དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 9 July 2013

བོད་མི་མང་གི་གཅེས་ཕྲུག་བླ་ན་མ་མཆིས་པ། རྒྱལ་བ་རིན་པོ་ཆེ།

(འཁྲུངས་སྐར་དུས་ཆེན་ཉིན་བྲིས།)
སྤོབས་པ་མཐའ་ཡས།
རྒྱལ་བ་རིན་པོ་ཆེ་ནི་མི་ལོ་བཞི་བརྒྱར་ཉེ་བའི་རིང་དུ་བོད་ཀྱི་ཆོས་སྲིད་ལ་དབང་བསྒྱུར་བའི་ལོ་རྒྱུས་ལྡན་པའི་དབུ་ཁྲིད་ཅིག་རེད། སྔོན་དུས་སུ་སྡེ་པ་གཞུང་གི་མི་སེར་ཚོས་འབྲུ་རིགས་དང་དཀར་ཟས་ཀྱི་ཁྲལ་འཇལ་བའི་དུས་སུ་འདིའི་ནང་གི་ཆ་ཤས་གཅིག་རྒྱལ་བ་རིན་པོ་ཆེའི་གསོལ་ཅོག་སྒང་དུ་སླེབས་སྲིད་པ་རེད་ཟེར་ནས་ཆེས་གཙང་མ་དང་སྤུས་ཀ་ཅན་ཁྲལ་དུ་འབུལ་སྲོལ་ཡོད་པ་རེད། བོད་ལ་རྒྱ་དམར་གྱི་བཙན་འཛུལ་བྱས་པར་བརྟེན་དུས་ཀྱི་འགྱུར་བ་ཆེན་པོ་འདིའི་ཁྲོད་དུ་ཡང་བོད་མི་མང་གི་དད་པ་གཙང་མ་དང་དམ་ཚིག་བརྟན་པོས་རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་མཐོར་འདེགས་དང་རྒྱལ་བ་རིན་པོ་ཆེའི་མཚན་སྙན་སྲུང་སྐྱོབ་ལ་བརྟེན་ནས་རྒྱལ་བ་རིན་པོ་ཆེའི་སྐད་གྲགས་ཀྱིས་འཛམ་གླིང་ཧྲིལ་པོར་ཁྱབ་ཡོད།
བོད་མི་མང་པོ་ཞིག་གི་ངོར་རྒྱལ་བ་རིན་པོ་ཆེ་ནི་ཏག་ཏག་རྒྱལ་བ་ཤཱཀྱ་ཐུབ་པའི་རྒྱལ་ཚབ་ཡིན་པ་དང་། རྒྱལ་བ་རིན་པོ་ཆེའི་བཀའ་ཞིག་ཡིན་ཕྱིན་མེ་ཕུང་དུ་མཆོང་དགོས་རུང་དོགས་པ་སྤུ་ཙམ་ཡང་མེད་པ་ཞིག་ཡིན། བོད་ཀྱི་ནང་པ་སངས་རྒྱས་པ་ལ་བླ་མའི་ཆོས་ལུགས་ཞེས་བརྗོད་པ་ནི་དོན་དང་མཐུན་ཏེ་དགོན་པ་ཞིག་ཏུ་མཆོད་འཇལ་དུ་འགྲོ་བསམ་ན་ཡང་ཐོག་མར་དགོན་པ་དེའི་བཞུགས་ཁྲི་དབུས་མའི་སྟེང་ན་རྒྱལ་བ་རིན་པོ་ཆེའི་སྐུ་བརྙན་ཡོད་དགོས། ཆོ་ག་ཞིག་བཏོན་ན་ཡང་མཇུག་མཐར་རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་བའི་སྨོན་ལམ་ཡོད་དགོས། དབུ་ཁྲིད་ཅིག་གི་གཏམ་བཤད་སྤེལ་ན་ཡང་གཏམ་གྱི་ནང་ན་རྒྱལ་བ་རིན་པོ་བཀའ་དྲིན་ཆེ་ཚུལ་གྱི་གཏམ་གླེང་ཡོད་དགོས། རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད་མེད་ལ་བརྟེན་ནས་ཆུང་ས་ནས་བཟའ་ཚང་འཐོར་བའི་ལོ་རྒྱུས་མང་ལ་ཆེ་ས་ནས་གུང་ཁྲན་སྲིད་གཞུང་ལ་གདོང་གཏུག་གིས་བཙོན་ཁང་དུ་ཆས་པའི་ལོ་རྒྱུས་དེ་བས་ཀྱང་མང་།
རྒྱལ་བ་རིན་པོ་ཆེ་བོད་ནས་རྒྱ་གར་དུ་བཙལ་བྱོལ་ལ་གདན་འདྲེན་སྐབས་བོད་མི་སྟོང་ཕྲག་མང་པོ་གུང་ཁྲན་དམར་པོའི་དམག་དཔུང་ཁྲི་ཕྲག་མང་པོའི་མདུན་དུ་འགྲེངས་ནས་རང་སྲོག་མེ་མཐའི་ཁ་རུ་ཕུལ་ཡོད། རྒྱལ་བ་རིན་པོ་ཆེ་ས་མཐར་གྱར་བའི་མི་ལོ་དྲུག་ཅུ་འགོར་བའི་དེ་རིང་གི་དུས་འདིར་ཡང་རྒྱལ་བ་རིན་པོ་རང་ཡུལ་ལ་ཕེབས་ཐུབ་པའི་ཆེད་དུ་བོད་མི་གཞོན་ནུ་བརྒྱ་ཕྲག་བརྒལ་བས་རང་ལུས་ལ་མེ་སྦར་ནས་བཙན་འཛུལ་བའི་སྲིད་གཞུང་ལ་ཞུ་འབོད་བྱས་ཡོད། མཐོ་ས་ཁྲི་ཐོག་གི་བླ་མ་ནས་དམའ་ས་སྲང་ལམ་གྱི་སྤྲང་པོ་ཡན་ཆད་ཀྱི་བོད་མི་ཆེས་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་ཆེ་མཐོང་གཟི་བརྗིད་ལ་སྲུང་སྐྱོབ་བྱེད་ཆེད་དུ་རྒྱ་མི་གུང་ཁྲན་བཙན་འཛུལ་བའི་དྲག་རྡུང་ཐེབས་པ་དང་། ལུས་སྲོག་ཤོར་བ། བཙོན་ཁང་དུ་བཅུག་པ་ནི་གྲངས་ཀྱིས་མི་ཟིན།
གཞིས་སུ་བཞུགས་པའི་བོད་མི་མང་གི་ཡིད་ཆེས་ལ་རྒྱལ་བ་རིན་པོ་ཆེ་ནི་སྒྲོན་མེ་ཞིག་དང་མཚུངས་པར་ཁོང་ཕེབས་པ་ཙམ་གྱིས་རང་ཡུལ་ན་འཐིབས་པའི་མུན་པ་སྟུག་པོ་དེ་སྐད་ཅིག་གིས་སང་བར་འགྱུར་ལ། བྱེས་སུ་གྱར་བའི་བོད་མི་མང་རྣམས་འཛམ་གླིང་གི་གྲུ་ཟུར་གང་ཞིག་ན་གནས་ཀྱང་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་པའི་སྲིད་གཞུང་ནི་རང་གི་སྲིད་གཞུང་ངོ་མ་རུ་བརྩི། གང་ཞིག་གིས་རྒྱལ་བ་རིན་པོ་ཆེ་ལ་བསྟོད་བསྔགས་བྱས་ན་དེ་ནི་བོད་མི་མང་གི་གྲོགས་པོ་དང་། སུ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ལ་ངན་སྨད་བྱས་ན་དེ་ནི་བོད་མི་མང་གི་དགྲ་བོ་ཡིན་པའི་འདུ་ཤེས་འཛིན།
བོད་མི་ཕལ་ཆེ་བའི་ཡིད་ཆེས་ལ་རྒྱལ་བ་རིན་པོ་ཆེ་ལ་རྒྱབ་སྐྱོར་བྱེད་དགོས་པ་དེ་ནི་གནམ་གྱིས་བསྐོས་པ་དང་ལས་ཀྱིས་བསྐུལ་བའི་ལས་འགན་ཞིག་མ་གཏོགས་དོགས་འདྲི་ཡང་བྱེད་སྲོལ་ཡང་མེད། རྒྱལ་བ་རིན་པོ་ཆེ་ལ་དད་མོས་བྱ་བ་དེ་ནི་ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་འཁྲུལ་པ་མི་མངའ་ཞིང་བསླུ་བ་མི་སྲིད་པས་སྐྱབས་ཀྱི་མཐར་ཐུག་ཉིད་དུ་བརྩི་བ་ཡིན། མདོར་ན་རྒྱལ་བ་རིན་པོ་ཆེའི་བླ་ན་མེད་པའི་སྐུ་དབང་ནི་སུས་ཀྱང་འཕྲོག་མི་ནུས་ཤིང་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་བླ་ན་མེད་པའི་བཀའ་ལུང་ཞིག་ཏུ་བཀུར།
ཇི་སྲིད་རྒྱལ་བ་རིན་པོ་ཆེ་ཡོད་པ་དེ་སྲིད་དུ་བོད་ཡོད་པ་དང་རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་ནས་བོད་ཟེར་བ་དེ་ག་འདྲ་ཞིག་ཡིན་པ་སེམས་ངོར་ཡང་འཆར་མི་ཐུབ། རྒྱལ་བ་རིན་པོ་ཆེ་ཡོད་པར་བརྟེན་ནས་བོད་ཅེས་པ་དང་བོད་ཀྱི་གནད་དོན་ཟེར་བ་ཞིག་གླེང་རྒྱུ་ཡོད་པར་གྱུར་ཅིང་། རྒྱལ་བ་རིན་པོ་ཆེ་ཟེར་བ་ཞིག་མེད་ན་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་པ་གཞིར་བཞག་ཐོག་བོད་ཅེས་པ་ཞིག་ཀྱང་ཡོད་མེད་ལ་དོགས་པ་བྱེད།
བོད་མི་དཀྱུས་མ་མང་པོའི་ངོར་རྒྱལ་བ་རིན་པོ་ཆེ་ཟེར་དུས་ལྷ་ལྷ་རྐྱང་ཞིག་ལས་གང་ཡང་མི་འཆར་ཞིང་། རྒྱལ་བ་རིན་པོ་ཆེ་མི་ཞིག་རེད་ཟེར་མཁན་དང་ཐུག་ན་ལག་འཛིངས་མ་ཐུབ་རུང་ཁ་འཛིངས་བྱེད་པར་ཐེ་ཚོམ་མེད། དེ་ནི་དེང་རབས་ཀྱི་ཤེས་ཡོན་མེད་པའི་དད་ལྡན་པ་དཀྱུས་མ་ཁོ་ན་ཡང་མིན། བོད་ལ་དེང་རབས་ཀྱི་ཤེས་ཡོན་པའི་སྡེ་ཁག་ཆེན་པོ་གསུམ་ཡོད། སྡེ་ཁག་གཅིག་ནི་བོད་དུ་སྐྱེས་ཤིང་གུང་ཁྲན་རིང་ལུགས་ཁྱབ་སྤེལ་གྱི་སློབ་གྲྭ་ནས་ཤེས་ཡོན་ཐོབ། སྡེ་ཁག་གཅིག་ནི་ཕྱི་ལོགས་ཀྱི་དམངས་གཙོ་རིང་ལུགས་ཀྱི་ལྟ་གྲུབ་ཁྱབ་སྤེལ་བྱ་སའི་སློབ་གྲྭ་ཁག་ནས་ཐོན། སྡེ་ཁག་གཅིག་ནི་ནང་པ་སངས་རྒྱས་པའི་དགོན་སྡེའི་ཤེས་ཡོན་ལྟེ་གནས་ཁག་ནས་ཐོན། དེ་ལྟ་བུའི་སྡེ་ཁག་གསུམ་ལས་གྲུབ་པའི་བོད་ཀྱི་དེང་རབས་ཤེས་ཡོན་པའི་ཁྲོད་དུ་ཡང་རྒྱལ་བ་རིན་པོ་ཆེ་ལྷ་རེད་དང་མི་རེད་ཟེར་བའི་རྩོད་པ་གཏིང་ཟབ་པོ་བྱུང་དང་འབྱུང་བཞིན་ཡོད།
རྒྱལ་བ་རིན་པོ་ཆེས་བོད་རང་བཙན་དགོས་གསུངས་ན་བོད་མི་ཕལ་མོ་ཆེས་རང་བཙན་མི་དགོས་ཟེར་མཁན་ལ་རྒོལ་རྡུང་བྱེད་ཅིང་། རྒྱལ་བ་རིན་པོ་ཆེའི་ཀྲུང་དབྱང་སྲིད་གཞུང་གི་འོག་ན་བདེ་སྐྱིད་ལྡན་པའི་མདུན་ལམ་ཡོད་གསུངས་ན་བོད་མི་ཕལ་མོ་ཆེས་རང་བཙན་རྩོད་མཁན་ལ་ཁ་རྡུང་གཏོང་། ཐ་ན་རང་བཙན་རྩོད་པར་འཁྲེགས་འཛིན་ཆེ་ཤོས་སུ་བརྩི་བའི་གཞོན་ནུ་ཚོགས་པ་ཡང་རྒྱལ་བ་རིན་པོ་ཆེ་ལ་རང་བཙན་དགོས་དང་མི་དགོས་ཀྱི་སྐད་ཆ་ཞིག་ལ་བརྟེན་ནས་དུམ་བུ་གཉིས་སུ་གྱེས་ཤིང་། རྒྱལ་བ་རིན་པོ་ཆེས་རང་བཙན་མ་རྩོད་ཁ་གསལ་པོས་གསུངས་ན་ལངས་ཕྱོགས་འདོར་རྐྱང་ཡིན་ཞེས་བསྒྲགས་གཏམ་སྤེལ་ཡོད།
བོད་མི་ཕལ་ཆེ་བའི་ངོར་རྒྱལ་བ་རིན་པོ་ཆེ་ལ་བརྩི་བཀུར་བྱེད་དང་མི་བྱེད་ནི་བོད་མི་ཞིག་གི་མཚན་ཉིད་ཚང་དང་མ་ཚང་གི་ཚད་གཞི་བརྩི་ས་ཡིན། རྒྱལ་བ་རིན་པོ་ཆེའི་ལྷ་དགོངས་དཀྲུགས་པའི་གླེང་གཞིའི་འོག་ནས་བོད་མི་མང་པོ་ཞིག་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་ཡོད། ལ་ལ་ཞིག་སྐྱབས་བཅོལ་ནས་ཡང་བཅོལ་དུ་འགྲོ་དགོས་ཐུག་ཡོད། མདོར་ན་རྒྱལ་བ་རིན་པོ་ཆེ་བཞད་ན་བོད་མི་ཚང་མ་ལྷན་དུ་གད་མོ་བགད་ཅིང་རྒྱལ་བ་རིན་པོ་ཆེ་བཤུམས་ན་བོད་མི་ཚང་མ་ངུ་བ་རེད།

རྗེས་འདེད། URI | མཆན་བུ། RSS

བོད་མི་མང་གི་གཅེས་ཕྲུག་བླ་ན་མ་མཆིས་པ། རྒྱལ་བ་རིན་པོ་ཆེ་ཞེས་པའི་སྐོར་ལ་མཆན་ ༦༠ བཀོད་འདུག


  1. ༡༽ རྒྱང་མིག་ནས།
    གནས་ལུགས་དང་མཐུན་པའི་མྱི་སྐད་གསོན་པོ་ཞིག་གིས་འཁྲུངས་སྐར་བསུས་འདུག དགའ་བཞིན་བཀླགས་ནས་སོང་ཡོད།
  2. ༢༽ དྲིལ་ལྕེ་ནས།
    སྤོབས་པ་མཐའ་ཡས་བཤད་པ་དེ་གོ་རྒྱུ་ཤིན་ཏུ་འདུག རྒྱལ་བ་རིན་པོ་ཆེ་བོད་དུ་སླར་བྱོན་པར་ཆབ་སྲིད་ཀྱི་གཡོག་ཏུ་མ་ཚུད་པ་བྱུང་ན་ལྷ་རབ་ཡིན་མོད། ཁོང་བོད་ལ་ཕེབས་ན་ཟེར་བཞིན་ལྷ་ཁོག་ལ་འདྲེ་ཞུགས་ནས་ཕྱི་ལོགས་བོད་མི་བསམ་ཡོད་ཅན་ཚོ་འགོ་རྡུང་ཆོག་ཆོག་བྱས།
    ཞལ་ནས་འདི་གསུངས། ཁོར་ཡུག་འདི་བསྐྲུན་ན། ལོ་འདི་ཞིག་ལ་ང་ཚོས་ཕེབས་ལམ་བཟོ་བཞིན་ཡོད་ཟེར་བཞིན་ད་དུང་དུས་བདའ་བ་ཡིན། མཐར་བོད་མི་རང་ཉིད་ཀྱང་རང་གིས་བསླུས་བ་དང་། རང་ཉིད་ཀྱང་རང་གིས་རྨོངས་བར་བྱས་པ་ལས་མེད། འདི་ལྟ་བའི་མཇུག་འབྲས་བྱུང་མཚམས། ཁོང་་དང་་རྒྱ་་་་ཡིས་བོད་མི་བསླུས་པ་མིན། དེ་ནི་རང་གི་དཔྱོད་ཤེས་ཀྱི་བློ་དེ་རང་གིས་བདག་བཟུང་མེད་པར་རླུང་ཁའི་ཁྲོད་ཀྱི་སྤྲིན་པའི་ཚོགས་ཇི་བཞིན་ཕྱོགས་བཅུ་ལ་སྐྱོད་ཆོག་ཆོག་འདིས་སླུས་པ་རེད་དོ།

  3. ༣༽ ལུང་རྟོགས་ནས།
    བོད་མི་མང་གིས་གོང་ས་མཆོག་ལ་སྔ་ཕྱི་བར་གསུམ་དུ་ཡིད་ཆེས་བློས་འགེལ་བྱས་པ་རེདལ། གོང་ས་མཆོག་གིས་ཀྱང་བོད་མི་མང་བཀའ་དྲིན་ཚད་མེད་ཀྱིས་སྐྱངས་པ་རེད། བླ་སློབ་བར་གྱི་དད་པ་དང་དམ་ཚིག་འདི་ནི་ངོ་མཚར་སྐྱེ་དགོས་པ་ཞིག་རེད། དེང་སང་རྒྱ་གཞུང་གིས་བོད་ནང་ལ་གོང་ས་མཆོག་གི་སྐུ་པར་གཤམ་མི་ཆོག་པ་སོགས་ཀྱི་དམ་དྲག་ཅི་ཙམ་བྱས་ཀྱང་ཕན་ནུས་གང་ཡང་མ་ཐོན་པར། བོད་མི་ཚོས་ཁོོང་གི་སྐུ་པར་གཤམ་པ་དང་འཁྲུངས་སྐར་སྲུང་བརྩི་བྱེད་པ་སོགས་ཀྱིས་དད་པའི་སྟོབས་ཤུགས་ནི་དྲག་པོ་གང་གིས་ཀྱང་གནོན་མི་ནུས་པའི་སྟོབས་ཤུགས་ཤིག་ཡིན་པ་བསྟན་པ་རེད།
  4. ༤༽ ནག་ཐར་སྐྱིད་ནས།
    ཁ་བརྡ་དྲ་བར་མྱུལ་བའི་མི་ལོ་འདི་དག་གི་རིང་ལ། བསམ་གཞིགས་གཏིང་ཟབ་པོ་ཡོད་མེད་དང་ལྷག་བསམ་དཀར་པོ་ཞིག་ཡིན་མིན། རང་བཞིན་གྱིས་སམ་ཞོར་དུ་དྲན་སྣང་ལ་འཆར་ཐུབ་པ་འདུག དེར་བརྟེན་ཐེངས་འདིའི་དཔྱད་རྩོམ་འདིའི་སྤྱི་སྙིང་ཡང་ཕྱིར་རུ་མངོན་འདུག་པས་མ་ཟད། དོན་མེད་ཀྱི་ཚིག་ཉོག་དང་དགོས་མེད་ཀྱི་འཆལ་གཏམ་གྱིས་ཁེངས་འདུག་ན། ག་ལེར་གླེང་ཆོག་ལ་ཡུན་གྱིས་དཔྱད་ན་འགྲིག་གི་རེད།
  5. ༥༽ ཨ་ནུ་ཐང་བསོད་ནམས་ནས།
    ཐུགས་རྗེ་ཆེ། སྤོབས་མཆོག་ལགས།
  6. ༦༽ རང་བྱུང་རིག་པའི་རྡོ་རྗེ་ནས།
    བོད་མི་མང་གི་གཅེས་ཕྲུག་ཅེས་ཞུ་ན་བདེ་བོ་རང་མི་འདུག ༸གོང་ས་མཆོག་གི་ཡང་སྲིད་བྱིས་པ་ཆུང་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན་འགྲིག་མོད། གང་ལྟར་ཀྱང་རྩོམ་གྱི་ཁ་བྱང་ལེགས་པོ་རང་མཐོང་མ་སོང་། ཡིན་ནའང་ཡག་པོ་བྲིས་འདུག །
  7. ༧༽ བློ་བཟང་ནས།
    ཨ་འོ་་སྤོབས་པ་ལགས། དངོས་གནས་དེ་འདྲ་རེད་པས། ཁྱེད་ཀྱི་བོད་མི་མང་བ་དེ་ཅི་གསུངས་བཀའ་སྒྲུབ་ཞུས་མཁན་དུ་མཐོང་ངམ། དེ་ཚོ་རྒྱལ་བ་རིན་པོ་ཆེར་ལྷ་ལྷ་རྐྱང་དུ་ངོས་འཛིན་ཞུས་ཀྱིས་ཡོད་དམ། ངས་ལྟས་ན། རྒྱལ་བ་རིན་པོ་ཆེར་དངོས་སུ་ངོ་ལོག་པ་རྣམས་གླེང་མི་དགོས་པ་བྱས། གཞན་དུ་བླ་ཆེན་མི་ཆེན་ནང་ནས་རྒྱབ་མདུན་ངོ་ལྐོག་གནང་མཁན་ག་ཚོད་འདུག དེ་ཚོའི་ཅི་གསུང་བཀའ་སྒྲུབ་ཞུས་སམ། ལྷ་ལྷ་རྐྱང་དུ་འཆར་བ་ཡིན་ནམ།
    རྒྱལ་བ་རིན་པོ་ཆེས་ནན་ཆེན་པོས་བོད་ཀྱི་སྐད་ཡིག་སྦྱོང་། ནང་ཆོས་སྦྱོང་ཞེས་གྲངས་ཀྱི་མི་ལངས་པ་གསུངས་རུང་ཉན་འཇོག་མ་གནང་མཁན་གྲངས་ལ་ཐེབས་པ་མེད། དེ་ཚོའི་ཅི་གསུང་བཀའ་སྒྲུབ་ཞུས་སམ། ལྷ་ལྷ་རྐྱང་དུ་འཆར་བ་ཡིན་ནམ།
    ཆོས་ལུགས་མཐུན་སྒྲིལ་གནང་དགོས། གཅིག་གཅིག་ལ་དག་སྣང་དགོས་ཞེས་ཚར་བརྒྱ་གསུངས་ནའང་ཉན་འཇོག་གནང་མཁན་ག་ཚོད་ཡོད་གསལ་པོ་རེད། དེ་ཚོའི་ཅི་གསུང་བཀའ་སྒྲུབ་ཞུས་སམ། ལྷ་ལྷ་རྐྱང་དུ་འཆར་བ་ཡིན་ནམ།
    སེམས་བཟང་པོ་བྱོས། ཡ་རབས་ཚུལ་མཐུན་དགོས་ཞེས་ཁྲི་ཚར་ལོངས་ལ་གསུངས་ཡོད། མི་གྲགས་ནས་དཀྱུས་མའི་བར་ལ་ཉན་མཁན་མང་བ་ཡོད་དམ། དེ་ཚོའི་ཅི་གསུང་བཀའ་སྒྲུབ་ཞུས་སམ། ལྷ་ལྷ་རྐྱང་དུ་འཆར་བ་ཡིན་ནམ།
    བོད་མི་དཀྱུས་མའི་ནང་མདུན་ལ་མཇལ་དུས་ངུ་བ་དང་། རྒྱབ་ལ་བཀའ་དང་གལ་བ་གནང་མཁན་ཇི་ཙམ་ཡོད། དེ་ཚོའི་ཅི་གསུང་བཀའ་སྒྲུབ་ཞུས་སམ། ལྷ་ལྷ་རྐྱང་དུ་འཆར་བ་ཡིན་ནམ།
    དངས་བླང་པྱའ་ཁྲལ་འབུལ་དགོས་པ་དང་། ལས་སྣེ་ལ་བརྩི་སྲུང་དགོས་པ་མ་གོ་མ་ཐོས་མེད་པ་གསུངས་ཡོད། བཀའ་དང་ལེན་མ་གནང་མཁན་ཉུང་ཉུང་མ་རེད། དེ་ཚོའི་ཅི་གསུང་བཀའ་སྒྲུབ་ཞུས་སམ། ལྷ་ལྷ་རྐྱང་དུ་འཆར་བ་ཡིན་ནམ། ད་ཚང་མར་ངུ་གསུངས་ན་ངུ་ས་རེད་པས། ད་དུང་རྫོགས་མཐའ་མི་འདུག
    འོན་ཀྱང་སྒྲུབ་པའི་མཆོད་པ་ཕུལ་མཁན་མེད་པ་མ་རེད། དེ་ཚོས་བཀྲིན་ལ་བསམ་ཤེས་ཐུབ་ནས་རེད།
    སྒྲུབ་པའི་མཆོད་པ་ཕུལ་མཁན་མེད་པ་མ་རེད། དེ་ཚོས་ངོ་ཚ་ཁྲལ་ཡོད་ཤེས་ནས་རེད།

    སྒྲུབ་པའི་མཆོད་པ་ཕུལ་མཁན་མེད་པ་མ་རེད། དེ་ཚོས་བོད་མིའི་སྒྲིག་འཛུགས་ལ་སྐུ་སྒེར་ནས་ཚད་མའི་གཟིགས་བསྐྱོངས་གནང་བ་ཤེས་ནས་རེད།
    སྒྲུབ་པའི་མཆོད་པ་ཕུལ་མཁན་མེད་པ་མ་རེད། དེ་ཚོས་བོད་མི་རིགས་ཀྱི་ཆེ་མཐོང་ལ་༧རྒྱལ་དབང་མཆོག་ནས་རླབས་ཆེན་གྱིས་ཞབས་གདེགས་ཞུས་པ་ཤེས་ནས་རེད།
    སྒྲུབ་པའི་མཆོད་པ་ཕུལ་མཁན་མེད་པ་མ་རེད། དེ་ཚོས་ད་ལྟ་བོད་མི་གོང་བུར་གནས་པ་དེ་ཁོང་གི་ནུས་མཐུར་ཤེས་ནས་རེད།
    ཕྲུ་གུས་ཕ་མར་རྒྱབ་བསྐྱོར་བྱེད་པ་ལྷ་ལྷ་རྐྱང་དུ་མཐོང་ནས་རེད་དམ། དགེ་འཕྲུག་གིས་དགེ་རྒན་ལ་བརྩི་བཀུར་ཞུས་པ་ལྷ་ལྷ་རྐྱང་དུ་མཐོང་ནས་རེད། གཟིག་པགས་སྟག་པགས་མ་གྱོན་གསུང་པ་ལམ་སེང་དང་ལེན་ཞུས་པ་རེད། དབྱར་རྩ་དགུན་འབུ་དང་རྩ་ས་རྩོད་གླེང་གནང་གསུངས་པ་རེད་ལམ་སེང་དང་ལེན་ཐུབ་ཡོད་དམ། གང་ལྟར་བོད་མི་རིགས་ལ་སྐུར་བ་མ་འདེབས། བོད་རིགས་བརྒྱ་ཆ་མང་བ་དེ་ལྐུག་པ་མ་བཟོས། གང་ལྟར་གོང་འོག་གཉིས་སྡུར་ན་རང་རང་འདོད་མོས་ཐོག་ནས་འགྲོ་བསྡད་པ་གསལ་པོ་རེད་དོ།།
  8. ༨༽ བློ་བཟང་ནས།
    རྩ་ས་རྩོད་གླེང་མ་གནང་་་་་
  9. ༩༽ བློ་བཟང་ནས།
    ཁྱེད་རང་གི་གསུངས་པ་བཞིན་བོད་མིའི་ནང་དེ་འདྲ་ཡོད་མ་རེད་ཞུ་ཡ་མེད། དེང་སང་བརྒྱ་ཆ་ཧ་ལས་པའི་ཉུང་ཉུང་རེད། དེས་རྒྱུགས་པ་ལེབ་རྡུང་གནང་མི་རུང་། འོ་ན་རང་བཙན་པས་དབུ་ལམ་པ་ཚོར་ཁ་རྡུང་བཏང་བ་དེ་དམིགས་བསལ་རེད་པས། ཕྱོགས་གཉིས་ཀས་རང་ས་ནས་གཅིག་གི་དྲུག་མཐོང་བ་རེད། གཅིག་གི་དགུ་མཐོང་བ་རེད། གཉིས་ཀར་རྒྱུ་མཚན་ཡོད། རང་ལུགས་གཞིར་བཟུང་གི་གང་དགའ་སྤྱོད་ཞིག རང་གི་ལུས་ལ་དཔེ་ལོང་ནས། །གཞན་ལ་གནོད་པ་མ་བྱེད་ཅིག
  10. ༡༠༽ ལ་དྭགས་བློ་བཟང་འཇམ་དཔལ་ནས།
    རྒྱལ་བ་རིན་པོ་ཆེ་ནི་མི་ལོ་བཞི་བརྒྱར་ཉེ་བའི་རིང་དུ་བོད་ཀྱི་ཆོས་སྲིད་ལ་དབང་བསྒྱུར་བའི་ལོ་རྒྱུས་ལྡན་པའི་དབུ་ཁྲིད་ཅིག་རེད། ཅེས་པར་རྒྱལ་བ་རིན་པོ་ཆེར་ངོས་འཛིན་ཞུས་པ་ཐམས་ཅད་དེ་འདྲ་ག་ལ་ཡིན།
    བདེན་མིན་འཐད་ལྡན་ཞིག་མ་ཤེས་ཀྱང་། སྐུ་འཕྲེང་འགའ་ཞིག་ལ་མི་མཐུན་རྐྱེན་ངན་གྱིས་ཡར་བཞེངས་མི་ཐུབ་པ་བྱུང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་སྦས་པའི་བརྟུལ་ཞུགས་ལ་བཞུགས་དགོས་པ་དང་། རྒྱལ་བ་སྐུ་འཕྲེང་དགུ་པ་ནས་བཅུ་གཉིས་པ་བར་དུ། མཛད་པ་ཅི་ཡོད་བདག་གིས་མ་ཐོས། འདི་དག་ལ་ཚད་ལྡན་གྱི་འགྲེལ་བཤད་རེ་ཡོད་དམ། སྤོབས་མཐའ་མཆོག

  11. ༡༡༽ སྣྲོན ངག་ཁྲི་ནས།
    ༄༅། །ཁུག་རྟས་༸རྒྱལ་དབང་བོད་ཀྱི་མི་རིགས་འདིའི།
    །ཚེ་གཡོག་ཡིན་ཚུལ་མག་མོག་བརྗོད་པ་དེའི།
    །ལན་དུ་བསྙད་པའི་སྤོབས་མཐའི་མངོན་ལྐོག་གཏམ།
    །སྒྲུབ་པའི་ཚུལ་འདིར་འགའ་ཞིག་ལོང་གཏམ་སྨྲ། །
  12. ༡༢༽ བསྟན་འཛིན་སྟོབས་ལྡན་ནས།
    འདི་ནང་ལ་༧རྒྱལ་བ་རིན་པོ་ཆེར་བོད་མི་མངས་ཀྱི་ཕར་བཀའ་དྲིན་ཆེ་རབས་དང་བསམ་གཞིགས་ཆེ་རབས་ལས་ཁོང་གིས་ཚུར་བཀའ་དྲིན་ཇི་ཙམ་བསྐྱངས་པའི་སྐོར་ལ་ཟུར་ཙམ་ཡང་བཀོད་མིན་འདུག འདིས་དོན་ཚན་གསུམ་བསྟན་བརྩི་བྱེད་པ་སྟེ། ༡༽ ༧རྒྱལ་བ་རིན་པོ་ཆེ་བོད་མིའི་དད་གུས་ལ་བརྟེན་ནས་འཚོ་བཞིན་པ་ཙམ་ལས་བོད་དོན་ཆེད་གང་ཡང་གནང་མེད་པ་ལྟར་དང་། ༢༽ བོད་མི་རིགས་འདི་ནི་ཤིན་ཏུ་གླེན་ལྐུགས་ཨུ་ཚུགས་རྨོངས་དད་ཅན་ཡིན་པ་ལྟར་དང་། ༣༽ ད་བར་གཞོན་ནུ་དང་དོལ་རྒྱལ་རྗེས་འབྲང་བ་གཉིས་ལ་༧རྒྱལ་བ་རིན་པོ་ཆེས་མ་དྲང་བ་མཛད་པས་བོད་མི་རྣམས་དེའི་རྗེས་སུ་མི་འདོད་བཞིན་དུ་འགྲོ་བ་ལྟར་དུ་བསྒྲུབ་བརྩི་གྱིས་འདུག དེ་དག་ཐམས་ཅད་བདེན་དོན་མིན་པའི་གཏམ་ཞེ་ཅིག་རེད། སྤོབས་པ་རང་གིས་་་་མཆོག་དང་་་་་ལགས་དང་་་་་ཞུ་བ་དང་་་་་ཁོང་་་་་སོགས་ཞེ་སའི་ཚིག་མང་པོ་སྤེལ་མར་སྤེལ་ནས་༧རྒྱལ་བ་རིན་པོ་ཆེ་དང་གང་གི་མི་དམངས་གཉིས་བར་གྱི་དངོས་བདེན་གྱི་གནས་ལུགས་དཔྱད་ཁུལ་བྱས་ཀྱང་དོན་དངོས་ཐོག་ནས་རང་གིས་༧རྒྱལ་བ་རིན་པོ་ཆེར་ཟུར་ཟའི་ཚུལ་དུ་བྲིས་པའི་དཔྱད་གླེང་གཅིག་ཡིན་པ་ནི་འདིའི་ནང་ཞེ་སའི་ཁ་མཁས་ཀྱི་ཚིག་མཐའ་དག་མར་བཤུས་ན་དེ་གས་ཤེས་པར་འགྱུར། ཡིད་མ་ཆེས་ན་ཞེ་སའི་ཚིག་ཚོགས་དཀོན་པའི་དབྱིན་སྐད་ནང་དུ་དཔྱད་གླེང་འདི་ཉིད་ཐེངས་གཅིག་ཕབས་བསྒྱུར་བྱོས་དང་ཤེས་པར་འགྱུར་རོ།།
  13. ༡༣༽ བསྟན་འཛིན་སྟོབས་ལྡན་ནས།
    ལྷག་དོན། གཅེས་ཕྲུག་ཞེས་པའི་ཚིག་འདིས་ཀྱང་་་༧རྒྱལ་བ་རིན་པོ་ཆེ་ཁོང་བོད་མི་མངས་ཀྱིས་༼གཅེས་ལང་ལ་བཏང་བའི་བུ་ཕྲུག་ཞིག་༽ཡིན་པར་བསྟན་ཐབས་བྱས་པ་རེད། རྩ་ནས་འགྲིག་མིན་འདུག
  14. ༡༤༽ སྤོབས་པ་མཐའ་ཡས་ནས།
    ངས་འདིར་དོན་དངོས་ཡོད་དང་མི་མཐུན་པ་བཤད་ཡོད་ན་ཐེར་འདོན་གནང་རོགས། དེ་མིན་ཅིག་ཅིག་ལ་ཟུར་ཟ་རེད་ཟེར་བ་ལྟ་བུའི་སྐད་ཆ་ཁྱད་མཚར་དེ་བཤད་མ་ཡོང་རོགས། ན་ནིང་ཞིག་ནས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་རེད་ཟེར་སྲོལ་ཞིག་ཡོང་གི་འདུག དེ་ཡག་པོ་མ་རེད།
  15. ༡༥༽ བསྟན་འཛིན་སྟོབས་ལྡན་ནས།
    ཁ་བྱང་བཀོད་སྟངས་ནས་ཟུར་ཟ་ཡིན་པས་འགྲིག་མེད་རབས་གཅིག་དང་། དེ་མིན་ཨང་གྲངས་འཁོད་པའི་དོན་ཚན་གསུམ་གྱི་ཐོག་ནས་མ་འགྲིག་པའི་ལན་འདེབས་བྱས་ཡོད་པས་དེར་འགག་ལན་ཡོད་ན་གནང་རོགས་ཞུ། མ་གཟིགས་པའམ་གཟིགས་འདོད་མེད་པ་ཡིན་ན་གནས་ཚུལ་ཐ་དད་རེད།
  16. ༡༦༽ སྤོབས་པ་མཐའ་ཡས་ནས།
    ཁྱེད་ཀྱི་དོན་ཚན་གསུམ་དེ་ངའི་རྩོམ་ཡིག་ལ་འབྲེལ་བ་མེད་སྟབས་ངས་དགག་ལན་ཞིག་འབྲི་ཤེས་ས་མ་རེད།
  17. ༡༧༽ བསྟན་འཛིན་སྟོབས་ལྡན་ནས།
    ན་ནིང་ཞིག་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་རེད་ཟེར་སྲོལ་གཅིག་བྱུང་བ་དེ་ནི་་་ ན་ནིང་ཞིག་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་བྱེད་མཁན་མང་དུ་ཕྱིན་པ་དང་དེ་ལ་ལན་འདེབས་བྱེད་མཁན་མེད་པས་རེད། བོད་ཀྱི་ཁ་དཔེར། གཞུས་པར་གཞུས་ལན་མ་སློག་ན།། གཞུ་མཁན་མང་དུ་མང་དུ།། སྤྲད་པར་སྤྲད་ལན་མ་སློག་ན།། སྤྲད་མཁན་ཉུང་དུ་ཉུང་དུ།། ཞེས་པ་ལྟར་རོ།།
  18. ༡༨༽ ཀརྡོ་གཉེར་ཕྱག་པ་ནས།
    ༦༽ རང་བྱུང་རིག་པའི་རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༧ གི་ཆུ་ཚོད་ ༡༦ སྐར་མ་ ༢༣
    བོད་མི་མང་གི་གཅེས་ཕྲུག་ཅེས་ཞུ་ན་བདེ་བོ་རང་མི་འདུག ༸གོང་ས་མཆོག་གི་ཡང་སྲིད་བྱིས་པ་ཆུང་ཆུང་ཞིག་ཡིན་པའི་དབང་དུ་བཏང་ན་འགྲིག་མོད། གང་ལྟར་ཀྱང་རྩོམ་གྱི་ཁ་བྱང་ལེགས་པོ་རང་མཐོང་མ་སོང་། ཡིན་ནའང་ཡག་པོ་བྲིས་འདུག ། ་་་་ཟེར་བ་འདི་དང་ངའི་བློ་ངོར་ཡང་རྩོམ་འདི་ལྟར་དུ་འཆར་སོང་། རྩ་ཆེན་དང་གཅེས་ཕྲུག་གཉིས་དོན་དག་གཉིས་ཤར་ནུབ་ལྟར་རྒྱང་ཐག་རིང་བ་ཡོད་པ་མིན་ནམ། ངའི་ཆོས་གྲོགས་སྤོབས་མཐའ་ལགས།

  19. ༡༩༽ སྤོབས་པ་མཐའ་ཡས་ནས།
    ངའི་རྩོམ་ལ་ཁ་བྱང་ག་འདྲ་ཞིག་འདོགས་མིན་ངའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རེད་མ་གཏོགས་ཁྱོད་ཚོའི་རྣ་ཅོག་ནང་ལ་ཤོང་དང་མི་ཤོང་གི་གནད་འགག་མ་རེད། གོ་ན་རྣ་བའི་བུ་རབ་གྱིས།།མ་གོ་སྙིང་གི་འཛེར་བུ་གྱིས།།ཞེས་གླིང་གེ་སར་གྱི་སྒྲུང་གླུའི་མཇུག་ལ་ཡོད་པ་དེ་ལྟར་རེད།
  20. ༢༠༽ སྤོབས་པ་མཐའ་ཡས་ནས།
    བློ་དམན་པའི་མི་ཞིག་ཡིན་ཕྱིན་བདེན་པ་ཟེར་བ་དེ་མཐོང་ཐོས་དྲན་པའི་ཡུལ་དུ་གྱུར་དུས་འཇིགས་སྣང་མི་བཟོད་པ་ཞིག་སྐྱེས་པ་ཆོས་ཉིད་རེད།
  21. ༢༡༽ བསྟན་འཛིན་སྟོབས་ལྡན་ནས།
    སྨ་བརྗོད་རང་དབང་ཡོད་པར་སོང་ད་ལན་ཁྱེད་ཀྱི་རྩོམ་འདིས་ཉི་མ་མཐོང་བ་རེད། སྨྲ་བརྗོད་རང་དབང་ཡོད་པར་སོང་ངས་ཁྱེད་ཀྱིས་བྱ་སྟངས་མ་འགྲིག་པར་ཟུར་ཟ་བྱ་ངེས་རེད། ཁྱེད་ཀྱིས་གནས་ཚུལ་འདི་འདྲ་ཞིག་དྲ་ཐོག་ན་བཞག་པ་ད་གས་འགག་སྒྲུབ་གཉིས་ཀ་དང་ལེན་ཞུས་པ་མ་ཡིན་ནམ། འོ་ན་རྩོམ་འདི་ལེགས་རབས་ཀྱི་བསྟོད་བསྔགས་ཕུལ་ན་སྨྲ་བརྗོད་རང་དབང་དང་མཐུན་ཅིང་། འགག་པ་བྱས་ན་ཁྱེད་ཀྱིས་སྨྲ་བརྗོད་རང་དབང་ལ་གཏོར་བཤིག་བྱས་པ་ཡིན་ནམ། གཅིག་གསུངས་དང་། ངས་ཁྱེད་ཉིད་ལ་རང་གི་བསམ་ཚུལ་རྩ་ནས་བཤད་མི་ཆོག་ཟེར་ན་ངས་ཁྱེད་ཀྱི་སྨྲ་བརྗོད་རང་དབང་འཕྲོག་པ་རེད། ཁྱེད་ཀྱིས་འདི་དང་དེ་བཤད་པ་དེ་འགྲིག་མིན་འདུག་ཞེས་པ་ནི་ཁྱེད་ཀྱིས་སྨྲ་བརྗོད་ལ་དོ་ཕོགས་ཕྱིན་མེད་པར་མ་ཟད། ཁྱེད་ཉིད་ཀྱིས་ངེད་ལ་འགག་སྒྲུབ་ཀྱི་བསམ་ཚུལ་བཤད་མི་ཆོག་པར་སྨྲ་བ་དེ་ངའི་སྨྲ་བརྗོད་རང་དབང་ཁྱེད་ཀྱིས་འཕྲོག་བརྩི་བྱས་པ་དང་ཆ་རེད། ཝོལ་ཊེར་གྱིས་་་་ ཁྱེད་ཀྱིས་གང་བཤད་པ་དེར་ང་མོས་མཐུན་མེད་རུང་། དེ་ཁྱེད་ཀྱིས་བཤད་ཆོག་པར་ངས་སྲོག་འབེན་ལ་བཙུགས་ནས་སྲུང་གི་ཡིན་ཞེས་པ་དེ་ཨེ་ཤེས། ཐུགས་ལ་ཞོགས། ད་དཀྱུས་ལ་འཇུག་ན་དགའ། ངའི་བྲིས་པའི་དོན་ཚན་གཅིག་ཚེགས་གསུམ་1.3 ལ་ལན་བཏབ་རོགས། གཡོལ་མ་ཕེབས་རོགས།
  22. ༢༢༽ སྤོབས་པ་མཐའ་ཡས་ནས།
    དགག་བཞག་ཟེར་བ་དེ་ལ་རྒྱུ་མཚན་དགོས་པ་རེད། འགྲིགས་མི་འདུག ཡག་པོ་མི་འདུག སྡིག་པ་བསགས་བཞག ཆེ་གེ་མོ་ལ་ཟུར་ཟ་རེད། ཅིག་ཅིག་ཅིག་ལ་མཐོང་ཆུང་རེད་ཟེར་བ་སོགས་ཀྱིས་ཅི་ག་ཡང་དགག་ཐུབ་གི་ཡོད་པ་མ་རེད། རྒྱུ་མཚན་ཁྱེར་ཤོག
  23. ༢༣༽ བསྟན་འཛིན་སྟོབས་ལྡན་ནས།
    རྒྱུ་མཚན་གཅིག་ཚེགས་གསུམ་དེ་ཡིན། དེ་ལ་ཆོ་མེད་ན་མེད་པའི་རབས་གཅིག་གསུང་དང་།
  24. ༢༤༽ བསྟན་འཛིན་སྟོབས་ལྡན་ནས།
    ང་ནི་དཀྱུས་ཀྱི་དོན་ལས་གཡོལ་ན་མི་དགའ། དཀྱུས་ནི་གོང་གི་དོན་ཚན་ ༡་༣ པོ་དེ་ཡིན་ལ་དེ་ལས་མ་གཡོལ་རོགས། ལན་བཏབ་རོགས།
  25. ༢༥༽ སྤོབས་པ་མཐའ་ཡས་ནས།
    ཁྱོད་ཀྱི་དོན་ཚན་དང་པོ་བདེན་པ་རེད། བོད་མིའི་དད་པ་མེད་ན་རྒྱལ་བ་རིན་པོ་ཆེ་ཟེར་བ་ཞིག་མེད། དོན་ཚན་གཉིས་པ་དེ་ཡང་བདེན་པ་རེད། བོད་མི་རྣམས་དད་པ་ཆེ་བ་དེ་ངའི་རྩོམ་འདིའི་བརྗོད་བྱ་རེད། དོན་ཚན་གསུམ་པ་དེའི་ཕྱོགས་གཅིག་བདེན་པ་རེད། རྒྱལ་བ་རིན་པོ་ཆེས་ཉེ་ཆར་ཀྲུང་དབྱང་སྲིད་གཞུང་གི་འོག་ཏུ་བོད་མི་མང་ལ་དངུལ་མང་པོ་ཐོབ་ཐུབ་པ་སོགས་འོད་སྟོང་འབར་བའི་མདུན་ལམ་ཡོད་གསུངས་པ་དེ་གཞོན་ཚོགས་དམ་བུ་གཉིས་སུ་གཉིས་སུ་གྱར་བའི་རྒྱུ་རྐྱེན་རེད། བཤད་ན་འགྲིགས་གི་འདུག ད་བཤད་རེས་བྱེད།
  26. ༢༦༽ བསྟན་འཛིན་སྟོབས་ལྡན་ནས།
    ད་གཞི་ནས་མི་གཅིག་དང་སྐད་ཆ་བཤད་ཀྱི་ཡོད་པའི་ཚོར་སྣང་དེ་སླེབས་བྱུང་། རང་གིས་ངས་སྐྱོན་འཛུགས་གསུམ་ག་བདེན་པར་ཁས་ལེན་པ་དེས་ད་ལན་གྱི་དཔྱད་རྩོམ་འདིའི་ཕྱི་ཤུན་ནང་ཆ་གཉིས་སོ་སོར་གསལ་པོ་ཆགས་པ་རེད། ངས་གོང་དུ་བཤད་པ་བཞིན་འཇམ་རྩུབ་དང་མཁས་ཐབས་གང་གི་སྒོ་ནས་རང་གི་མངོན་འདོད་གསལ་བར་བྱས་ཀྱང་དེ་རང་གི་བསམ་བློ་དང་སྨྲ་བརྗོད་ཀྱི་རང་དང་ཡིན་པས་ངས་མི་འགོག ད་རང་གི་རྩོམ་དེའི་ཁ་ཕྱོགས་གསལ་པོ་ཆགས་པར་བརྟེན་དེར་དཔྱད་བརྗོད་རིམ་བཞིན་སླེབས་འོངས། ད་བར་མི་གཞན་ཚོས་དེབ་ཀྱི་རྒྱབ་ཤ་ནང་གི་བརྗོད་བྱ་གཉིས་གཅིག་པ་ཡིན་ཤག་བྱས་པ་རེད། ད་འགྲིག་སོང་།
  27. ༢༧༽ སྤོབས་པ་མཐའ་ཡས་ནས།
    ཁྱེད་ལ་ངའི་རྩོམ་གྱི་ཁ་ཕྱོགས་གསལ་པོ་ཆགས་པ་དེས་དགའ་པོ་བྱུང་།
  28. ༢༨༽ བསྟན་འཛིན་སྟོབས་ལྡན་ནས།
    ལགས་སོ། སྤོབས་པ་ལགས། བཀའ་དྲིན་ཆེའོ།
  29. ༢༩༽ སྤོབས་པ་མཐའ་ཡས་ནས།
    སྟོབས་ལྡན་ལགས། ངས་ནི་ཁྱེད་ཀྱིས་ངའི་རྩོམ་འདི་ཞེ་སའི་ཚིག་ཚོགས་དཀོན་པའི་དབྱིན་སྐད་ནང་ལ་བསྒྱུར་རྩིས་རེད་བསམ་ནས་ཧ་ཅང་ཞེད་སོང་།
  30. ༣༠༽ འཇམ་གཅེས་ནས།
    དཔག་མེད་བསྐལ་པ་དུ་མའི་སྔ་རོལ་ནས། །
    ཟུང་འཇུག་གདོད་མའི་རྒྱལ་ས་ཟིན་ན་ཡང་། །
    ཆེས་སྙིགས་འགྲོ་ལ་ཐུགས་བརྩེས་ཉེར་དགོངས་ནས། །
    རྒྱལ་ཀུན་འཕྲིན་ལས་བྱེད་པོ་ཁྱོད་མིན་སུ། །

    ཡངས་པའི་ཁྱོན་འདིའི་ཆེ་རྒུ་མཐའ་དག་གིས། །
    འཚེ་མེད་ཞི་བདེའི་ལམ་སྟོན་ཆེན་པོ་ཞེས། །
    བསྟོད་པའི་མེ་ཏོག་འཐོར་ཡུལ་དགེ་སྦྱོང་བ། །
    མ་གྱུར་འགྲོ་བའི་མགོན་པོ་ཁྱོད་མིན་སུ། །

    ཁྱེད་ནི་འགྲོ་བ་ཡོངས་ཀྱི་མཛའ་བཤེས་སུ། །
    འགྱུར་མེད་རྡོ་རྗེ་ལྟ་བུར་རྟག་བརྟན་ངང་། །
    བདག་སོགས་བྱང་ཆེན་རྒྱལ་སར་མ་ཟིན་བར། །
    སྐད་གཅིག་ཙམ་ཡང་འབྲལ་བ་མ་གྱུར་གཅིག །

    སྐྱེ་བ་ཀུན་ཏུ་མགོན་པོ་ཁྱེད་ཉིད་ཀྱིས། །
    སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲ་མོ་ལའང་། །
    ནམ་ཡང་མ་དད་ལོག་ལྟ་མི་འབྱུང་བར། །
    མོས་གུས་བྱིན་རླབས་སེམས་སུ་དབང་འབྱོར་ཤོག །

    མདོར་ན་མགོན་པོ་ཁྱེད་ཀྱིས་བཀའ་དྲིན་ནི། །
    སྟོང་གསུམ་རིན་ཆེན་བསྒྱུར་ནས་དབུལ་ན་ཡང་། །
    ཆ་ཤས་ཙམ་ཡང་གསབ་པ་ག་ལ་ནུས། །
    འོན་ཀྱང་རང་རྒྱུད་དག་ཕྱིར་སྤེལ་ལ་སྤྲོ། །

    མགོན་པོ་ཁྱེད་ཀྱིས་བཀའ་དྲིན་དྲན་པ་དང་། །
    དགུང་ལོ་དོན་བརྒྱད་ཕེབས་པའི་མཛད་པ་དག །
    ཡང་ཡང་བསམ་ཚེ་མིག་ཆུ་སེམས་ཁོང་དུ། །
    དབང་མེད་བཞུར་ཡང་གནས་ལུགས་བཅོས་སུ་མེད། །

    སྙིགས་དུས་འགྲོ་བ་སྤྱི་དང་གངས་ཅན་པར། །
    མི་འདོད་སྡུག་བསྔལ་རྣམ་གྲངས་དུ་མ་ཡིས། །
    བར་མེད་མནར་བའི་ངང་ཚུལ་འདི་གཟིགས་ནས། །
    སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་སྨོན། །

    འདི་དང་ཕྱི་མ་གནས་སྐབས་ཐམས་ཅད་དུ། །
    བདག་སོགས་གང་དུ་གནས་པའི་ས་ཕྱོགས་ཀུན། །
    ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཀྱིས། །
    བདེ་སྐྱིད་དཔལ་ཡོན་རོལ་བར་སྐལ་ལྡན་ཤོག །

    ཅེས་མདོ་ཁམས་པ་འཇམ་གཅེས་སུ་འབོད་པས་གདུང་ཤུགས་དྲག་པོའི་བསྟོད་དབྱངས་འདི་བཞིན་༸གོང་ས་མཆོག་དགུང་ལོ་ ༧༨ ལ་ཕེབས་ཚུལ་མཛད་པའི་སྐུ་ཡི་འཁྲུངས་སྐར་ཉིན་མོར་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཤིག་གིས་དྲངས་ནས་བྲིས་པའོ།། །།
  31. ༣༡༽ བསྟན་འཛིན་ནས།
    མི་འདིའི་ག་དུས་ཡིན་ན་དམིགས་ཡུལ་སྡུག་ག་ལ།ཁྱེད་རང་གིས་བསམ་བཞིན་དུ་བོད་ཕྱི་ནང་གཉིས་ཀྱི་མི་མང་གི་སེམས་ལ་རྨ་དང་སྙིང་ལ་གྲི་བཙུག་གི་ཡོད་བ་མཁྱེན་པ་གནང་རོགས།བོད་རྒྱ་ཆེའི་མི་མང་ལ་ཁྱེད་དེ་འདྲའི་སྙིང་ནད་ཞིག་ཡོད་དགོས་དོན་ཅི་ཡིན།
  32. ༣༢༽ སྤོབས་པ་མཐའ་ཡས་ནས།
    བསྟན་འཛིན་ཡིན་ནམ་དེ་ལ་ཞུ་བ། ངས་ག་རེ་བཤད་ཡོད་མེད་ཤེས་གི་ཡོད་ན་དེ་ལས་བརྩམས་ཏེ་སྐད་ཆ་ཤོད། དམིགས་ཡུལ་གང་ཡིན་ཚོ་ཁྱོད་ཀྱིས་ཅང་མི་ཤེས་ས་མ་རེད། ོད་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་པ་བྱ་རྒྱུའི་ལས་འགན་སུས་ཀྱང་ཁྱོད་ལ་བསྐུར་མེད། དེ་ལས་ངས་ཁྱོད་རང་གི་སྙིང་ལ་གྲི་ག་འདྲ་བཙུགས་མ་བཙུགས་སྐོར་ལ་སྐད་ཆ་ཤོད།
  33. ༣༣༽ གནམ་ནས།
    འཇམ་གཅེས་ཁོ་རེ། ཅི་ཞིག་ལ་ཁྱེད་ཀྱི་བྲིས་རྩོམ་འདི་གདུང་ཤུགས་དྲག་པོ་ཡིས་ཆགས་སོང་བ་རེད། ཁྱད་མཚར་བོ།
    ཁ་རྩང་ཞིག་ལ་ཁོ་ཡིན་ཟེར་ནི་ཞིག་གིས་བོད་ཀྱི་གཡོག་པོ་ཟེར་ནས་ཅིག་བྲིས་འདུག།
    དེ་རིང་ཞིག་ལ་ང་ཡིན་ཟེར་ནི་ཞིག་གིས་བོད་ཀྱི་གཅེས་ཕྲུག་ཟེར་ནི་ཞིག་བྲིས་འདུག།
    ངའི་རྩ་བའི་བླ་མ་རིན་པོ་ཆེ་ལ།
    ད་ཁྱེད་རང་ཚོས་ཁ་སྐྱོལ་འི་ཡོད་ནི་ན། སྣབ་བསྐུ་འི་ཡོད་ནི་ན། ངོ་མ་ཤེས་དཀའ་མོ་འདྲ་ཞིག་རེད།

  34. ༣༤༽ བསྟན་འཛིན་སྟོབས་ལྡན་ནས།
    སྤོབས་པ་ལགས། ནུབ་ཕྱོགས་ཀྱི་ཁ་དཔེར། If you are so good at it, don’t do it for free. ཡོད་པ་དེ་ངས་ད་ལྟ་བརྗེད་མེད་ལགས།།
  35. ༣༥༽ སྤོབས་པ་མཐའ་ཡས་ནས།
    སྟོབས་ལྡན་ལགས། Do it or die, the choice is yours དེ་མ་གཏོགས་ཞུ་རྒྱུ་མེད་ལགས།
  36. ༣༦༽ བསྟན་འཛིན་སྟོབས་ལྡན་ནས།
    སྤོབས་པ་ལགས་དགོངས་དག ངས་ཁྱེད་ཀྱི་དཔྱད་རྩོམ་དེ་རིན་མེད་ངང་ནས་བསྒྱུར་ཐུབ་པ་མིན་འདུག
  37. ༣༧༽ སྣ་ཚོགས་རང་གྲོལ་ནས།
    སྤོབས་པ་མཐའ་ཡས་ཀྱིས་གནས་ལུགས་འཚོལ་བའི་སྐད་ཆ་གོ་རྒྱུ་ཡོད་པ་ཞིག་བཤད་འདུག དངོས་གནས་སྤོབས་པ་མཐའ་ཡས་རང་ཡིན་ས་རེད།
  38. ༣༨༽ བསྟན་འཛིན་སྟོབས་ལྡན་ནས།
    སྤོབས་པ་ལགས། ངས་ང་རང་སོ་སོ་ལ་ཡོད་པའི་ཡིག་བསྒྱུར་གྱི་ལག་རྩལ་དེ་ལ་་་སྤོབས་པ་མཐའ་ཡས་་པ་ཞིག་ཡོད། དེར་བརྟེན་རིན་མེད་ངང་ནས་བསྒྱུར་ན་་་སྤོབས་པ་མཐའ་ཡས་་་འདི་ལ་མཐོང་ཆུང་ཆགས་མི་ཡོང་ངམ་སྙམ།
  39. ༣༩༽ སྤོབས་པ་མཐའ་ཡས་ནས།
    སྔོན་བྱོན་མཁས་པས་ཀྱང་། ཡང་ན་རིག་པ་ནོར་དང་བརྗེ།།ཡང་ན་རིག་པ་རིག་པར་བརྗེ།།གསུངས་འདུག ཁྱེད་ཀྱིས་གང་ཞིག་ལ་བརྗེ་རྩིས་ཡོད།
  40. ༤༠༽ ཀརྡོ་གཉེར་ཕྱག་པ་ནས།
    ངའི་རྩ་བའི་བླ་མ་རིན་པོ་ཆེ་ལ།
    ད་ཁྱེད་རང་ཚོས་ཁ་སྐྱོལ་འི་ཡོད་ནི་ན། སྣབ་བསྐུ་འི་ཡོད་ནི་ན། ངོ་མ་ཤེས་དཀའ་མོ་འདྲ་ཞིག་རེད། ་་་་་ཟེར།

  41. ༤༡༽ བསྟན་འཛིན་ནས།
    ད་ལོ་སྐུའི་འཁྲུངས་སྐར་ལ་བོད་ཕྱི་ནང་གཉིས་ནས།སྐུ་དྲིན་མཚོན་བའི་ཤིས་ཚིག་སྤེལ་འཁན་སྔར་ལས་མང་བ་དེ་ལ་དམིགས་ནས་ལྡོག་ཕྱོགས་རྐྱང་རྐྱང་ནས་བཤད།
  42. ༤༢༽ བསྟན་འཛིན་སྟོབས་ལྡན་ནས།
    སྤོབས་པ་ལགས། ཁྱེད་ལ་རིག་པ་ཡོད་བཞིན་དུ་ངས་སོ་སོའི་རིག་པ་དང་མི་བརྗེ་པ་ག་ལ་ཡིན། ང་ལའང་བྱ་ཐབས་གཞན་ཟད་པར་བརྟེན་དངུལ་རིན་དང་བརྗེ་དོ་ལབ་པ་ཡིན།
  43. ༤༣༽ བསྟན་འཛིན་སྟོབས་ལྡན་ནས།
    འཇམ་གཅེས་ལགས་དང་་་་ཀརྡོ་ལགས་རྣམ་གཉིས་ལ་ཞུ་རྒྱུར། ༼འདིའི་མིང་ལ་བལྟས་ན་ཁ་སྐྱེལ་བ་དང་འདྲ་བའི་སྣབ་བསྐུ་བའི་ཟློས་གར།༽་་་ཞེས་ཟེར།
  44. ༤༤༽ བློ་བཟང་ནས།
    སྡིངས་ཆ་འདིའི་སྟེང་སྤབས་མཐའ་ཟེར་ན་མཐོང་ཆེན་ཞིག་ལ་རྩིས་བཞིན་འདུག་རུང་། དོན་དངོས་ངའི་དེ་འདྲ་མཐོང་མ་སོང་། མ་འདྲ་བ་ཞིག་བྱེད་དགོས་པ་རྩོམ་པ་པོའི་ཁྱད་ཆོས་མ་རེད། དྲང་བདེན་དང་དངོས་མཐུན་དགོས་པ་དེ་རེད།
  45. ༤༥༽ ཚེ་རིང་ནས་ནས།
    དངོས་པོ་གནས་ཚུལ་དང་མཐུན་འདུག སྤོབས་པས་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།
  46. ༤༦༽ འཇམ་གཅེས་ནས།
    ངས་ག་རེ་བྲིས་འདུག་མིན་དང་། བྲིས་པ་དེ་དག་གནས་ལུགས་འདུག་མིན་མིག་མེད་སྐྱོན་ཅན་མིན་ན། ཤེས་པ་རང་བཞིན་དུ་གནས་ན། ཡག་པོར་དཔྱོད་ནས་བསམ་ཚུལ་ཤོད་དང་། འབུ་སྲིན་ཚོ་་་་་་
  47. ༤༧༽ བློ་བཟང་ནས།
    སྤོབས་པའི་བྲིས་པ་དེར་ང་རང་གི་བསམ་ཚུལ་ངོ་མ་གོང་དུ་ཞུས་ཟིན་པ་ཡིན། དངོས་གནས་བོད་མི་ཕལ་མོ་ཆེ་རང་རང་འདོད་མོས་ཐོག་འགྲོ་བཞིན་པ་ལས། བླུན་པོ་ཆུ་སྣ་གར་འཁྲིད་ཡིན་པ་ཁས་ལེན་མི་ཐུབ། ངུ་གསུངས་ན་ཚང་མའི་ངུ་བ་ཁས་ལེན་མི་ཐུབ།
  48. ༤༨༽ བློ་བཟང་ནས།
    སྤོབས་པ་མྱུར་བ་ཞེས་སྦྱོར་བའི་སྐྱོན་ནང་རྩིས་འདུག་པའི་སྤོབས་པ་དེ་ཁྱེད་ལ་ཚང་འདུག འཇམ་གཅེས་ཟེར་བ་ཁྱེད་ཉིད་ཡིན་ན་མིང་བརྗེ་བ་ལེགས།
  49. ༤༩༽ བློ་བཟང་ནས།
    དགོངས་དག་ང་ལ་འཇུག་པ་མྱུར་བ་ཅིག་ཅར་འཁྲུལ་པའི་རྒྱུར་སོང་འདུག་འཇམ་བཅེས་ལགས།
  50. ༥༠༽ གནམ་ནས།
    འཇམ་གཅེས་ནས་གདུང་ཤུགས་དྲག་པོ་ཟེར། རྒྱལ་བ་མཆོག་སྐུ་འཚོ་བཞུགས་སྐབས་ཁྱེད་ཅིའི་དོན་དུ་གདུང་གི་ཡོད་དམ། ཁ་ནང་ལ་ཡོང་ཡོང་གཉིས་ཀ་འབྲི་རྒྱུ་ཞིག་ཡིན་ནི་མ་རེད།
  51. ༥༡༽ འཇམ་གཅེས་ནས།
    གདུང་ཤུགས་དྲག་པོ་ཞེས་བྲིས་དོན་ནི་བོད་མི་རིགས་ཀྱི་བདེ་བསྡུག་ལ་སེམས་ཁུར་ཅུང་ཟད་ཡོད་མཁན་ཡིན་ན་འགྲེལ་བཤད་མི་དགོས་ཆགས་ཡོད་དྲན། མང་པོ་བཤད་དགོས་དོན་མི་འདུག བློ་བཟང་ཡིན་ན་དེས་གང་ཟེར་ཁུལ་ཡིན་ནམ་་་་་་་་འཇམ་གཅེས་ནི་བདག་གི་དངོས་མིན་ཡིན་པས་དུས་ནམ་ཡང་བརྗེ་མི་འདོད། མིང་བྱང་རྫུན་མ་རེའི་འོག་ནས་སྤྱི་ཚོགས་ལ་ངན་བརྗོད་བཟོ་བས་གོམས་གཤིས་དེ་འདྲ་ངས་ཤེས་ཀྱི་མི་འདུག་དགོངས་སེལ་ཞུ།
  52. ༥༢༽ བཀྲ་ཤིས་རྒྱལ་ནས།
    སྤོབས་པས་གསུངས་ལ་མངོན་པར་བསྟོད་དོ།
  53. ༥༣༽ དབྱངས་ཅན་འབངས་ནས།
    བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན།།
    གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི།།
    སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་ཅིང་།།
    བཞེད་དོན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།

  54. ༥༤༽ ནུབ་ཕྱོགས་གངས་ཕྲུག་ནས།
    སྤོབས་པས་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།
  55. ༥༥༽ སྤོབས་པ་མཐའ་ཡས་ནས།
    ངས་དོན་དངོས་ཡོད་ཅིག་བཤད་ཨེ་ཐུབ་བལྟས་པ་མ་གཏོགས་བསྟོད་པ་དང་སྨད་པ་གཙོ་བོར་བཟུང་མེད། རྣམ་པ་ཚོས་བཀླགས་པས་དགའ་བྱུང་།
  56. ༥༦༽ བློ་བཟང་ནས།
    ཁྱེད་ཀྱིས་བྲིས་པའི་དངོས་ཡོད་དེ་ཟུར་ཆ་་གཅིག་གི་གནས་ཚུལ་རེད། དེ་དངོས་ཡོད་མ་རེད་ཞུས་མེད། ངས་ཀློག་དུས་ཁྱོན་ཡོངས་ནས་དེ་ལྟར་ཡིན་པ་ཞིག་གོ་འགྲོ ཧ་ལམ་བོད་མི་བརྒྱ་ཆ་དགུ་བཅུ་ལྟ་བུའི་བསམ་ཚུལ་དེ་རྨོངས་དད་ཀྱིས་བཅིངས་པ་ལྟ་བུ་བྲིས་འདུག་ དེ་བདེན་པ་མ་རེད། ཡིན་ན་ངའི་མཆན་ ༧ པའི་ནང་ཟུར་ཙམ་བྲིས་ཡོད་གཟིགས་དང་། ང་ལ་ཆ་བཞག་ན་ཁོང་གི་བཀྲིན་བསམ་ཤེས་བྱས་ཀྱིས་ཡོད། ང་རང་དབུ་ལམ་དམ་ཡོད་དེ་ཡང་ཁོང་གི་གསུངས་པར་རྒྱུ་མཚན་མཐོང་ནས་ཡིན། ང་རང་དོལ་རྒྱལ་སྟེན་མེད་དེ་ཡང་ཉམས་ཀྱི་ཉམས་མྱོང་དང་རྒྱུ་མཚན་མཐོང་བ་ཡིན། གལ་སྲིད་རྒྱུ་མཚན་མ་མཐོང་ན་སྟེན་སྲིད་འོན་ཀྱང་ཁོང་ལ་དང་བའི་དད་པ་ལོག་ཐབས་མེད་ལ། སྐྱོན་ཆུང་སྐྱོན་ཆེན་དུ་བཟོ་ག་ལ་སྲིད། སྟབས་ཡག་པ་ཞིག་ལ་ཁོང་ནས་གང་གསུངས་པའི་རྒྱབ་ལྗོངས་གང་ལ་གང་མཐོང་ཐུབ་ཀྱི་འདུག ང་མི་ཐེབས་ཆགས་ཞིག་གིས་རྒྱུ་མཚན་རྗེས་སུ་དྲང་ནས་གཞན་རྣམས་ལྟ་སྨྲོས་ཀྱང་ཅི་དགོས།
    དེ་ནམ་ཡང་ཐུགས་ལ་གཞག་རོགས་གནང་། ཐུགས་རྗེ་ཆེ།

  57. ༥༧༽ གཞོན་ནུ་ཟླ་མེད་ནས།
    མདོ་སྨད་པ་ཡོན་ཏན་རྒྱ་མཚོ་ནས་བྲིས་པའི་དེབ་ཆེན་པོ་ཞིག་ཡོད་པ་དེའི་ཤོག་བུ་གཅིག་གཉིས་ཟིག་སྤོབས་པས་འདིར་དྲངས་པ་ཙམ་རེད། སྤོབས་པས་དད་པ་ཅན་ཟེར་ནས་བྲིས་པ་ལ། ཡོན་ཏན་རྒྱ་མཚོས་ལུག་འབའ་ལ་རྒྱུགས་ཟེར་ནས་བྲིས་པ་ཙམ་མ་གཏོགས་ཁྱད་པར་མི་འདུག
  58. ༥༨༽ དབྱངས་ཅན་འབངས་ནས།
    མཆན་ ༥༧ པས་བཤད་པ་ལ་ཡིད་ཆེས་ཀྱི་མིན་འདུག
  59. ༥༩༽ སྣྲོན ངག་ཁྲི་ནས།
    གལ་སྲིདལ་ོསྤོབས་མཐའི་སྨྲ་བརྗོད་ཐལ་ཡོད་ན། །
    ཁུག་རྟའི་«ཚེ་གཡོག་»འོས་སམ་མི་འོས་དཔྱོད། །
    གཅིག་ཤོས་བདེན་དང་གཅིག་ཤོས་རྫུན་པ་ཡི། །
    ཚད་ཐུབ་དཔང་རྟགས་ངོ་ལྐོག་གཡོ་སྒྱུས་དཀའ། །
  60. ༦༠༽ སྣྲོན ངག་ཁྲི་ནས།
    ༄༅། །དེ་ཡང་གོང་ས་མཆོག་གི་ཞལ་ནས།
    ༼ངའི་ལོ་རྒྱས་དེ་ཇི་མ་ཇི་བཞིན་དྲང་པོ་ཞིག་བྲིས་ཡོད་ན་ཡག་པོ་རེད།
    དེ་མིན་སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་ཟེར་བ་ལྟར་
    བྲིས་ཡོད་ན་ཆོ་ཟེར་གའི་ཡོད་མ་རེད་༽ཅེས་གསུངས།
  61. སྐྱེས་ཆེན་དམ་པ་ཞིག་གི་འཁྲུངས་སྐར་བསུ་བ།

    གཉན་པོ།
    གནམ་ས་གཉིས་ལ་ཁ་དོག་གནང་བའི་སྐྱེས་བུ
    བདག་གི་རི་རབ་ལས་ཀྱང་དབུ་འཕང་མཐོ་ཨང
    འཇིག་རྟེན་གྱི་གནས་ལུགས་ལ་གྲག་འགུལ་མེད་པའི་དེ་རིང
    ང་ཚོ་ད་དུང་རི་བོའི་ཕ་རོལ་ན་ཡོད

    སྐྱེ་བུ་འདིའི་ངག་གི་གསུང་རབ་ངོས་སུ
    མིའི་རིགས་ཀྱིས་ཞི་བའི་ཕོ་བྲང་བཟོ་རྒྱུ་ཡིན་ཚུལ་སྨྲ
    གངས་དང་ཕ་ཡུལ་ཟེར་བ་ཞིག་ལ
    གླིང་ལྔ་དང་གནམ་འོག་ཅེས་པ་ཞིག་ལ
    བླ་སྲོག་གི་བདེན་པ་བཞེང་གིན་ཡོད

    ཉི་འོད་ལ་སྨྲ་བ་མེད་པར་ཁེར་འགྲོ་བྱེད་དུས
    ལོ་རྒྱུས་ཀྱིས་ཀུ་རེ་དང་མཉམ་དུ་མིག་ཆུ་སློང་དུས
    ཁྱེད་ཁོ་ནས་བརྩེ་བ་དང་བྱིན་རླབས་གནངས་ཡོད

    ཤེས་རབ་ཀྱི་འོད་འཚོལ་བ་བཞིན
    བདེན་ལུགས་ཀྱི་དཔལ་འཚོལ་བ་བཞིན
    མི་བོ་ཆེ་དེ་རང་ཉིད་ཀྱི་རྒྱུ་མཚན་དང་བཅས་ཏེ་བཞུགས་ཡོད
    འགྲོ་བའི་བླ་དེ་ཁ་བའི་གདངས་འགྲོས་དང་མཉམ་དུ་གནས་ཡོད

    ༢༠༡༣ ལོའི་འཁྲུངས་སྐར་སྐབས་སུ་བྲིས།

    རྗེས་འདེད། URI | མཆན་བུ། RSS

    སྐྱེས་ཆེན་དམ་པ་ཞིག་གི་འཁྲུངས་སྐར་བསུ་བ་ཞེས་པའི་སྐོར་ལ་མཆན་གཅིག་བཀོད་འདུག

  62.  

0 comments:

ཟིན་བྲིས་འཚོལ་ཡུལ