དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday 1 January 2014
 ༄༅། །རྗེ་ཙོང་ཁ་པ་ཆེན་པོས་མཛད་པའིལམ་གཙོ་རྣམ་གསུམཞེས་པའི་
     བསྡུས་དོན་གྱི་ཟིན་བྲིས་བློ་གསལ་རིག་པའི་ཡིད་རྟེན་
                    ཞེས་བྱ་བ་བཞུགས་སོ། །
             
                                      ༄༅། །རྒྱལ་བ་གཉིས་པ་རྗེ་བཙུན་ཙོང་ཁ་པས། །
                                      ལེགས་པར་མཛད་པའིལམ་གཙོ་རྣམ་གསུམགྱི། །
                                      བསྡུས་དོན་ཟིན་བྲིས་བློ་གྲོས་གསལ་བ་ཡི། །
                                      རིག་པའི་ཡིད་རྟེན་ཙམ་དུ་བྲི་བར་བྱ། །
            ཞེས་པས་དྲངས་ཏེ་གང་གླེང་བར་བྱ་བ་ནི། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པསསྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་བྱིན་རླབས་ཉེར་འཇུགལས། གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། །བགྲོད་པའི་ལམ་དུ་བྱེའུས་རྩོལ་བ་ལྟར། །སྟོབས་བཅུ་མངའ་བ་གང་དུ་གཤེགས་པ་ཡི། །ལམ་མཆོག་དེར་ནི་འཇུག་པར་འདོད་པ་བདག  །གནས་ལུགས་དོན་ལ་ལྟ་བའི་བློ་མིག་ཉམས། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་འབྱོར་པས་དབུལ། །སྟོབས་ལྡན་ཉོན་མོངས་དགྲ་བོས་རྒྱུན་དུ་གཙེས། །བདག་འཛིན་གཅོང་རོང་ཟབ་མོའི་སྦུབས་སུ་ལྷུང་། །འདི་འདྲའི་ཉམ་ཐག་གནས་སུ་གྱུར་ལགས་པ། །བརྩེ་ཆེན་ཁྱོད་ཀྱིས་ཡལ་བར་འདོར་ལགས་ན། །དམན་པ་རྣམས་ལ་ཆེས་ཆེར་བརྩེ་བའི་མགོན། །ཁྱོད་ལས་གཞན་པ་གང་ལ་སྐྱབས་སུ་བཟུང་། །ཞེས་གསུངས་པ་ལྟར་གྱིས་ཐུགས་རྒྱུད་ཀུན་ནས་དྲངས་ཏེལམ་གྱི་གཙོ་བོ་རྣམ་གསུམ་ཞེས་བྱ་བ་བཞུགས་སོཞེས་པ་རྩོམ་པ་ལ། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །ཞེས་གསུངས་པའི་རྩོམ་པར་དམ་བཅའ་བས་དྲངས་ནས་མཉན་པར་བསྐུལ་བའིལམ་གྱི་གཙོ་བོ་རྣམ་གསུམ་ཞེས་བྱ་བ་བཞུགས་སོཞེས་པའི་ལྟ་གྲུབ་ཀྱི་ལེགས་བཤད་འདི་ནིརྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས་སོ། །ཞེས་པ་ལས་བཤུས་ནས་དྲངས་ཤིང་། ཞལ་རྩོམ་འདི་ནི་རྗེ་རིན་པོ་ཆེའི་སྐུ་ཚེ་གཅིག་རིང་གི་ཐོས་བསམ་སྒོམ་མཐར་ཕྱིན་ནས་ལྟ་སྤྱོད་སྒོམ་གསུམ་དང་འབྲེལ་བའི་གནད་རྣམས་གཅིག་ཏུ་བསྡུས་ནས་ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་གྱི་དོན་རྣམས་བསྡུས་ནས་བརྩམས་པའི་ལྟ་བ་ཉམས་ལེན་དང་འབྲེལ་བའི་ལེགས་རྩོམ་ཞིག་ཡིན་པའི་ཕྱིར་ན། རྗེ་རིན་པོ་ཆེ་རང་ཉིད་ཀྱི་ཞལ་ནས་ཀྱང་། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་གསུངས་པས་སྒྲུབ་པ་ཉམས་ལེན་ལ་འཇུག་པར་བསྐུལ་བ་ལྟར་རོ། །     
  ལམ་གྱི་གཙོ་བོ་རྣམ་གསུམ་ལས་དང་པོ་ངེས་འབྱུང་ནི། ཤར་རྒྱལ་ཙོང་ཁ་པ་ཆེན་པོ་སྐུ་རང་གི་ཞལ་ནས། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང་། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་ཚུལ་ལོ། །ཞེས་གསུངས་པ་ལྟ་བུའི་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་ནས་ངེས་འབྱུང་སྐྱེད་དགོས་པར་གདམས་པ་ནི། རྣམ་དག་ངེས་འབྱུང་མེད་པར་སྲིད་མཆོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །ཞེས་གསུངས་ཤིང་། ངེས་འབྱུང་སྐྱེད་ལུགས་ལ། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་བཟློག  །ལས་འབྲས་མི་སླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམས་ན་ཕྱི་མའི་སྣང་ཤས་བཟློག  །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ཞེས་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོས་གསུངས་ནས་དེ་བཞིན་གྱི་རྣམ་ཐར་མཛད་པ་ལ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། ཁྱོད་སྐུའི་ཉིན་བྱེད་ཡུམ་གྱི་ཆུ་འཛིན་ལས། །གསལ་བར་བྱོན་ཚེ་སྲིད་པའི་ཕུན་ཚོགས་ལ། །ཀུན་ནས་སྲེད་པའི་གློག་གི་རོལ་རྩེད་དང་། །ནམ་ཡང་འགྲོགས་པ་སྤངས་ལ་གསོལ་བ་འདེབས། །ཞེས་གསུངས་པ་སོགས་ནི་རྗེ་བདག་ཉིད་ཆེན་པོ་དགུང་ལོ་གསུམ་པའི་དུས་ཉིད་ནས་རྗེ་ཀརྨ་པ་རོལ་པའི་རྡོ་རྗེ་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་བཅར་བཞུགས་མཛད་དེ་ཁྱིམ་གྱི་འདུ་འགོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་དོར་བར་མཛད་པའི་རྣམ་ཐར་མཛད་པའོ། །
    ལམ་གྱི་གཙོ་བོ་རྣམ་གསུམ་ལས་གཉིས་པ་བྱང་ཆུབ་ཀྱི་སེམས་ནི། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་ཏེ། ངེས་འབྱུང་ཙམ་བསྒོམ་པས་མི་ཆོག་པར་གཙོ་བོ་ཞིག་ལ་སེམས་བསྐྱེད་དགོས་པར་གདམས་པ་ནི། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་གསུངས་པ་དང་། སེམས་ཇི་ལྟར་བསྐྱེད་ཚུལ་ལ། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །ཅེས་གསུང་གིས་གདམས་པའི་ཕྱིར་ན། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས། །ཞེས་གསུངས་པ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་རྒྱུན་ཆགས་སུ་མངའ་བའི་ཚུལ་བསྟན་པའི་རྣམ་ཐར་ལའང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས། རིན་ཆེན་འབྱུང་གནས་ཆུ་ཡི་ཕུང་པོ་བཞིན། །ཁྱོད་ཐུགས་སྙིང་རྗེའི་གཏིང་མཐའ་ཇི་ཙམ་ཞེས། །ཡེ་ཤེས་སྤྱན་ལྡན་ཀུན་གྱི་ཡུལ་ལས་འདས། །རྗེ་བཙུན་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །ཞེས་གསུངས་པ་སོགས་ཀྱིས་ངེས་པར་བྱའོ། །
    ལམ་གྱི་གཙོ་བོ་རྣམ་གསུམ་ལས་གསུམ་པ་ཡང་དག་པའི་ལྟ་བ་ནི། ལམ་གྱི་གཙོ་བོ་རྣམ་པ་གསུམ་ལས་གོང་དུ་ངེས་འབྱུང་དང་སེམས་བསྐྱེད་གཉིས་མདོར་བསྡུས་ཤིག་ཞུས་ཟིན་པའི་སྟེང་དུ་ལམ་གྱི་སྣོན་པ་གཞན་ཅི་འདྲ་ཞིག་དགོས་ཤེ་ན། རྗེ་བདག་ཉིད་ཆེན་པོ་སྐུ་རང་གི་ཞལ་ནས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་ཡང་དག་པའི་ལྟ་བ་དགོས་པར་གསུངས་པ་དང་། ལྟ་བ་ཇི་ལྟར་སྐྱོང་བ་ལ། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་སླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་སླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས་པ་ཇི་བཞིན་གྱི་རྣམ་ཐར་མཛད་པ་ལ། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ། །ཚུལ་བཞིན་དཔྱོད་པ་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་པའི་རྣམ་ཐར་མཛད་པ་ལྟར། ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་སྟེ་ལམ་གྱི་གཙོ་བོ་རྣམ་པ་གསུམ་སོགས་ཐེག་ཆེན་ཐུན་མོང་བའི་མངོན་པར་རྟོགས་པ་རྣམས་ཐུགས་རྒྱུད་ལ་མངའ་བས་ན། རྒྱལ་བ་བསྐལ་བཟང་རྒྱ་མཚོས། ངེས་འབྱུང་སྙིང་རྗེ་མཆོག་གིས་རྒྱུད་དུལ་ཞིང་། །ཤེས་བྱའི་གནས་ཀུན་མཐོང་བས་བློ་གྲོས་རྒྱས། །ཁྱད་པར་མཐའ་བྲལ་གནས་ལུགས་དེ་བཞིན་ཉིད། །རྟོགས་པའི་ཡེ་ཤེས་སྩོལ་ཅིག་འཇམ་དཔལ་དབངས། །ཞེས་གསུངས་པ་ནི་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་ཐུགས་རྒྱུད་ངེས་འབྱུང་དང་། སྙིང་རྗེ་ཆེན་པོས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་སུ་དུལ་ཞིང་། ཤེས་བྱའི་གནས་ཀུན་ལ་ཐོགས་པ་མེད་པར་འཇུག་པའི་ཤེས་རབ་ལས་ཡང་དག་པའི་ལྟ་བའི་གདེང་དང་ལྡན་པ་ལ་བྱེད་པ་ཡིན་ཕྱིན། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་གྱི་གནད་དྲིལ་ནས་གོ་སླ་བར་བྱས་ན། རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས། སྲིད་འབྱོར་ཀུན་ལ་ཞེན་ལོག་ངེས་འབྱུང་དང་། །འགྲོ་བ་ཀུན་ལ་རྗེས་ཆགས་བྱང་ཆུབ་སེམས། །འཁོར་འདས་ཀུན་ལ་ཞེན་བྲལ་ལྟ་བ་སྟེ། །ཉམས་ལེན་སྙིང་པོར་དྲིལ་ན་དེ་ལ་དགོངས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་ནལམ་གྱི་གཙོ་བོ་རྣམ་གསུམ་ཞེས་བྱ་བ་བཞུགས་སོ། །ཞེས་པ་བརྩམས་པའི་རྩ་བའི་དགོས་པ་ནི། ངེས་འབྱུང་དང་བྱང་སེམས་ལྟ་བ་གསུམ། །འདི་གསུང་རབ་ཀུན་གྱི་སྙིང་བོ་ཡིན། །ཞེས་རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་གསུངས་པ་དང་། དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་ཀྱང་། ཐར་འདོད་ཀྱི་སྐྱེས་བུས་ཉམས་སུ་བླང་བྱ་ལ་ཆོས་ཀྱི་དབྱེ་བ་མང་དུ་ཡོད་ནའང་དེ་གསུམ་ནི་ལམ་གྱི་གཙོ་བོ་སྟེ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་ཀྱང་འདི་གསུམ་གྱི་ཉམས་ལེན་དུ་འདུ་བར་བཤད་པའི་ཕྱིར་རོ། །ཞེས་གསུངས་པ་སོགས་ཀྱིས་ཤེས་དགོས་སོ། །
         རྗེ་རིན་པོ་ཆེས་བརྩམས་པའིལམ་གྱི་གཙོ་བོ་རྣམ་གསུམ་ཞེས་བྱ་བ་བཞུགས་སོ། །ཞེས་པའི་དགོངས་དོན་འགྲེལ་པ་ལ་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་(༡༦༡༧༡༦༨༢)མཛད་པའིལམ་གྱི་གཙོ་བོ་རྣམ་གསུམ་གྱི་མཆན་འགྲེལཞེས་པ་དང་། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་དགོངས་འགྲེལ་ལུང་རིགས་གཏེར་མཛོདཅེས་པ་གཉིས་བཞུགས་པ་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་(༡༦༧༥༡༧༤༨)མཛད་པའིལམ་གྱི་གཙོ་བོ་རྣམ་གསུམ་གྱི་དོན་འགྲེལ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་ག་པོད་ཀྱི་ཆོས་ཚན་བཅོ་བརྒྱད་པ་ལ་ཤོག་གྲངས་༡༦བཞུགས་སོ། །ཞེས་པ་དང་། རྗེ་རིན་པོ་ཆེས་འཇམ་དབྱངས་ལ་ཞུས་ནས་རེད་མདའ་བར་གནང་བ་ལམ་གྱི་གཙོ་བོ་རྣམ་གསུམ་ལས་བརྩམས་པའི་དྲིས་ལན་གྱི་འགྲེལ་བ་རྟག་ཆད་ཀྱི་མཐའ་མུན་སེལ་བའི་སྒྲོན་མེ་མཐའ་བྲལ་དབུ་མའི་ལམ་བཟང་གསལ་བྱེད་འཕྲོས་དང་བཅས་པ་བཞུགས་སོ། །ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམཉ་པོད་ལས་ཆོས་ཚན་བཅུ་པ་ལ་ཤོག་གྲངས་༢༧བཞུགས་སོ། །ཞེས་པ་སོགས་དང་། རྗེ་གུང་ཐང་བསྟན་པའི་སྒྲོན་མེས་(༡༧༦༢༡༨༢༣)ལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་སུ་ལེན་ཚུལ་བཞུགས་སོ། །(གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ་མི་རིགས་པར་མ(ང་།)པོད་ལསལམ་གྱི་གཙོ་བོ་རྣམ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་སུ་ལེན་ཚུལ་བཞུགས་སོ། །ཞེས་པ་ལ་ཤོག་གྲངས་༢༧-༣༢བར་བཞུགས་སོ། །)ཞེས་པ་དང་། དབལ་མང་དཀོན་མཆོག་རྒྱལ་མཚན་(༡༧༦༤༡༨༥༣)གྱིས་བརྩམས་པའིལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཟིན་ཐོ(དབལ་མང་པཎྚི་ཏ་དཀོན་མཆོག་རྒྱལ་མཚན་གྱི་གསུང་འབུམ་པར་མ་ཅ་པོད་ལས་ཆོས་ཚན་བཅོ་བརྒྱད་པལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཟིན་ཐོ་བཞུགས་སོ། །ཞེས་པ་ལ་ཤོག་གྲངས་༡༡བཞུགས་སོ། །)ཞེས་པ་དང་། དངུལ་ཆུ་ངྷརྨ་བྷ་དྲས་(༡༧༧༢-༡༨༥༡)མཛད་པའིལམ་གྱི་གཙོ་བོ་གསུམ་གྱི་འཁྲིད་ཡིག་སྐལ་ལྡན་འཇུག་ངོགས་སོགས་བཞུགས་སོ། །(དངུལ་ཆུ་ངྷརྨ་བྷ་དྲའི་གསུང་འབུམ་པར་མ་ག་པོད་ཀྱི་ཆོས་ཚན་བཅུ་པ་ལ་ཤོག་གྲངས་༧བཞུགས་སོ། །)ཞེས་པ་དང་། ཡངལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཊཱིཀྐ་ཚིག་དོན་རབ་ཏུ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བ་བ་བཞུགས་སོ། །(དངུལ་ཆུ་ངྷརྨ་བྷ་དྲའི་གསུང་འབུམཔར་མ་ཅ་པོད་ཀྱི་ཆོས་ཚན་བཅུ་བདུན་པ་ལ་ཤོག་གྲངས་༡༣བཞུགས་སོ། །)ཞེས་པ་དང་། ཀིརྟི་བློ་བཟང་འཕྲིན་ལས་(༡༨༤༩-༡༩༠༥)ཀྱིས་མཛད་པའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་ཀྱི་ཟིན་བྲིས་སྐལ་བཟང་ཡིད་ཀྱི་གདུང་སེལ་ཞེས་བྱ་བ་བཞུགས་སོ། །(ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཅ་པོད་ཀྱི་ཆོས་ཚན་བཅུ་དགུ་པ་ལ་ཤོག་གྲངས་༢༠བཞུགས་སོ། །)ཞེས་པ་དང་། ལམ་གཙོའི་གདམས་ངག་ཉུང་བསྡུས་གནད་ཀྱི་ལྡེ་མིག་བཞུགས་སོ། །(ཀིརྟི་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཆ་པོད་ཀྱི་ཆོས་ཚན་བཞི་པ་ལ་ཤོག་གྲངས་༥བཞུགས་སོ། །)ཞེས་པ་དང་། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའིལམ་གཙོའི་འགྲེལ་ཆུང་དུས་མུན་འཇོམས་པའི་ཉི་འོད་ཅེས་བྱ་བ་བཞུགས་སོ། །ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༧ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོར་དཔར་དུ་བསྐྲུན་པའིརྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱི་གསུང་འབུམ་བཞུགས་སོ། །ཞེས་པའི་པོད་དང་པོའི་ནང་གི་ཆོས་ཚན་བཞི་པ་སྟེལམ་གཙོའི་འགྲེལ་ཆུང་དུས་མུན་འཇོམས་
འི་ཉི་འོད་ཅེས་བྱ་བ་བཞུགས་སོ། །ཞེས་པ་ལ་ཤོག་ངོས་༢༨༡ནས་༢༩༠བར་བཞུགས་སོ། །)ཅེས་པ་སོགས་བཞུགས་ཤིང་དེ་དག་ལ་ཞིབ་ཏུ་གཟིགས་ནས་ལམ་གྱི་གཙོ་བོ་རྣམ་གསུམ་ཏེ་ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་དེ་དག་གི་ངོ་བོ་དང་། དེ་དག་ཐོག་མར་རྒྱུད་ལ་སྐྱེ་བའི་ཐབས། སྐྱེས་པའི་ཚད་སོགས་ཀྱི་ཚུལ་རྣམས་ཞིབ་ཏུ་དཔྱད་ནས་ཤེས་པར་བའོ། །
       སྨྲས་པ།
                  མཉམ་མེད་རྒྱལ་བ་གཉིས་པའི་གསུང་མཆོག་ལས། །
                  ལམ་གཙོ་རྣམ་གསུམཞེས་པའི་ལེགས་བཤད་ཀྱིས། །
                  ལེགས་པར་དྲངས་པའི་གདམས་པའི་ཟབ་གནད་ལས། །
                  དགེ་ལེགས་འབུམ་གྱི་འོད་སྣང་རྒྱས་པར་ཤོག 
ཞེསགཞུང་བརྒྱ་སྨྲ་བའི་ཟིན་བྲིསལསརྗེ་ཙོང་ཁ་པ་ཆེན་པོས་མཛད་པའིལམ་གཙོ་རྣམ་གསུམ་ཞེས་པའི་བསྡུས་དོན་གྱི་ཟིན་བྲིས་བློ་གསལ་རིག་པའི་ཡིད་རྟེན་ཞེས་བྱ་བ་བཞུགས་སོ། །ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་དུ་རིག་པའི་ཁུ་བྱུག་གམ། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་པས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པ་རྩེན་པའི་ལྡིང་ཁང་ནས་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོའི་ཟླ་བདུན་པའི་ཚེས་བཅུ་གཉིས་ཏེ་སྤྱི་ལོ་༢༠༠༠ལོའི་ཟླ་༩པའི་ཚེས་༡༠ལ་པེ་ཅིན་དུ་བྲིས་པ་དགེའོ། །
 
དཔྱད་གཞིའི་ཡིག་ཆ།
༡ རྗེ་ཙོང་ཁ་པ་ཆེན་པོའི་སྙན་རྩོམ་གཅེས་བཏུས། ཤོག་ངོས་༧ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 རྗེ་ཙོང་ཁ་པ། རྗེ་ཙོང་ཁ་པ་ཆེན་པོའི་བཀའ་འབུམ་ཐོར་བུ་བཞུགས་སོ། ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
༣ གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ།(ང་།) ཤོག་ངོས་༢༥༥(སློབ་གཉེར་བསླབ་བྱའི་སྐོར་བཞུགས་སོ། །) མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༥པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
༤ གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། (ང་།) ཤོག་ངོས་༢༦༢སློབ་གཉེར་བསླབ་བྱ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༥པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 ༥ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་བཞུགས(༥/༡༨)(མེས་པོའི་ཤུལ་བཞག  ༩༢) ཤོག་ངོས་༨༤  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༩པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 ༦ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། །(༡༥) ཤོག་ངོས་༣༧༣-༣༧༦ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༩པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 ༧ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ། །(༡༥) ཤོག་ངོས་༣༧༧-༤༡༢ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ་༩པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
 
                          གསལ་བཤད་མདོར་བསྡུས། རྩོམ་འདི་ནི་སྟུག་རྒྱའི་བཀའ་སྲུང་མགོན་པོས་རྩོམ་སྒྲིག་མཛད་པའི་གཞུང་བརྒྱ་སྨྲ་བའི་ཟིན་བྲིས་ཞེས་པའི་
གླེགས་བམ་དྲུག་པ། ཤོག་ངོས་༢༣ནས་༢༨བར་བཞུགས་སོ། །

0 comments:

ཟིན་བྲིས་འཚོལ་ཡུལ