དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 16 July 2013
༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེའི་འཁྲུངས་སྐར་ལ་དགའ་བསུ།
1 | By: Amaho ]
 
འཕྲོག་བྱེད་རལ་བ་འཕྲོག་པའི་སྦར་ཁྱིམ་གཞན་སྡེའི་ལེགས་ལྡན་བྱེ་བ་འབུམ་གྱི་སྤྱི་བོར་བཀོད་པ་གང་ཡིན་དང་།།
ཕུལ་བྱུང་ཆེ་བའི་ཆེ་བ་མཆོག་གི་ཁྱད་ཆོས་བརྒྱད་ཀྱིས་བདེ་བར་གཤེགས་པའི་དགོངས་པ་གསལ་བར་བྱས་པ་དང་།།
ཀློང་ཆེན་དགོངས་པ་ཀློང་དུ་འབྱམས་པས་སྲིད་དང་ཞི་བ་ཀུན་ཏུ་བཟང་པོར་གདོད་ནས་གྲུབ་པའི་དོན་བསྟན་པ།།
བྱང་ཕྱོགས་གངས་རིའི་འཇམ་དཔལ་དབྱངས་སྟེ་དེང་སང་འདི་ན་བདག་གི་བླ་མར་ཡེ་ཤེས་གཅིག་ཏུ་ཕུང་པོ་གཅིག་ཏུ་འཁྱིལ།།
གནས་བརྟན་འདྲེན་པ་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་གུས་སློབ་སྣ་ཚོགས་གཟུགས་ཅན་གྱིས་སླར་ཡང་ཚིགས་བཅད་པའི་བསྟོད་སྤྲིན་དུ་ཕུལ་བའོ༎།

ཚུལ་བཞིན་སྨྲ་བའི་མཁས་པ་བརྒྱ་ཕྲག་དང།།
ཁྲིམས་ལྡན་འདུས་པ་སྟོང་གི་གྲལ་མགོ་ན།།
བློ་མཆོག་འཇམ་དཔལ་མི་ཡི་རྣམ་རོལ་གྱིས།།
གྲོས་ཀྱི་མགོ་འདོན་གནང་བའི་མགོན་དེར་འདུད།།
སྙན་ངག་པ་བེ་རི་བས།
༢༠༡༣/༧/༡༥/ཉིད་ཀྱི་འཁྲུངས་སྐར་ལ་ཕུལ།

 
རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་པདྨ་འབྱུང་།
འཁྱག་ཡུལ་དམ་བཅས་སྐྱོང་མཛད་ཁྲི་སྲོང་རྗེ།
བསླབ་གསུམ་ནོར་བའི་གཏེར་མཛོད་ཞི་བ་འཚོ།
གངས་ཅན་འགྲོ་བའི་གཙུགས་རྒྱན་བླ་རུང་པ།
ཚུལ་ཁྲིམས་བློ་གྲོས་ཞབས་ལ་གསོལ་བ་འདེབས།
རླབས་ཆེན་ཐུགས་ཀྱི་བཞེད་དོན་མཐར་ཕྱིན་ཞིང་།
མ་ལུས་སྐྱེ་དགུའི་མགོན་དཔུང་དམ་པ་རུ།
བསྐལ་བརྒྱར་བཞུགས་གསོལ་འདེབས་ལགས་སེམས་དཔའ་མཆོག ། །
སྤྲུལ་སྐུ་དབང་ཆེན་ནས 
 
ཤེས་རབ་ཆེན་པོས་ཤེས་བྱ་ཀུན་མཁྱེན་ཅིང་། །
ཚུལ་ཁྲིམས་ཆེན་པོས་འགྲོ་ཀུན་ལེགས་ལམ་འགོད། །
བློ་གྲོས་ཆེན་པོས་རྒྱལ་བསྟན་སྤེལ་མཛད་པའི། །
མཁན་པོ་ཆེན་པོའི་སྐུ་ཡི་འཁྲུངས་སྐར་བསུ། །
མཁས་དབང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་འཁྲུངས་སྐར་ལ་ཕུལ།

ཀླུ་སྨྱོན་ཧེ་རུ་ཀས

༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དཔལ་བཟང་པོའི་བསྟོད་གསོལ་གཉུག་མའི་རང་སྒྲ་ཞེས་བྱ་བ། །
ཨེ་མ་ཧོ། །
རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །
མདོ་སྔགས་བསྟན་པའི་བདག་པོ་ཞི་བ་འཚོ། །
བསྟན་སྲིད་རིག་པའི་རྒྱལ་པོ་ཁྲི་སྲོང་རྗེ། །
ཀུན་འདུས་ཀུན་མཁྱེན་བླ་མ་རྒྱལ་གྱུར་ཅིག །
མགོན་ཁྱེད་ཆོས་རྗེ་བླ་མའི་ཐུགས་སྲས་མཆོག །
ཟབ་རྒྱས་གདམས་པའི་མཛོད་འཛིན་རྒྱལ་བ་དངོས། །
བསྟན་འགྲོར་ཕན་བདེ་སྒྲུབ་པའི་དེད་དཔོན་རྗེ། །
འཇིག་རྟེན་མུན་པ་བསལ་བའི་ཉི་ཟླར་མཚུངས། །
མཁས་བཙུན་བཟང་པོའི་མཚན་ལྡན་དགེ་བའི་བཤེས། །
འཆད་རྩོད་རྩོམ་པའི་ལེགས་བཤད་སྒྲ་བརྒྱའི་དབྱངས། །
ཐོས་བསམ་སྒོམ་པའི་གྲུབ་འབྲས་མཐར་སོན་པའི། །
ཀུན་མཁྱེན་རྒྱལ་བ་གཉིས་པ་ཁྱེད་མིན་སུ། །
ཆོས་བརྒྱད་དྲི་མས་མ་གོས་བླ་མ་རྗེ། །
ཆོས་ཀུན་དེ་ཉིད་གཟིགས་པའི་ཆོས་ཀྱི་རྗེ། །
ཆོས་སྲིད་ལམ་བཟང་སྟོན་པའི་སྐྱབས་གནས་རྗེ། །
རྗེ་བཙུན་རིག་འཛིན་བླ་མ་ཞབས་བརྟན་གསོལ། །
མཚོ་སྐྱེས་རྒྱལ་བ་འཁྲུངས་པའི་དུས་བཟང་དང་། །
ཚོགས་གཉིས་བསགས་པའི་དུས་ཆེན་རྟེན་འབྲེལ་ལ། །
སྐུ་ཉིད་མཚན་དཔེ་བཞད་པའི་བསྐལ་བཟང་འདི། །
སྐྱེ་དགུ་བསོད་ནམས་སྨིན་པའི་དགེ་ལེགས་ཕུལ། །
འཛམ་གླིང་གོ་ལ་ཟླུམ་པའི་ཡོངས་སྟེང་རུ། །
ཆོས་བཞིན་སྤྱོད་པའི་རྒྱལ་བ་གཉིས་པ་ཁྱེད། །
གསང་གསུམ་བསྟན་པའི་རྒྱན་དུ་ཡོངས་ཤར་བ། །
མཇལ་བའི་སྐལ་བཟང་ངེད་ཅག་བསོད་ནམས་ཆེ། །
ཚུལ་ཁྲིམས་རྣམ་དག་གནས་བརྟན་དགེ་སློང་ཆེ། །
བློ་གྲོས་མཚུངས་མེད་རྗེ་བཙུན་འཇམ་དཔལ་དབྱངས། །
མཁས་གྲུབ་རིག་འཛིན་རྒྱལ་པོ་ཀུན་ཏུ་བཟང་། །
ཀུན་མཁྱེན་བླ་མའི་བཞེད་དོན་ལྷུན་གྲུབ་ཤོག །
སྐུ་མཆོག་གཡོ་མེད་རྟག་བརྟན་རྡོ་རྗེའི་སྐུ། །
གསུང་དབྱངས་འགགས་མེད་ཚངས་དབྱངས་དྲུག་ཅུའི་གསུང་། །
ཐུགས་རྗེ་དྲི་མེད་སྤངས་རྟོགས་ཡེ་ཤེས་དཔལ། །
ཕྲིན་ལས་ཟླ་མེད་འཁོར་འདས་རྒྱན་ཏུ་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་ཉིན་སྤྲུལ་སྐུ་པདྨ་དབང་ཆེན་རིགས་པའི་རྒྱལ་པོའི་གསུང་བསྐུལ་བཞིན་དུ་གང་དྲན་བཅོས་བསྒྱུར་མེད་པར་མགོན་པོ་གང་གི་སློབ་བུ་ཐ་ཤལ་བ་ཤྲྰི་སྨྱོན་པས་ཝ་ཡེལ་ཚན་རིག་དུས་སྟོན་ཚོགས་གྲལ་ནས་གསོལ་བ་འདེབས་པར་ཁ་པར་ནང་ནས་མགྱོགས་བྲིས་བགྱིས་པར་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ