དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 16 December 2013

བདག་ཅག་གི་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་དཔྱད་པ་ཞིབ་མོ་རྣམ་འབྱེད།


དྷི༔ལྷ་ལྡན།
དཔྱད་བརྗོད་འདིར་ད་ལོའི་བལ་ཡུལ་ནས་རྙེད་པའི་ཞིབ་འཇུག་གི་བརྟག་འབྲས་གཞིར་བྱས་ཏེ་གནས་བརྟན་སྡེ་བའི་ལུགས་བཤད་པ་དང་། སྐུ་སྲས་སྒྲ་གཅན་ཟིན་འཁྲུངས་སྐར་སོགས་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་སྒྲུབ་བྱེདདུ་བཀོད་པ་སོགས་རང་རེས་སྔོན་གྱི་བཤད་སྲོལ་དེ་དག་མ་ངེས་པར་བསྟན་པ་དང་། ད་དུང་ཞར་བྱུང་གནས་བརྟན་སྡེ་བའི་ལུགས་ཐོག་མར་བོད་ལ་ངོ་སྤྲོད་མཁན་དགེ་ཆོས་ལགས་ཀྱི་འདོད་པ་མི་མཐུན་པ་གཉིས་བྱུང་བ་སོགས་ལ་དཔྱད་ཡོད།
སྤྱིར་བདག་ཅག་གི་སྟོན་པ་ནི་ཡེ་ཤུའི་སྟོན་པ་སོགས་དང་མི་འདྲ་བར་འཛམ་གླིང་ལོ་རྒྱུས་སྨྲ་བ་ཀུན་གྱིས་འཇིག་རྟེན་འདིར་དངོས་སུ་བྱུང་བའི་སྐྱེས་བུ་ཞིག་ཏུ་ཁས་ལེན་མོད། ཁོང་འཁྲུངས་འདས་ཀྱི་ལོ་ཚིགས་ཐད་གཅིག་གྱུར་མིན་པར་འདོད་པ་མི་མཐུན་པ་ཤིན་ཏུ་མང་པོ་ཞིག་བྱུང་། ཟླ་སྔོན་མའི་ནང་བལ་ཡུལ་དང་། ཉི་ཧོང་། རྒྱལ་སྤྱིའི་ཞིབ་དཔྱོད་པ་བཅས་ཀྱི་རོགས་དན་འོག་ཨ་རིའི་ཞིབ་འཇུག་པ་རོ་ཝིན་ལགས་ཀྱིས་བལ་ཡུལ་ནས་ཡུན་རིང་ཞིབ་འཇུག་བྱས་འབྲས་སུ། སངས་རྒྱས་འཁྲུངས་ཡུལ་དང་འཁྲུངས་ལོ་གཏན་འཁེལ་བྱུང་བར་བཤད་ཅིང་། འཛམ་གླིང་གི་གསར་འགྱུར་དང་དུས་དེབ་ཁག་ཏུ་ནང་བ་རྣམས་དགའ་འོས་པའི་གནད་དོན་ཞིག་ཐག་ཆོད་པར་བསྒྲགས་པ་དེར་ཕྱི་ལོའི་སྔོན་གྱི་ལོ༦༢༣ ལ་འཁྲུངས་བར་གཏན་འཁེལ་ཡོད། དེ་ལྟ་ཡི་དབང་དུ་བྱས་ན་སྟོན་པ་དགུང་གྲངས་བརྒྱད་ཅུ་བཞུགས་ཏེ་ཕྱི་ལོའི་སྔོན་གྱི་༥༤༣ ལ་འདས་ཤིང་། ༥༤༢ ལ་འདས་ལོ་ཐོག་མ་མགོ་ཚུགས་པར་འདོད་དགོས་པས་གནས་བསྟན་སྡེ་བའི་ལུགས་དེ་ཁོ་ན་དོན་དང་མཐུན་པའི་གསལ་བཤད་བྱས་ནས་འདུག་གོ །

མ་གཞི་གནས་བརྟན་སྡེ་བའི་ལུགས་འདི་འཛམ་གླིང་གི་ནང་པ་སྤྱི་ཡོངས་ནས་ཁས་ལེན་ཞིང་། ༡༩༥༠ ལོར་སིངྒ་ལ་ནས་འཚོགས་པའི་ནང་བའི་མཉམ་འབྲེལ་ལྷན་ཚོགས་ཐེངས་དང་པོའི་སྟེང་གཅིག་མཐུན་དུ་གཏན་འཁེལ་བྱས་པ་དང་། གནས་བརྟན་སྡེ་བའི་དགོན་སྡེ་དག་ཏུ་སྟོན་པ་འདས་ནས་ལོ་ཟླ་དུ་སོང་ཐོ་འདེབས་པའི་སྲོལ་ཡོད་པར་བཤད་པ་སོགས་བརྟག་དཔྱད་དང་རྩིས་འདེབས་ཀྱི་རྒྱུ་མཚན་ཅི་བས་ཀྱང་ཆེ་བ་ཡིན་པས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། བརྩི་ཚུལ་ཀུན་གྱི་ནང་ན་འདི་ཉིད་ཁོ་ན་རྒྱུ་མཚན་ཆེ་བར་མཐོང་ངོ། །ཞེས་གསུངས་སོ། །འོན་ཀྱང་ཡིག་ཆ་དང་རིང་ལུགས་འགེབ་སྲུང་ཁོ་ནའི་སླད་དུ་སྐྱེས་ཤིང་སློབ་སྦྱོང་བྱེད་དགོས་པའི་རང་རེར་དེ་ཡིས་གོ་བ་ཕྲན་ཙམ་ཡང་མ་སྐྱེས་པར་མ་ཟད། ད་དུང་བརྟག་དཔྱད་གང་ཡང་མེད་པར་ཨུ་ཚུགས་ཀྱི་སྒོ་ནས་སྔ་མའི་རིང་ལུགས་གང་དེར་འཐམ་ནས་ཡོད།
སྤྱིར་སྟོན་པ་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་ནི་མི་ལོ་ལྔ་སྟོང་ཡིན་ཞིང་། ཁོང་འདས་ལོ་ཅི་ཙམ་འཕྱི་ན་ད་དུང་བསྟན་པའི་གནས་ཚད་དེ་ཙམ་རིང་བས། སྟོན་པ་འདས་ལོ་ཅི་ཙམ་འཕྱི་བའི་ཁུངས་རྙེད་ན་ནང་པ་དག་དེ་ཙམ་དགའ་བར་འོས་མོད། ཡ་མཚན་པ་ཞིག་ལ་འུ་ཚོའི་ནང་བསྟན་ལ་དུང་ཞེན་ཟབ་བོ་སྐད་ཀྱི་མཁས་བླུན་ཀུན་གྱིས་སྟོན་པའི་འདས་ལོ་ཇེ་རིང་དུ་གཏོང་རྒྱུ་ཨེ་ལོན་ལ་ཤ་ཐང་ཆད་ཆད་དུ་འབད་ཅིང་། སྟོན་པ་འདས་ལོ་ཅི་ཙམ་སྔ་བའི་ཁུངས་རྙེད་ན་དེ་ལྟར་དགེ་མཚན་ཞིག་ཏུ་བརྩི་ཞིང་དགའ་མོས་སྐྱེས་ཀྱིན་འདུག དེ་ནི་ཕྱོགས་གཅིག་ནས་སྟོན་པ་བྱོན་པ་སྔ་ན་དེ་ནི་དགེ་མཚན་ཞིག་རེད་སྙམ་པའི་དོན་མེད་ཀྱི་འཁྲུལ་རྟོགས་ཤིག་གིས་ཡིན་འདུག་ལ། ཕྱོགས་གཅིག་ནས་རྡོ་རྗེའི་བཀའ་ལུང་ཞེས་པའི་རང་ལུགས་འགེབ་སྲུང་གི་ཕྱོགས་ཁོ་ནར་བསམ་གཞིག་གཏོང་བ་ལས། འདས་ལོ་དང་བསྟན་པའི་གནས་ཚད་བར་གྱི་འགལ་འབྲེལ་དེར་བློ་མིག་ཅུང་ཙམ་ཡང་རྒྱས་མ་ཤེས་པའི་རང་རྟགས་ཤིག་གོ །
ཕུག་ལུགས་པ་སོགས་ཀྱིས་སྟོན་པ་འདས་ལོ་སྔ་བར་བསྣུར་དགོས་པའི་རྒྱུ་མཚན་གཅིག་ནི། བོད་དུ་འགྱུར་བའི་བཀའ་འགྱུར་འདིའི་དབང་དུ་བཏང་ན་སྐུ་སྲས་སྒྲ་གཅན་ཟིན་སྟོན་པའི་དཀའ་བ་སྤྱད་དུས་ཀྱི་ལོ་དྲུག་ལ་མངལ་དུ་བསྡད་དེ་སངས་རྒྱས་པའི་ཉིན་མོ་དེར་སྐྱེས་པར་འདོད་ཅིང་། སྐུ་སྲས་ལ་སྒྲ་གཅན་ཟིན་ཞེས་འདོགས་དོན་ནི་ཉིན་མོ་དེར་ཟླ་བ་སྒྲ་གཅན་གྱིས་ཟིན་པས་མིང་དེ་ལྟར་བཏགས་པར་འདོད། དེ་གཞིར་བྱས་ཏེ་འདི་ནས་ལུག་ལྡོག་གིས་བརྩིས་ན་སངས་རྒྱས་པའི་ས་ག་ཟླ་བའི་བཅོ་ལྔའི་ཉིན་མོ་དེར་ཟླ་བ་སྒྲ་གཅན་གྱིས་ཟིན་པའི་ཉིན་མོར་འཁེལ་མིན་ལ་རྩིས་བརྒྱབ་སྟེ་ངལ་དུབ་དེ་དང་དུ་བླངས་པར་མཐོང་།
འོན་ཀྱང་གནས་བརྟན་སྡེ་བའི་ལུགས་ལ་དེ་ནི་ངལ་བ་འབྲས་མེད་ཁོ་ནར་ཟད་དེ། སྤྱིར་གནས་བརྟན་སྡེ་བ་དག་གིས་བོད་བརྒྱུད་ནང་བསྟན་གྱིས་བཤད་པ་ལྟར་སྒྲ་གཅན་ཟིན་ལོ་དྲུག་མངལ་དུ་བཞུགས་པ་སོགས་ཀྱི་ཉོག་གྲ་མེད་པར་རྒྱལ་བུ་དོན་གྲུབ་རབ་ཏུ་མ་བྱུང་བའི་གོང་རོལ་དེར་འཁྲུངས་བར་བཞེད་ལ། སྒྲ་གཅན་ཟིན་ཞེས་པའི་མིང་ཐོག་དོན་ཀྱང་ཉིན་མོ་དེར་ཟླ་བ་སྒྲ་གཅན་གྱིས་ཟིན་པས་མ་ཡིན་པར། རྒྱལ་སྲས་དོན་གྲུབ་ཁོང་རབ་ཏུ་བྱུང་བར་ཐུག་ཐག་བཅད་ཟིན་པའི་དུས་དེར་འཁྲུངས་པས། དོན་ཀུན་གྲུབ་པས་དེ་ནི་ང་ལ་བར་ཆད་ཅིག་གོ་གསུངས་པས་སྒྲ་གཅན་ཟིན་དུ་བཏགས་པར་གསལ་ཏེ། སིངྒ་ལའི་སྰི་རི་དྷར་མས་བརྩམས་པའི་སྟོན་པའི་རྣམ་ཐར་དུ། ཁོང་གིས་རབ་ཏུ་བྱུང་བ་ཞིག་གཟིགས་ཏེ་བདག་གིས་ཀྱང་ངེས་པར་ཁོང་དང་འདྲ་བར་རབ་ཏུ་བྱུང་ངོ་སྙམ་དུ་བཞུགས་པའི་སྐབས་སུ་བཙུན་མོ་གྲགས་འཛིན་མ་ལ་སྲས་ཤིག་འཁྲུངས་པར་ཐོས་པས། འོ། ང་ལ་བར་ཅིག་སྐྱེས་སོང་ཞེས་གསུངས་པས། སྐུ་སྲས་ཀྱི་མཚན་ལ་ཡང་སྒྲ་གཅན་ཞེས་བཏགས་སོ། །ཞེས་གསུངས་པས་སོ། །

འུ་ཚོའི་ལུགས་ལྟར་དུ་བྱས་ན་ཡང་མཐའ་གཅིག་ཏུ་སྐར་རྩིས་ཀྱི་ལུགས་ལྟར་བསྟུན་དགོས་པའི་ངེས་པ་ཅི་ལ་ཡོད་དེ། རང་ཅག་གི་སྣང་ངོར་གྲུབ་པའི་བསམ་མི་ཁྱབ་པའི་ལྟས་ཁྱད་པར་བ་བྱུང་བ་ལ་རྒྱུན་ལྡན་དངོས་ཡོད་ཀྱི་དུས་ཚོད་ལ་གཏན་ནས་བསྟུན་མི་དགོས་པས་སོ། །དེ་བས་ཁོང་ཉིད་སངས་རྒྱས་པའི་ལྟས་སུ་ས་ཆེན་པོ་འདི་རབ་ཏུ་གཡོས་པ་སོགས་འབྱུང་བར་བཤད་པ་ལྟར། ཟླ་བ་སྒྲ་གཅན་གྱིས་བཟུང་བ་ཡང་གློ་བུར་དུ་བྱུང་བའི་ལྟས་ཁྱད་པར་བ་ཞིག་ཡིན་པར་སྟོན་རུང་བས་སོ། །དེ་ལྟར་ཡང་བདུད་འཇོམ་ཆོས་འབྱུང་ལས། དབུ་མ་འོད་གསལ་ཆོས་སྐུའི་ཁང་མཛེས་དམ་པར་གཟུང་འཛིན་དག་བྱའི་ཁམས་རྣམས་མ་ལུས་པ་གཉིས་སུ་མེད་པས་ཡེ་ཤེས་སུ་བྱང་ཆུབ་པས། འཇིག་རྟེན་ན་ཟླ་བ་སྒྲ་གཅན་གྱིས་བཟུང་། ཞེས་གསུངས་པ་ལྟར་རོ། །
ཁ་ཆེ་པན་ཆེན་གྱིས་སོལ་ནག་ཐང་པོ་ཆེར་བརྩིས་པ་དེ་གནས་བརྟན་སྡེ་བར་ཁུངས་གཏུགས་པ་ཞིག་ཡིན་སྲིད་མོད། གནས་བརྟན་སྡེ་བའི་ལུགས་འདི་ཐོག་མར་ཡང་དག་པར་བོད་ལ་ངོ་སྤྲོད་མཁན་མཁས་དབང་དགེ་ཆོས་ཉིད་ལགས་མོད། ཁོང་གི་གསུང་ལས་ཀྱང་མི་མཐུན་པ་གཉིས་བྱུང་ཡོད། དེ་ཡང་གཏམ་རྒྱུད་གསེར་ཐང་དུ། དེ་ལ་རང་ལོ་སོ་གཉིས་སུ་སོན་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱིའི་ལོ་ལ་ཁོ་བོ་རྒྱ་གར་དུ་བརྟོལ་ཞིང་། ལོ་དེ་ནི་སིངྒ་ལའི་གནས་བསྟན་སྡེ་པ་དག་གིས་བཞེད་པའི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་བཞི་བརྒྱ་དོན་དྲུག་པ་ཡིན་འདུགཅེས་གསུངས། དེ་ལྟ་ན་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་༢༠༡༣ ལོ་འདི་འདས་ལོ༢༥༥༥ ལ་འདོད་དགོས་ཤིང་། འདི་ནས་ལུགས་ལྡོག་གིས་བརྩིས་ཏེ་འདས་ལོ་ལ་གཏུགས་ན་ཕྱི་ལོའི་སྔོན་གྱི་༥༤༣ ལ་འདས་ཤིང་། ཕྱི་ལོའི་སྔོན་གྱི་ ༥༤༢ ལོ་ནས་འདས་ལོ་དབུ་ཚུགས་པར་འདོད་དགོས་པས་གོང་དུ་ཁོ་བོས་སྒྲུབ་བྱེད་ཁ་ཤས་དྲངས་པ་དེ་དང་ཤིན་ཏུ་མཐུན་པས་སོ། །ཡང་གསེར་ཐང་གི་སིངྒ་ལའི་ལོ་རྒྱུས་འཆད་སྐབས། བཅུ་དྲུག་པའི་ཤིང་སྤྲེལ་དེ་འདས་ལོ་༢༤༨༦ ཡིན་པར་བསྟན་འདུག་ལ། དེ་ཡང་ལུགས་ལྡོག་གིས་བརྩིས་ན་འདས་ལོ་གོང་གི་དེ་དང་མཚུངས་པར་ཕྱི་ལོའི་སྔོན་གྱི་༥༤༢ ལ་འཁེལ་ནས་ཡོད།
ཡང་རྒྱལ་རབས་དེབ་ཐེར་དཀར་པོརུ། དེ་ཡང་བརྩི་ཚུལ་འདིའི་དབང་དུ་བྱས་ཚེ། ད་ལྟའི་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་འདི་སངས་རྒྱས་འདས་ནས་ཉིས་སྟོང་དང་བཞི་བརྒྱ་དགུ་བཅུ་པ་ཡིནཞེས་གསལ་ལ། འོག་གི་ཀོང་ཇོ་བོད་ལ་ཕེབས་པའི་ལོ་དང་། མེ་མཁའ་རྒྱ་མཚོ་བསྲེས་པའི་ཐོག་མའི་མེ་ཡོས། ད་དུང་མང་སྲོང་བཙན་དང་མང་སྲོང་མང་བཙན་སྐབས་ཀྱི་ཐང་ཡིག་དང་ཏུན་ཧོང་ཡི་གེ་སོགས་ཀྱི་ལོ་ཚིག་འདས་ལོ་ལ་སྦྱར་བ་མཐའ་དག་འདི་ལྟར་བརྩིས་འདུག འདི་དང་ཉིད་ཀྱིས་མཛད་པའི་གསེར་ཐང་གཉིས་འདས་ལོའི་ཐད་ལོ་ངོ་གིས་ཀྱིས་མི་མཐུན་པ་བྱུང་ཡོད་དེ། དེབ་དཀར་ལྟར་ན་ཆུ་སྦྲུལ༢༠༡༣ལོ་འདི་འདས་ལོ་༢༥༥༧པ་ཡིན་པར་འདོད་དགོས་ཤིང་། འདི་ནས་ལུག་ལྡོག་གིས་བརྩིས་ན་ཕྱི་ལོའི་སྔོན་གྱི་༥༤༥ལོར་འདས་པ་དང་། དེའི་ཕྱི་ལོ་སྟེ། ཕྱི་ལོའི་སྔོན་གྱི་༢༥༤༤ལོར་འདས་ལོ་དབུ་ཚུགས་པར་འདོད་དགོས། དེ་ལྟར་གནས་བསྟན་སྡེ་བའི་ལུགས་བོད་ལ་ཐོག་མར་ངོ་སྤྲོད་ཅིང་རང་ལུགས་སུ་འཇོག་མཁན་གྱི་མཁས་དབང་དམ་པ་གང་གི་གསུང་དུའང་མི་མཐུན་པ་གཉིས་ཏེ། ཕྱི་ལོའི་སྔོན་གྱི༥༤༤བར་བཤད་པ་གཅིག་དང་། ཕྱི་ལོའི་སྔོན་གྱི༥༤༢བར་བཤད་པ་གཉིས་སུ་བྱུང་།
འོན་ཀྱང་གནས་བརྟན་པའི་ལུགས་ནི་ལས་གསེར་ཐང་གིས་བཤད་པ་དེ་ཉིད་ཡིན་པར་ཁས་ལེན་རིགས་ཏེ། སིངྒ་ལའི་གནས་བརྟན་སཱིརི་དྷར་མས་མཛད་པའི་སྟོན་པའི་རྣམ་ཐར་དུ་གསེར་ཐང་དང་གཅིག་པ་བཤད་པ་དང་། ༡༩༥༠ ལོར་སིངྒ་ལ་རང་ནས་འཚོགས་པའི་ནང་བའི་ལྷན་ཚོགས་ཐེངས་དང་པོའི་སྟེང་དེ་ལྟར་ཐག་བཅད་པ་སོགས་ཀྱིས་གསལ་བས་སོ། །གནས་བརྟན་སྡེ་བའི་ལུགས་དེ་ཉིད་དོན་ལ་གནས་པའང་གོང་བཤད་ལྟར་གནས་བརྟན་སྡེ་བའི་དགོན་སྡེ་དག་ཏུ་འདས་ནས་ལོ་ཟླ་དུ་སོང་ཐོ་འདེབས་པར་བཤད་པ་དང་། འཛམ་གླིང་སྤྱི་ཡོངས་ནས་ཁས་ལེན་པ་དང་། ད་ལོའི་ཞིབ་ཀྱི་བརྟག་འབྲས་སོགས་ཀྱིས་ཤེས་པར་ནུས་སོ། །

འོན་ཀྱང་འདིར་སླར་ཡང་དཔྱད་པར་བྱ་བ་དགོས་པའི་གནས་གསུམ་ཡོད་དེ།
གཅིག གནས་བརྟན་པའི་ལུགས་དེ་ལ་བརྩི་ལུགས་མི་འདྲ་བ་གཉིས་ཡོད་པ་ཡིན་ནམ་གང་ཡིན་ཆ་མི་འཚལ་མོད། ༡༩༥༤ལོར་རྒྱ་གར་ནས་སྟོན་པ་འདས་ནས་ལོ་འཁོར་༢༥༠༠ སོང་བར་འཚོགས་པ་དེ་གནས་བརྟན་སྡེ་བའི་ལུགས་ལྟར་བརྩིས་པ་ཡིན་ཚུལ་དུང་དཀར་སོགས་ཀྱིས་བཤད་པ་ལྟར་ལ། དེ་ལྟར་ན་ནི་དེབ་དཀར་གྱིས་བཤད་པ་དེ་རང་དོན་ལ་གནས་འདུག་པར་འདུག དེབ་དཀར་དང་དུང་དཀར་གཉིས་གྱིས་བཤད་པ་དེ་གའི་རྗེས་སུ་འབྲངས་ཏེ་བོད་མི་ཕལ་མོ་ཆེས་བརྟག་དཔྱད་ཙམ་ཡང་མེད་པར་དེ་ནི་གནས་བརྟན་སྡེ་བའི་ལུགས་འཁྲུལ་མེད་དུ་བྱས་ཏེ་བྲིས་འདུག འོན་ཀྱང་གོང་གི་དཔྱད་གཞི་དག་ལ་བལྟས་ན་དེ་ལྟར་ཁས་ལེན་རྐྱང་བྱེད་རུང་བ་ཞིག་མིན་པར་གསལ་བས་དཔྱད་པར་བྱའོ། །

གཉིས། ཁ་ཆེ་པན་ཆེན་གྱིས་སོལ་ནག་ཐང་པོ་ཆེར་རྩིས་བརྒྱབ་པའི་ལོ་དེ་དགེ་ཆོས་ནས་བྱ་ལོ་ཡིན་པར་གསུངས་ཤིང་། དུང་དཀར་གྱིས་བྱི་བའི་ལོ་ཡིན་པར་བཤད་དེ་ལོ་གསུམ་ཙམ་ཁྱད་པར་བྱུང་། དེ་ཉིད་ཁ་ཆེ་པན་ཆེན་རང་གིས་མཛད་པའི་བསྟན་རྩིས་ཡོད་པ་ཡིན་ན་དེ་དང་། ཁྲོ་ཕུ་ལོ་ཙཱ་བས་མཛད་པའི་ཁ་ཆེ་པན་ཆེན་གྱི་རྣམ་ཐར་སོགས་མཇལ་ན་ཤེས་སྲིད་མོད་ལག་ཏུ་མ་རགས་པས་དེ་དག་འཚོལ་ཞིང་དཔྱད་དགོས།
གསུམ། ཁ་ཆེ་པན་ཆེན་གྱིས་རྩིས་དང་གནས་བརྟན་སྡེ་བའི་ལུགས་གཉིས་ཀྱི་བར་ཧེ་བག་ཅི་ཙམ་བྱུང་བ་ཡང་དགེ་ཆོས་ཀྱི་དེབ་དཀར་དང་གསེར་ཐང་གཉིས་ལ་འགལ་བ་ལྟ་བུ་ཞིག་སྣང་སྟེ། གསེར་ཐང་དང་དེབ་དཀར་གཉིས་ཀར་ཁ་ཆེ་དང་གནས་བརྟན་སྡེ་བའི་རྩི་སྟངས་ལ་ལོ་གཉིས་མི་མཐུན་པ་ཙམ་ལས་མཐུན་པར་གསུངས་མོད། དེབ་དཀར་ལྟར་ན་དེ་ལྟར་བཤད་འོས་མོད། གསེར་ཐང་ལྟར་ན་ནི་ཁ་ཆེ་པན་ཆེན་དང་གནས་བརྟན་སྡེ་བའི་ལུགས་ལ་ལོ་བཞིའི་ཧེ་བག་ཡོད་པར་ཁས་ལེན་དགོས་པས། གསེར་ཐང་དུ་ཡང་དེ་གཉིས་ལ་ལོ་གཉིས་ལས་ཁྱད་མེད་པར་བཤད་པ་རང་གཞུང་དང་གཏན་ནས་མཐུན་ཐབས་བྲལ་བ་ཞིག་ཏུ་སྣང་ངོ། །དེ་བས་ཁ་ཆེ་པན་ཆེན་དང་ལོ་གཉིས་ལས་ཁྱད་མེད་པར་བཤད་ལ་བལྟས་ན་གསེར་ཐང་དེ་ཡིག་ནོར་མིན་ནམ་སྙམ་པ་ཞིག་ཀྱང་འདུག་མོད། ཐེངས་གཅིག་མིན་པར་དེ་ལྟར་བྱུང་བས་ཡིག་ནོར་ཡིན་མི་སྲིད་དོ། །
དེ་ལྟར་དགེ་ཆོས་ཀྱི་གཞུང་དུ་སྟོན་པའི་འདས་ལོ་མི་འདྲ་བ་གཉིས་བྱུང་དོན་གང་ཡིན་ནམ་སྙམ་ན། རྣམ་པ་གཅིག་ཏུ་ན་པན་ཌི་ཏས་ཐུགས་ཉམས་མ་བཞག་པའི་སྣང་ཚུལ་ཞིག་ཡིན་སྲིད་ལ། རྣམ་པ་གཅིག་ཏུ་དེ་ནི་དགེ་ཆོས་ཀྱི་གཞུང་སྐྱོན་ཞིག་ཀྱང་མིན་པ་འདྲ་སྟེ། གོང་བཤད་ལྟར༡༩༥༤བཞི་ལོར་རྒྱ་གར་དུ་སྟོན་པ་འདས་ནས་ལོ༢༥༠༠འཁོར་བའི་དུས་དྲན་གནས་བརྟན་སྡེ་བའི་ལུགས་ཡིན་པར་བཤད་ཅིང་། དེ་ལ་བརྟེན་ནས་དུང་དཀར་སོགས་བོད་ཀྱི་སྔ་རྗེས་ཀྱི་མཁས་བླུན་མང་པོ་ཞིག་གིས་བརྟག་དཔྱད་ཙམ་ཡང་མ་བྱས་པར་དེ་ལྟར་ཁས་བླངས་པ་དེ་དེ་ལྟར་ཡིན་ན། དེའི་ལུགས་ལ་འདས་ལོ་དེ་ཕྱི་ལོའི་སྔོན་གྱི་༥༤༤ ལ་འཁེལ་འདུག་པས་དེབ་དཀར་ལྟར་ལགས་ཤིང་། ཡང་གོང་སིངྒ་ལའི་སྰི་རི་དྷར་མས་བརྩམས་པའི་སྟོན་པའི་ལོ་རྒྱུས་དང་། ༡༩༥༠ ལོར་སིངྒ་ལ་ནས་གཅིག་གྱུར་བྱས་པ་སོགས་གནས་བརྟན་སྡེ་བའི་ལུགས་ཡིན་པར་བཤད་པ་ལྟར་ན་ནི་ཕྱི་ལོའི་སྔོན་གྱི་༥༤༢ ལ་འཁེལ་འདུག་པས་གསེར་ཐང་ལྟར་འགྱུར་བས་སྤྱིར་གནས་བརྟན་སྡེ་བའི་ལུགས་གང་ཡིན་ཐད་བརྩི་ཚུལ་མི་འདྲ་བ་གཉིས་བྱུང་བ་ཡིན་ནམ་དཔྱད།
འདི་ནི་དོགས་སེལ་གྱི་གསལ་བཤད་རེ་ཡོང་བའི་འདུན་པ་དྲགས་པོ་དང་བཅས་གནས་སྐབས་ཀྱི་དཔྱད་གཞི་ཙམ་དུ་དྲྭ་ཐོག་ཏུ་སྤེལ་བཅུག་པ་ཡིན་པས་ཡི་གེ་ཞུ་དག་ཀྱང་དེ་ཙམ་བྱེད་རྒྱུ་མ་བྱུང་བས་དེ་ལུགས་ཀྱི་གཟིགས་འཚལ། རིག་གནས་དང་ལོ་རྒྱུས་ཀྱི་ཟུངས་བཅུད་བྲལ་བ་དག་གི་སོ་ལ་སྲ་དྲགས་ཏེ་ཡོད་ངེས་མོད། རིག་པའི་གནས་ལ་སྤྱན་དཀྱུས་ཡངས་བ་དག་གིས་དེ་ལུགས་ཀྱིས་རང་ལྟ་ལྷུག་པོར་གསུང་བའི་རེ་འདུན་ཞུ། མཁས་པ་གོང་མ་དག་གི་བཞེད་ཚུལ་ཀྱང་འགལ་བ་དང་ནོར་འཛོལ་གྱིས་གཏམ་སྟེ་འདུག་པས་དན་དན་ཞིག་སུས་ཀྱང་འཆད་དཀའ་ཡང་སྲིད་མོད། མང་གླེང་ཁྲོད་ནས་གཏན་་ཚིགས་རེ་ནི་ངེས་པར་རྙེད་དུ་ཡོད་ངེས།
ད་དུང་ཞུ་རྒྱུ་ཞིག་ལ་དགེ་ཆོས་ཀྱི་གསེར་ཐང་དང་དེབ་དཀར་མ་ཕྱི་བསྐྱར་དཔར་རེའམ། ཁ་ཆེ་པན་ཆེན་གྱི་གསུང་རྩོམ་ཁག ཁྲོ་ཕུ་ལོ་ཙྰ་བས་མཛད་པའི་ཁ་ཆེ་པན་ཆེན་གྱི་རྣམ་ཐར་སོགས་གཡར་འཇོག་རེ་བྱེད་རྒྱུ་ཡོད་ན་ཁོ་བོར་དེ་ལས་བཀའ་དྲིན་ཆེ་བ་མེད་པས། རང་གི་གྲོགས་སུ་གཏོགས་པ་དག་གི་ཐུགས་ལ་གཅིག་འཇོག་འཚལ།

0 comments:

ཟིན་བྲིས་འཚོལ་ཡུལ