དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 13 February 2014
༄༅།། ༧སྐྱབས་རྗེ་འཁོར་ལོའི་མགོན་པོ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱི་འཁྲུངས་སྐར་ལ་ཕུལ་བ་
སྙན་འཇེབས་རང་བྱུང་གི་པི་ཝཾ་རིན་པོ་ཆེ་ཞེས་བྱ་བ།།
ན་མོ་གུ་རུ་ཨ་བྷྱ་ཛྙྰ་ན་ཡེ།།
འཇིགས་མེད་གཟུངས་སྤོབས་བློ་གྲོས་མཁའ་དབྱིངས་ལས།།
སྲིད་ཞིའི་རྨོངས་མུན་བསལ་མཛད་འོད་སྣང་བདག།
སྣ་ཚོགས་གཟུགས་ཅན་རིག་འཛིན་རྒྱལ་བའི་སྲས།།
ངེས་དོན་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག།
༡༽
ལུང་རིགས་བྱེ་བ་འབུམ་གྱི་ཁ་རྒྱན་མཛེས།།
མན་ངག་སྙིང་པོའི་བདུད་རྩིས་ཡོངས་སུ་གཏམས།།
དགོངས་བརྒྱུད་རིག་པའི་ལྟོ་བ་ལེགས་པར་རྒྱས།།
རྫོགས་ཆེན་ཆོས་ཀྱི་བུམ༵་པ༵་རིན་པོ་ཆེ།།
༢༽
ཐོས་བསམ་སྒོམ་པའི་ལོ་འདབ་ཀུན་ཕྱོགས་བཞད།།
འཆད་རྩོད་རྩོམ་པའི་ཟེའུ་འབྲུ་ཡོངས་སུ་རྒྱས།།
སྐལ་ལྡན་རྐང་དྲུག་སྨིན་པར་ཟུམ་མེད་དཔལ།།
ཕྱག་ཆེན་དོན་གྱི་པདྨ་རིན་པོ་ཆེ།།
༣༽
འཇིག་ཚོགས་རི་བོ་བསྙིལ་བའི་སྟོབས་ཤུགས་ལྡན།།
ངེས་ཤེས་སྒྲོན་མེ་བརྟན་པའི་བྱིན་རླབས་མངའ།།
ལུས་ཅན་གདུལ་བྱའི་ཡིད་མཁར་མི་ནུབ་པའི།།
ཐེག་ཆེན་ཆོས་ཀྱི་རྒྱལ༵་མཚ༵ན་རིན་པོ་ཆེ།།
༤༽
སྐལ་བཟང་གདུལ་བྱའི་རྣ་བའི་བདུད་རྩི་མཆོག།
མཁས་པའི་ཁྱུ་ཚོགས་མགུ་བའི་ལེགས་བཤད་ནོར།།
སྲིད་ཞིའི་ཁོངས་ན་འཁྲོལ་བའི་གྲགས་སྙན་གླུ།།
སྤྲིན་ཆེན་བྱམས་བརྩེའི་དུང༵་དཀར༵་རིན་པོ་ཆེ།།
༥ ༽
ཐུབ་བསྟན་རྒྱ་མཚོའི་ལེགས་བཤད་འཁྱིལ་བའི་དབུས།།
ལུང་རིགས་རྣམ་དག་གསེར་གྱི་ཞུན་མས་མཛེས།།
རྣམ་དཔྱོད་འཁྱུག་འགྲོས་རྫོགས་པའི་ལང་ཚོ་ཅན།།
ཞི་བྱེད་རིག་པའི་གསེར་ཉ༵་རིན་པོ་ཆེ།།
༦༽
ཐུགས་མཆོག་གསང་བ་མི་འགྱུར་རྡོ་རྗེའི་གཤིས།།
སྤྲོས་མཐའ་བརྒྱད་བྲལ་འོད་གསལ་ཐིག་ལེའི་ཀློང་།།
ཡེ་ཤེས་རང་བཞིན་ཇི་བཞིན་མཁྱེན་བརྩེའི་གར།།
ཟབ་རྒྱས་གཏེར་སྟོན་དཔ༵ལ་བེའུ༵་རིན་པོ་ཆེ།།
༧༽
སྔ་འགྱུར་བཀའ་གཏེར་རིག་གཞུང་མུ་ཁྱུད་དཔལ།།
ལུང་རྟོགས་བཤད་སྒྲུབ་རི་མོའི་རྩིབས་སྟོང་བཀྲ།།
བརྒྱུད་གསུམ་གདམས་པའི་ལེགས་བཤད་རྒྱན་ཆ་ཅན།།
དཔལ་ལྡན་དུས་ཀྱི་འཁོར་ལོ་རིན་པོ་ཆེ།།
༨༽
རྟག་ཆད་མཐའ་རུ་ལྷུང་བའི་ཚ་གདུང་སེལ།།
སྲིད་ཞིའི་མཐའ་ལ་མི་གནས་བསིལ་སྦྱིན་བསྩལ།།
རྣམ་གྲོལ་མཆོག་གི་འཇུག་ངོགས་དམ་པའི་ཡུལ།།
ཕན་བདེའི་ཕྲིན་ལས་གདུག༵ས་དཀ༵ར་རིན་པོ་ཆེ།།
རིག་འཛིན་རྩ་བརྒྱུད་བླ་མའི་སྐུ་ཚེ་བརྟན།།
བཀའ་གཏེར་བདེ་བཤེགས་འདུས་པའི་བསྟན་པ་དར།།
ཐབས་མཆོག་མཁའ་འགྲོ་རྒྱ་མཚོའི་གསང་མཛོད་བརྙེས།།
མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་སར་འགོད་ཤོག།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླ་བ་སྟེ་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་དམ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་འཁྲུངས་སྐར་དང་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཆོས་དབྱིངས་སུ་མནལ་བའི་དུས་ཆེན་ཁྱད་པར་ཅན་ཉིན་སྐྱབས་རྗེ་དམ་པ་སློབ་དཔོན་་འཇིགས་མེད་བློ་གྲོས་ཀྱི་འཁྲུངས་སྐར་ལ་ཨེ་མ་ཧོས་གང་ཤར་དུ་ཀུན་བཟང་ཆོས་གླིང་གི་ཤར་རིའི་རི་རྩེ་རང་བྱུང་བྲག་ཕུག་གིས་མཛེས་པ་ནས་སུག་ལས་བགྱིས་པར་དགེའོ།།
།།
Subscribe to:
Post Comments (Atom)
0 comments:
Post a Comment