུགས་རྗེ་ཆེན་པོའི་དབུ་ཐོག་གི་རྒྱ་ཕིབས་ཆུང་བ་བཅས་བཞེངས། ཏཱ་མིང་གོང་མ་ཡུང་ལོས་ཀྱིས་ཕྱི་ལོ་1408འདས་ལོ་2289ལོར་ལྷ་གཙུག་ལག་ཁང་ལ་ཉམས་གསོ་མཛད་པ་སོགས་གཙུག་ལག་ཁང་གཞན་གྱི་བྱུང་བ་ནི་གཞན་ལས་ཤེས་པར་བྱ་ལ། ཕྱི་ལོ་1038ས་སྟག་འདས་ལོ་1919ལོར་གཏེར་སྟོན་གྲྭ་བ་མངོན་ཤེས་ཅན་གྱིས་བསམ་ཡས་གཙུག་ལག་ཁང་གི་ཀ་བའི་གསེབ་ནས་སྨན་གྱི་རྒྱུད་བཞི་གཏེར་ནས་བཞེས་པ་དང༌། ཕྱི་ལོ་1047མེ་ཕག་འདས་ལོ་1928ལོར་ཇོ་བོ་རྗེ་དཔལ་ཨ་ཏི་ཤ་གཙུག་ལག་ཁང་འདིར་བྱོན་པ། ཕྱི་ལོ་1282ཆུ་རྟ་འདས་ལོ་2163ལོར་གྲུབ་ཐོབ་ཨུ་རྒྱན་པས་གཙུག་ལག་ཁང་འདིར་བསྟན་རྩིས་མཛད་པ། ཕྱི་ལོ་1285ཤིང་བྱ་འདས་ལོ་2166ལོར་ཡར་རྗེ་ཨོ་རྒྱན་གླིང་བས་བསམ་ཡས་གཙུག་ལག་ཁང་འདི་ནས་བཀའ་ཐང་སྡེ་ལྔ་གཏེར་ནས་བཏོན་པ་སོགས་ཡིན་ལ། དེབ་ཐེར་མཁས་དགའ་ལས། “དཔལ་བསམ་ཡས་གཙུག་ལག་ཁང་ལ་ཕྱིས་ས་སྐྱ་དཔལ་ལྡན་བླ་མ་དམ་པ་ཁོ་ན་བཀའ་དྲིན་ཆེ་སྟེ་ཞིག་གསོ་དང་ཞབས་ཏོག་མཐའ་ཡས་པར་མཛད་དོ། །”ཞེས་གསུངས་པ་ལྟར་རོ། །སླད་མར་ཡང་འཕེལ་འགྲིབ་མང་ཙམ་བྱུང་འདུག་སྟེ། ཕྱི་ལོ་1806བོད་རབ་བྱུང་བཅུ་གསུམ་པའི་མེ་ཕོ་སྟག་ཤཱཀྱའི་འདས་ལོ་2687ལོར་ས་ཡོམ་ཆེན་པོ་བྱུང་ནས་བསམ་ཡས་གཙུག་ལག་ཁང་གི་གྱང་རྩིག་ཁག་གཅིག་ཞིག་སྐྱོན་བྱུང་བ། ཕྱི་ལོ་1816བོད་རབ་བྱུང་བཅུ་བཞི་བའི་མེ་བྱི་ཤཱཀྱའི་འདས་ལོ་2697ལོའི་ཟླ་དྲུག་པའི་ནང་བསམ་ཡས་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བ། ཕྱི་ལོ་1846བོད་རབ་བྱུང་བཅུ་བཞི་བའི་མེ་རྟ་ཤཱཀྱའི་འདས་ལོ་2727ལོར་ལྷོ་ཁུལ་དུ་ས་ཡོམ་ཆེན་པོ་བྱུང་སྟེ་བསམ་ཡས་གཙུག་ལག་ཁང་ལ་ཞིག་སྐྱོན་བྱུང་བ། ཕྱི་ལོ་1851བོད་རབ་བྱུང་བཅུ་བཞི་བའི་ལྕགས་ཕག་ཤཱཀྱའི་འདས་ལོ་2732ལོར་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོས་བཀའ་བློན་བཤད་སྒྲ་བ་དབང་ཕྱུག་རྒྱལ་བོ་མངགས་གཏོང་མཛད་ནས་བསམ་ཡས་གཙུག་ལག་ཁང་ཞིག་གསོ་བྱས་པ། ཕྱི་ལོ་1854བོད་རབ་བྱུང་བཅུ་བཞི་བའི་ཤིང་སྟག་ཤཱཀྱའི་འདས་ལོ་2735ལོར་བསམ་ཡས་གཙུག་ལག་ཁང་ལ་རྒྱ་ནག་གོང་མ་ཞན་ཧྥུང་གིས་《བསྟན་པའི་སྲོག་ཤིང་འགྲན་ཟླ་མེད་པའི་ཞིང་མཆོག》ཅེས་འཁོད་པའི་བསྔགས་བརྗོད་ཀྱི་སྒོ་བྱང་ཕུལ་བ་ལྟ་བུ་དང༌། ལྷག་ཏུ་དུང་དཀར་ཚིག་མཛོད་ལས། “ངག་རྒྱུན་ལྟར་ན་མི་ལོ་སུམ་བརྒྱའི་གོང་རོལ་ཏུ་བསམ་ཡས་གཙུག་ལག་ཁང་འདིའི་སྔར་གྱི་ཁང་རྒྱུད་རྣམས་མེས་འཇིག་སྐད། ད་ལྟའི་བསམ་ཡས་དགོན་འདི་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་ཐོག་དེ་མོ་རྒྱལ་ཐོག་ཐོག་མའི་སྐབས་ཉམས་གསོ་རྒྱ་ཆེར་མཛད་ནས་བསྒྲུབས། གཙུག་ལག་ཁང་འདི་ཆོས་འཁོར་རིམ་པ་བཅུ་གསུམ་གྱི་ཡ་གྱལ། བསྟན་པ་སྔ་དར་ལ་དམ་པའི་ཆོས་དར་ཡུལ། རྒྱ་གར་གྱི་ལོ་པཎ་དུ་མ་བྱོན་ཏེ་དམ་པའི་ཆོས་སྒྱུར་བའི་གནས་མཆོག གཞི་རྒྱ་ཆེ་ལ་འཕང་མཐོ་བ། རྒྱུ་བཟང་ལ་བཀོད་པ་ལེགས་པ་བཅས་ཡངས་པའི་ནོར་འཛིན་ཁྱོན་དུ་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བ་ཞིག་ཡིན། འོན་ཀྱང་རིག་གནས་གསར་བརྗེའི་སྐབས་གཏོར་སྐྱོན་ཆེན་པོ་ཕོག་ནས་ནང་གི་རྟེན་རྙིང་ཕལ་ཆེ་བ་བཞུགས་མེད། རིག་གསར་རྗེས་ཉམས་གསོ་བྱས་ཏེ་ད་ཆ་སྔར་རྒྱུན་ལྟར་གྱུར་ཡོད་”ཅེས་གསུངས་པ་ལྟར་རོ། །
ཞེས་ལོ་རྒྱུས་སྨྲ་བའི་དབང་བོ་ཀུན་མཁྱེན་བུའི་ཆོས་འབྱུང༌། པདྨ་བཀའ་ཐང༌། སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེའི་སློབ་དཔོན་ཆེན་པོའི་རྣམ་ཐར། བདུད་འཇོམས་ཆོས་འབྱུང༌། མཁར་རྨེའུ་བསམ་གཏན། ཁང་དཀར་ཚུལ་ཁྲིམས། ཚེ་དམུ་དུང་གསུམ་གྱི་ལོ་རྒྱུས་དང་དཔྱད་བརྗོད། དཔའ་བོ་གཙུག་ལག་འཕྲེང་བའི་ཆོས་འབྱུང་དང༌། དེར་བཀོད་པའི་རྦ་བཞེད་དང༌། བཀའ་གཙིགས་ཀྱི་ཡི་གེ། གཞན་ཡང་རྡོ་རིང་དང༌། དྲིལ་བུའི་ངོ་བཤུས་ཁག་དང༌། བཀའ་གཙིགས་ཡི་གེ་སོགས་ཀྱི་ཚིག་སྣ་དང་ཕྲད་ནི་བསྡུས་ལ། དོན་གནད་གཙོ་ཆེར་བྱུང་བ་དག་ལའང་ཕྲི་སྣོན་གང་འཚམ་བགྱིས་ཏེ་བོད་གངས་ཅན་པ་སྤྱི་དང་ཁྱད་པར་དུ་སྔ་འགྱུར་རྙིང་མའི་མདོ་སྔགས་རིག་གཞུང་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་གཙུག་ལག་ཁང་རིན་པོ་ཆེ་གང་གི་བྱུང་བ་མདོ་མཚོན་ཞེས་བགྱི་བ་འདི་ཤིན་ཏུ་ཉུང་ངུའི་ངག་གིས་གླེང་བར་བྱས་པའོ། །
འདི་དང་འདི་བཞིན་རྣམ་དཀར་ལས་ཀྱི་ཆ། །རགས་དང་ཕྲ་བར་གྱུར་པ་གང་ཡོད་པ། །མར་གྱུར་འགྲོ་བ་གདོད་མའི་གཞི་དབྱིངས་སུ། །ངལ་བསོའི་རྒྱུ་རུ་བླ་མས་མཐུན་འགྱུར་མཛོད། །
ཞེས་ཕྱི་ལོ་2009.11.1བོད་རབ་བྱུང་བཅུ་བདུན་པའི་ས་མོ་གླང་ཤཱཀྱའི་འདས་ལོ་2890ལོར་སྤྱང་ཤུལ་འཇམ་དབྱངས་ཤེས་རབ་ཏུ་འབོད་པས་ཡིག་རིས་སུ་སྤེལ་བའི་དགེ་བས་ཕ་མས་ཐོག་དྲངས་ཕྱོགས་དུས་ཀྱི་སེམས་ཅན་དག་གི་རྒྱུད་ལ་རྣམ་དཀར་གྱི་དགེ་རྩ་ཕྲན་ཙམ་རེ་ཐོབ་པར་སྨོན་པའོ། །དགེ་ལེགས་སུ་གྱུར་ཅིག
① མཁས་གྲུབ་ནོར་བཟང་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ། གཙང་ཆུང་ཆོས་གྲགས་རྒྱ་མཚོ་སྟེ་རྒྱ་མཚོའི་མཚན་ཅན་གསུམ་གྱིས་བཞེད་པའི་སྟོན་པའི་འདས་ལོ་འདི་ལ་ཚིག་སྣ་བསྡུས་ཏེ་སྨྲས་ན། ཕུག་ལུགས་སྟོན་པའི་འདས་ལོ་ཟེར་གྱི་ཡོད་པ་རེད།
② སླད་མར་ཤཱཀྱའི་འདས་ལོ་དང༌། ཡང་ན་འདས་ལོ། ཞེས་ཚིག་བསྡུ་ཅི་རིགས་པའི་སྒོས་སྦྱོར་རྒྱུ་ཡིན།
③ དུར་ཁྲོད་ཀྱི་མིང་གཞན།
④ དེབ་དཀར་ལས། “བང་སོའི་ནང་གི་རེའུ་མིག་དགུའི་དབུས་སུ་བཙན་པོའི་སྐུ་སྤུར་གསེར་གྱིས་བྱུགས་ནས་འཇོག་ཅིང༌། དཀོར་ནོར་གྱིས་བཀང༌། ནང་བློན་གང་ཡིན་དེ་དུར་སྲུང་དུ་འཇོག ཁོང་རང་འཁོར་བཅས་གཤིན་པོའི་རྟགས་བཏབ་སྟེ། རྒྱལ་རྒྱུད་གསོན་པ་རྣམས་དང་འཕྲད་མི་ཆོག་པ་ཡིན། བ་ཕྱུགས་སོགས་བང་སོའི་ཉེ་འཁོར་དུ་འཁྱར་ན། ཁོང་རྣམས་ཀྱིས་བཟུང་སྟེ་གཤིན་པོའི་རྟགས་བཏབ་ནས་སླར་བདག་པོ་ལ་མི་སྤྲོད། ལོ་དུས་ཀྱི་མཆོད་པའི་སྐབས་སུ་དུང་བཏང་བ་དང་མཉམ་དུ། ཁོང་རྣམས་ལུང་བ་ཞིག་ཏུ་བྲོས་ནས་ཡིབ་སྟེ་སྡོད། དེ་ནས་བཙན་པོ་འཁོར་བཅས་ཀྱིས་མཆོད་པ་ཕུལ་བའི་རྗེས་སུ་སླར་འཁོར་ནས་མཆོད་པ་རྣམས་བསྡུས་ནས་ལོངས་སྤྱོད།” ཅེས་པ་ལྟར་ཡིན་ལ། འབྲོག་གཉན་ལྡེའུ་ལ་ཀླུ་ནད་ཕོགས་ཏེ་གསོན་དུར་ལ་ཞུགས་བྱ་བའང་དེ་འདྲ་ཡིན་ནོ། །
⑤ འདི་ངན་ལམ་ཏ་ར་ཀླུ་གོང་དང་མི་འདྲ།
⑥ བརྟན་མ་བཅུ་གཉིས་ནི། རྡོ་གྲུབ་ཆེན་གསུམ་པའི་བོད་སྐྱོང་བརྟན་མའི་རྣམ་བཤད་ལས། “བརྟན་མ་ཟེར་བའི་སྒྲ་བཤད་ལ། བརྟན་པ་སྣོད་ཀྱི་འཇིག་རྟེན་སྐྱོང་མ། ཞེས་ར་བརྟན་གྱི་སྟེང་ནས་དང༌། བོད་དུ་མུ་སྟེགས་མི་གཏོང་བར་རྒྱལ་བསྟན་སྲུང་བ་མོ། ཞེས་ས་བསྟན་གྱི་བཤད་ཚུལ་ཡོད་ཅེས་སྐྱབས་རྗེ་གསུང༌། ཞེས་དང༌། བརྟན་མ་བཅུ་གཉིས་བཞི་ཚན་གསུམ་དུ་བྱེད་ཚུལ་ལ། མི་འདྲ་བ་ཅུང་ཟད་ཡོད་ཀྱང་གྲགས་ཆེ་བ་ནི། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང༌། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༌། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང༌། །ཞེས་དང༌། གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང༌། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང༌། །ཞེས་དང༌། ཀོང་བཙུན་དེ་མོ་བོད་ཁམས་སྐྱོང༌། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་མོ་ཆེན་མོ་ཁྱེད་བཞི་ཡང༌། །ཞེས་པ་ལྟར་རོ། །”ཞེས་གསུངས་སོ། །
⑦ བལ་བོའི་རྡོ་མཁན་ན་རེ། “བོད་ཀྱི་རྡོ་ལ་གཟོ་བཏུབ་མི་བཏུབ་བལྟའོ་”ཟེར་ནས་བྲག་ལ་ཤ་བའི་གཟུགས་ཤིག་བརྐོས་སོ། །ཞེས་ཀྱང་བྱུང༌།
⑧ བོད་ཀྱི་རབ་བྱུང་ལ་སྔ་བ་ནི་འདི་བ་ཚང་ཡིན་ནོ། །
⑨ འདི་ངན་ལམ་སྟག་སྒྲ་ཀླུ་གོང་ཡིན་པར་ཏུན་ཧོང་ཡིག་རྙིང་གིས་ཐག་ཆོད།
⑩ འུ་ཚོ་ལ་ལོ་རྒྱུས་སྨྲ་བ་ཚོས་འདོན་སྤྲོད་བྱས་པ་ལྟར་ན། དེའི་སྔོན་དུའང་དགོན་པའི་མིང་ཙམ་རེ་དང་ལྷ་ཁང་གྲངས་མང་ཙམ་མཆིས་པར་བཤད་ཡོད། ཁོ་བོས་སྙམ་ན། སྒར་དང་དགོན་པ་ཞེས་པའི་གོ་དོན་ལ་བཤད་སྒྲུབ་ལས་གསུམ་གྱི་བཤད་སྒྲུབ་གཉིས་ལས་གང་རུང་ངེས་པར་ཡོད་པ་ཞིག་ལ་གོ་དགོས་ཤིང༌། རྣམ་པ་གཅིག་ཏུ་ན་བཤད་པ་ཡོད་ན་སྒྲུབ་པ་ཡོད་པས་མ་ཁྱབ་ཀྱང༌། སྒྲུབ་པ་ཡོད་ན་བཤད་པ་ངེས་པར་ཡོད་པ་ཞིག་ཏུའང་གཟུང་ངོ༌། །འོ་ཀྱང་བཤད་གྲྭ་དང་སྒྲུབ་གྲྭའི་ཟླས་དབྱེ་ན་ནི་མ་ངེས་སོ། །
⑪ རྦ་གསལ་སྣང་རབ་ཏུ་བྱུང་རྗེས་མཁན་ཆེན་གྱིས་བཏགས་པའི་མཚན་ཡིན།
⑫ དུང་དཀར་བློ་འཕྲིན་གྱིས། “རྒྱལ་པོའི་དགོངས་པར་ད་ལྟ་ང་རང་འཚོ་སྡོད་སྐབས་བསམ་ཡས་སོགས་ལྷ་ཁང་ཁག་གི་མཆོད་རྒྱུན་དང༌། མཁན་པོ་གྲྭ་པ་བཅས་ཀྱི་འཚོ་བའི་རྟེན་མང་ཉུང་ཇི་ཙམ་སྤྲོད་དགོས་པའི་གཏན་འབེབས་ཤིག་མ་ཐུབ་ན། ང་རང་ཤི་རྗེས་དེ་ཚོར་ལྟ་རྟོག་བྱེད་མཁན་མེད་པར་ལུས་སྲིད་པས། ལྷ་ཁང་དང་མཆོད་རྒྱུན་ལ་ལྷ་རིས་མི་ཁྱིམ་བདུན་རེ་སྤྲོད་རྒྱུའི་བསམ་འཆར་ཡོད་ལུགས་རྦ་ཡེ་ཤེས་དབང་པོ་ལ་གསུངས་པས། ཡེ་ཤེས་དབང་པོས་རྒྱལ་པོ་ལ་བཤད་དོན། དེ་སྔ་རྒྱལ་པོས་བློན་པོ་བྱས་རྗེས་ཡོད་པ་གཅིག་ལ་འབངས་མི་ཁྱིམ་དགུ་བརྒྱ་གནང་བ་དང་བསྡུར་ན། གཙུག་ལག་ཁང་དང་གྲྭ་པའི་འཚོ་རྟེན་གོང་གསལ་ལྟར་གནང་པ་ཆུང་སྐྱོན་མ་གཏོགས་ཆེ་སྐྱོན་མི་འདུག་ཀྱང༌། རྗེས་སུ་རྒྱལ་པོའི་ཁྱིམ་ཚང་ནང་མི་མཐུན་པ་བྱུང་བའམ། ཡང་ན་མི་ཕྱུགས་ལ་ནད་ཡམས་ཆེན་པོ་བྱུང་བ་དང༌། དེ་བཞིན་དགྲ་བོས་དམག་བྱུང་བ། ཡང་ན་མུ་གེ་ཆེན་པོ་བྱུང་བ་སོགས་དང་ཐུག་དུས་རྒྱལ་པོས་གཏན་འབེབས་གནང་བ་དེར་གནས་མི་ཐུབ་པས་ཕུགས་བརྟན་པོར་ཡོང་ཆེད། གཙུག་ལག་ཁང་གི་མཆོད་རྒྱུན་ལ་འབངས་མི་ཁྱིམ་ཉིས་བརྒྱ་དང༌། གྲྭ་པ་སྒེར་སོ་སོར་འབངས་མི་ཁྱིམ་གསུམ་རེ་གནང་སྟེ། ལྷ་འབངས་རྣམས་ཀྱི་དབང་ཆ་གྲྭ་པ་ཚོའི་ལག་ཏུ་སྤྲད་པ་ཡིན་ན་འཚམས་པོ་ཡོང༌། ཞེས་ཞུས་”ཞེས་བཀོད་པ་ལྟར་རོ། །
⑬ སློབ་དཔོན་ཆེན་པོ་སླར་ཕེབས་ཚུལ་ལ་བཞེད་པ་མི་འདྲ་བ་མང་བས་འདིར་ཡང་ཕེབས་བཞུགས་གང་འདྲ་ཡིན་གྱི་ཁ་ཚོན་གཅད་མ་ནུས།
⑭ ལྷོ་བྲག་ཆོས་འབྱུང་ལ་གཟིགས།
⑮ དུང་དཀར་ཚིག་མཛོད་དུ་ལྷོ་བྲག་ཆོས་འབྱུང་ལས་བྱུང་བའི་རལ་པ་ཅན་གྱི་འདས་ལོ་དང༌། དར་མ་ཁྲིར་བཞུགས་ཀྱི་ལོ་ཚིགས་བཀོད་མི་འདུག་ཀྱང༌། དཔར་སྐྲུན་པས་ཆད་ལྷག་ཤོར་བར་དོགས་སོ། །
⑯ ཇོ་བོ་དང་རྗེ་སྒམ་པོ་བ་གཉིས་ཐ་མི་དད་དུ་འདུག ཅེས་དེབ་ཐེར་མཁས་དགའ་ལས་སོ། །
⑰ སྔོན་ཞལ་བསྒྱུར་བར་ལུང་བསྟན་པ་དེ་ཡིན། ཅེས་ལྷོ་བྲག་ཆོས་འབྱུང་ལས་སོ། །
⑱ དུང་དཀར་ཚིག་མཛོད་དུ། ཕྱི་ལོ་1322འདས་ལོ་2203ལོར་མངའ་རིས་ཡ་རྩེ་རྒྱལ་བོས་གཙུག་ལག་ཁང་ལ་ཞབས་ཏོག་བསྒྲུབས་པར་བསྟན་པ་དང༌། ལྷོ་བྲག་ཆོས་འབྱུང་དུ་ལྕགས་ཁྱི་ལ་ཞེས་བཀོད་ཡོད་པས་བརྟག་འཚལ།

0 comments:

ཟིན་བྲིས་འཚོལ་ཡུལ