དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Sunday 27 October 2013

ཨ་དཀོན་བླ་མའི་འོད་སྣང་དང་རྡ་སའི་གླིང་གི་མུན་ནག


ཨོ་རྒྱན་ཉི་མ། ༼འཕྲིན་ཕྲན་ལས་བཤུས།༽
སྤྱི་ཚོགས་དཔྱད་ཞིབ་པ་ཞིག་གི་ངོས་ནས་བསམ་ན། དོན་དངོས་ཐོག་གང་ཟག་སུ་ཞིག་གིས་མི་ཡུལ་དུ་ཕན་པའི་བྱ་བ་གང་བརྩམས་འདུག་མིན་ལ་ དབྱེ་ཞིབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ལས། གང་ཟག་སུ་ཞིག་ལ་མིང་སྐམ་གྱི་གྲགས་སྙན་ཆེན་པོ་རེ་ཡོད་མེད་བལྟ་རྒྱུ་དེ་མིན། ལྟ་སྟངས་དེ་འདྲ་ཞིག་གི་ཐོག་ནས་བལྟས་ན། བོད་རང་ས་ལ་བསམ་ཚེ་ལོ་རབས་ལྔ་བཅུ་པའི་ནང་ཚུན་ཆད་ལ་ཤེས་རིག་འཕེལ་རྒྱས་དང་ སློབ་གསོ་ཡར་བསྐུལ་གྱི་ཐད་སོགས་ལ། ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས། དུང་དཀར་བློ་བཟང་ཕྲིན་ལས། ཨ་ལགས་ཚེ་ཏན་ཞབས་དྲུང་སོགས་ཕྱག་རྗེས་ཅན་གྱི་སྐྱེས་བུ་དམ་པ་མི་ཉུང་བ་ཞིག་ གིས་ནུས་ཤུགས་ཡོངས་རྫོགས་བསྒྲིམས་ནས། བོད་མི་རིགས་ཀྱི་རིག་གཞུང་དེ་འཆི་ལམ་ནས་དངོས་སུ་བསྐྱབས་པའི་ཕྱག་རྗེས་ནི་ལོ་ རྒྱུས་ཐོག་གསེར་གྱི་ཡི་གེར་བྲིས་ནའང་རིན་ཐང་གཞལ་མི་ཐུབ་པའི་བཀའ་དྲིན་ཧ་ཅང་ ཆེན་པོར་ཆགས་ཡོད།
བོད་ཕྱི་ལོགས་ལ་ཆ་མཚོན་ན། རྒྱ་གར་གཙོས་པའི་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ལ། སྙན་གྲགས་ང་ཆེ་དང་། གསེར་ཁྲི་ང་མཐོའི་ཟེར་བའི་བོད་ཀྱི་བླ་སྤྲུལ་གྲགས་ཆེན་དང་། མཁན་པོ་དང་དགེ་བཤེས་སོགས་ཕྱུག་བདག་རི་རྒྱལ་ལྷུན་པོ་ལྟ་བུ་ཧ་ཅང་མང་པོ་ཞིག་ བཞུགས་ཡོད་ན་ཡང་། རང་རང་གི་རྒྱུ་དངོས་ཕྲན་ཚོགས་རྣམས་རང་ཉིད་ཀྱི་མཚན་སྙན་གྲགས་རྒྱས་ཕྱིར་དང་། རང་ཉིད་ཀྱི་ཆོས་རྒྱུད་གཅིག་པོའི་ཁ་གསོ་ཐབས། རང་ཉིད་ཀྱི་དགོན་པ་ཕོར་ཁ་ཙམ་རེའི་ཆེད་དུ་གཏོང་བ་ལས། ལུང་ཚན་དང་ཆོས་ལུགས་ཀྱི་དབྱེ་མཚམས་བརྒལ་ནས། ཁ་ཕྱིར་བོད་ཡུལ་དུ་འཁོར་ཏེ་གཞིས་ལུས་བོད་མིའི་ཤེས་རིག་ཡར་བསྐུལ་དང་། སློབ་གསོ། འཕྲོད་བསྟེན། ཁོར་ཡུག་དང་རིག་དངོས་སྲུང་སྐྱོབ། དཔེ་རྙིང་འཚོལ་བསྡུད། ཉམས་ཐག་རོགས་སྐྱོར་སོགས་ལ་གཏོང་ཕོད་ཀྱི་ཕྱག་རྗེས་ཅན་དེ་ཨ་ཀོང་བླ་རྒན་ཁོ་ན་ ལས་གང་ཟག་གཉིས་པ་ཞིག་གཞལ་ཡང་རྙེད་དུ་མེད་པ་དེ་གསལ་པོ་རེད།
དེ་ལྟར་ན་བོད་མི་རིགས་ལ་སྐུ་དྲིན་ཆེ་བའི་ཕ་རྒན་ལྟ་བུ་ཨ་ཀོང་བླ་མ་ཁོང་ སྤྱི་ལོ་༢༠༡༣ སྤྱི་ཟླ་༡༠་ པའི་ཚེས་༨་ ཉིན་རྒྱ་ནག་ཁྲིན་ཏུ་རུ། སྤྱོད་པ་མ་དུལ་བའི་མི་ངན་རེ་ཟུང་གིས་འདྲེ་ལག་རིང་དུ་བརྐྱངས་ནས། ཕྱིར་འོངས་མེད་པའི་ཕྱི་མའི་ལམ་དུ་བརྫངས་སྟེ་དྲིན་ལན་ལ་དྲིན་ལོག་འཇལ་བ་རེད། ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་བཏབ་པའི་ཨ་ཀོང་བླ་རྒན་དམར་གསོད་ཀྱི་དོན་ རྐྱེན་འདི་ནི། བོད་མི་རིགས་ཀྱི་གོད་ཆག་དང་གྱོང་གུད་ཚབས་ཆེན་ཞིག་ལ་ངོས་འཛིན་དགོས་པ་ཀུན་ གཟིགས་པཎ་ཆེན་གྱི་སྲས་མོ་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག། མཁས་དབང་བསོ་དར་རྒྱས། རྒྱལ་གཅེས་པ་འོད་ཟེར། རྩོམ་པ་པོ་སེང་རྡོར། སྐྱབས་ཆེན་བདེ་གྲོལ། ད་དུང་སྒོ་ཡོན་དང་། སྒོ་ཤེས་རབ་ལ་སོགས་པའི་བོད་གཞིས་བཞུགས་ཀྱི་རྩོམ་པ་པོ་དང་མི་དམངས། ཚོགས་སྡེ་ཧ་ཅང་མང་པོས་ཨ་དཀོན་བླ་མ་ལ་མྱ་ངན་གུས་འདུད་དང་། རྗེས་དྲན་རྩོམ་ཡིག ་གཏམ་བཤད། ད་དུང་པར་རིས་ཀྱིས་དྲ་ལམ་དང་སྐད་འཕྲིན་ཡོངས་སུ་འཚང་བ་ཞིག་བྱས་ཡོད་སོང་ངོ་།།
ད་དུང་འབའ་ཆོས་སྡེ་དགའ་ལྡན་ཕན་བདེ་གླིང་དང་། དཔལ་སྤུངས་དགོན་པ། གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་། དཔལ་ཡུལ་སློབ་ཆེན་སོགས་སློབ་གྲྭ་དང་དགོན་པ་རི་ཁྲོད་གང་སར། ཨ་དཀོན་སྤྲུལ་སྐུ་ལ་རྗེས་དྲན་གསོལ་འདེབས་དང་སྨོན་ལམ་འཚོགས་བཞིན་ཡོད་པའི་ གནས་ཚུལ་འདི་ཚོ་དྲིན་བྱས་དྲིན་དུ་ཤེས་ཤིང་ཕྱོགས་སུ་མ་ལྷུང་བའི་བཟང་སྤྱོད་ དང་ལོ་རྒྱུས་ཀྱི་འགན་ཁུར་ཞིག་ཡིན་པ་རེད།
དེ་བཞིན་བོད་ཕྱི་ལོགས་ནས་ཀྱང་སྐད་འཕྲིན་དང་དྲ་ལམ་གང་སར། ཨ་དཀོན་ལ་མྱ་ངན་ཞུ་མཁན་འདི་ཚོ་ཡུལ་གྱར་བོད་མིའི་ནང་ནས་བློ་མིག་དྲང་ཞིང་ ཕྱོགས་རིས་ཕྲག་དོགས་ཀྱིས་ལྷད་སྐྱོན་མ་ཕོག་མཁན་ཚོ་རེད་འདུག ད་ཐེངས་ཨ་ཀོང་བླ་མ་དམར་གསོད་ཀྱི་དོན་རྐྱེན་འདི་ལ་བོད་མི་ས་ཡ་དྲུག་གི་སྐྱིད་ སྡུག་ལ་མཉམ་དུ་འགན་ཁུར་མཁན་ཡིན་པར་སྨྲ་བའི་ཡུལ་གྱར་བོད་མིའི་སྒྲིག་ འཛུགསདང་། བོད་མི་རིགས་ལ་ལར་ཞེན་ཡོད་རབས་བཤད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་སུ་ཡང་ གྲགས་འགུལ་གང་ཡང་མེད་ཅིང་སྣང་མེད་བཏང་བ་ནི་བཟང་སྤྱོད་ལ་འགན་ཁུར་མ་ཐུབ་པ་མ་ ཟད། རྣམ་པ་འདྲ་མིན་ཐོག་ནས་བཙུགས་པའི་རྡ་སའི་ཚོགས་པ་འདི་ཚོ་ཡང་མི་སྒེར་གྱི་ཁེ་ ཚོང་གཉེར་སའི་ཚོང་ལས་སྡེ་ཚན་ཙམ་ཞིག་ལས། མི་རིགས་ཀྱི་ལས་དོན་བསྒྲུབ་སའི་སྟེགས་བུ་ཞིག་མིན་པ་དེ་ལོ་རེ་དང་ཟླ་རེར་ཁ་ ཇེ་གསལ་དུ་འགྲོ་བཞིན་ཡོད་པ་བཞིན་ད་ཐེངས་དངོས་སུ་རྦད་དེ་ཁ་གསལ་དུ་ཕྱིན་པ་ རེད།
ནམ་རྒྱུན་མི་རིགས་ལ་བཞག་པའི་བྱས་རྗེས་སྤུ་ཉག་ཙམ་ཡང་བསྟན་རྒྱུ་མེད་པའི། རྡ་སའི་རྒན་འཁོག་རེ་ཟུང་ཤི་དུས་ལས་ཁུངས་ཚང་མ་སྒོ་རྒྱག་པ་དང་། གཞུང་འབྲེལ་གྱིས་མྱ་ངན་ཞུ་བ། མཆོད་འབུལ་བསྔོ་སྨོན་འདོན་པ་ཡང་ཡང་བྱེད་ཀྱི་འདུག་ལ། ཉེ་བའི་ཆར་དབྱིན་ཇི་མགོ་སེར་ཡུལ་ནས་ཡིན་པའི་མི་རྒན་mr Robert for་ཟེར་བ་དང་། mr mohan singh་ཟེར་བའི་རྒྱ་གར་གྱི་མི་དེ་གཉིས་ཤི་བ་ལ་གཞུང་འབྲེལ་ཐོག་ནས་མྱ་ངན་དང་ གདུང་སེམས་མཉམ་བསྐྱེད་བྱས་ཡོད།
འོན་ཀྱང་བོད་མི་རིགས་ལ་ཕྱག་རྗེས་ཆེ་ཞིང་། བོད་ཀྱི་ལོ་རྒྱུས་ལ་གསེར་གྱི་ཡི་གེ་འབྲི་རིན་ཡོད་པའི་ཨ་ཀོང་སྤྲུལ་སྐུ་འཆི་ རྐྱེན་མ་རུང་པའི་ལམ་དུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ལ། རྡ་ས་ནས་གོ་མེད་ཚོར་མེད་དུ་བཞག་པ་ནི་ངོ་མ་ཧང་སངས་ཤིང་བློ་ཡུལ་དུ་མི་ཆུད་ པའི་སྤྱོད་ངན་བླ་ན་མེད་པ་ཞིག་བསྟན་པ་རེད། མིག་མཐོང་ལག་ཟིན་གྱིས་བོད་མི་རིགས་ལ་ཕན་ཐོགས་པའི་མི་དྲིན་པོ་ཆེ་འདི་ཚོ། མ་གོ་མ་ཐོས་པའི་རྣམ་འགྱུར་འདི་ལྟར་བསྟན་ན་ལས་རྒྱུ་འབྲས་ལ་མི་རུང་ཞིང་། ཨོ་རྒྱན་ཆེན་པོས། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ་ཞེས་པ་དེ་ཆགས་སོང་བ་ཡིན།
ཏུང་ཧོང་གནའ་ཡིག་ཏུ་བཟང་པོ་ལ་བསྟོད་པ་མ་བཏང་ན། བཟང་པོའི་ལས་བྱ་མཁན་མི་རྙེད་ཅེས་པ་བཞིན་ཆགས་ངེས་ཤིང་། ལས་བཟང་པོ་བྱ་མཁན་སུ་ཞིག་བྱུང་ཡང་། མི་དེ་ལུང་ཚན་དང་ཆོས་ལུགས་གང་ཡིན་ལ་མི་བལྟ་བར། མི་དེས་རིགས་ལ་ཕན་པའི་བྱ་བ་གང་བརྩམས་འདུག་བལྟ་རྒྱུ་དེ་གལ་ཆེན་པོ་ཡིན།
རྡ་ས་ནས་མི་དཔོན་ཆེན་པོ་དག་གི་ཁ་ཡིས་རིས་མེད་དང་། གཞན་ཕན། འཆམ་མཐུན་སོགས་བོད་ཀྱི་མིང་མཛོད་ལ་ཡོད་པའི་ཐ་སྙད་ཚིག་གྲུབ་གང་སྙན་སྙན་གྱིས་ འདྲ་འབག་ཇི་ལྟར་བཙས་ཀྱང་། དོན་ཡང་སྙིང་གི་འདྲ་འབག་ནི་འདྲ་འབག་རང་ལས་གཞན་ཅི་ཡང་མེད་པ་གསལ་པོ་ཆགས་བཞིན་ ཡོད་པ་རེད། དྭངས་གཙང་གི་སེམས་ཁམས་ལ་ཕྱོགས་ལྷུང་གི་དྲི་མས་མ་ལྷད་པའི་གཞིས་ལུས་བོད་མིའི་ ངོས་ནས། མ་གྲོས་བསམ་པ་གཅིག་མཐུན་གྱིས། ཨ་ཀོང་སྤྲུལ་སྐུ་ཞིང་གཤེགས་སོང་བ་འདི་བོད་མི་རིགས་ཀྱི་ཆག་སྒོ་དང་གྱོང་གུད་ ལ་ངོས་འཛིན་དང་མྱ་ངན་གུས་འདུད་འདི་ལྟར་ཞུ་སྐབས་འདིར། བོད་ཕྱི་ལོགས་ནས་ཕྱག་རྗེས་ཅན་གྱི་རླབས་ཆེན་གྱི་མི་འདིའི་རིགས་ལ། མ་མཐོང་མ་ཐོས་པའི་ཁ་ལག་རྒྱབ་འགལ་གྱི་བྱ་སྤྱོད་འདི་ལྟར་འཁྲབ་ཚེ། ད་ལྟའི་བར་བོད་གཞིས་ལུས་མི་མང་གིས་ཡུལ་གྱར་བོད་མི་ལ་བཞག་པའི་ཆེ་མཐོང་དང་ བརྩི་བཀུར་གཏན་བརླགས་སུ་ཕྱིན་ཏེ་དེ་ཚོ་ལ་ད་ཕྱིན་ཁྱི་མཐོང་ཙམ་ཡང་མེད་པར་ འགྱུར་ངེས་པ་རེད་དོ།།
༼བོད་ཀྱི་ཡུལ་གྲུ་དུ་མར་ཁྱབ་བཞིན་པའི་རྩོམ་ཐུང་འདི་སུས་བྲིས་པ་ཡིན་མིན་ མི་ཤེས་མོད། བོད་ནས་བྲིས་པ་རེད་ཟེར་ན་དབྱིན་མིང་ཡོད་མཁན་དེ་ཚོ་ཡང་ཧ་གོ་མཁན་ཞིག་རེད། བོད་ལ་ཇི་ལྟར་འབྱུང་གི་ཡོད་མེད་ཀྱང་རྟོགས་མཁན་ཞིག་རེད། དེ་ཕྱིར་རྩོམ་འདི་འཕྲིན་ཕྲན་ནང་ནས་བཤུས་པ་ཡིན།༽

0 comments:

ཟིན་བྲིས་འཚོལ་ཡུལ