དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday 28 March 2014
རིས་སུ་མ་ཆད་པ་གཙོ།།
རྒྱལ་སྲས་ཚང་།
༄༅།།གངས་ཅན་པའི་མོས་མཐུན་རྣམ་པ། དེ་རིང་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ཆུ་བྱ་ལོའི་གནམ་ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་དུས་ཚེས་ཁྱད་པར་བ་འདི་རོལ་བཞིན་པའི་ཉིན་མོ་ཞིག་ཡིན་ལ། འདི་ནས་བསམ་བློའི་འཐབ་ཕྱོགས་ཀྱི་མདུན་གྲལ་དུ་ལངས་པའི་བོད་ཀྱི་ཚོང་བ་རྣམ་པས་རང་ཉིད་ཀྱི་ཐབས་ཤེས་ལ་བསྟེན་ནས་བསྐྲུན་པའི་དཔལ་འབྱོར་རྣམས་རང་གཅིག་པུའི་ལྟོ་རྒྱབ་འགྲངས་ཙམ་ལ་བསམ་པ་མ་ཡིན་པར།   བོད་པ་ཡོངས་རྫོགས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་བུ་རབས་ཚ་བརྒྱུད་ཡིན་བསམ་པའི་འདུ་ཤེས་ཀྱི་སྟེང་ནས་དེ་རིང་སྤོས་ལྡན་གྲོང་ཁྱེར་དུ་ཕུ་ནུ་ལྷན་འཛོམས་ཀྱི་གོ་སྐབས་བཟང་བོ་སྤྲད་པར་ངས་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
ཞོལ་ནས་ཁྱེད་ཅག་གིས་ང་ལ་གོ་སྐབས་བཟང་བོ་འདི་འདྲ་ཞིག་སྤྲད་པ་ལ། རང་ཉིད་ཀྱིས་ཀྱང་བོད་པ་རིས་སུ་མ་ཆད་པ་གཙོ་ཞེས་པའི་གཏམ་ཞིག་ཞུ་རྒྱུ་ཡིན།དེ་གང་ཞེ་ན།བོད་པ་ཡིན་དུས་ཁ་མ་ཎི་བགྲང་མཁན། ཁོག་རྩམ་གཟན་ཅན་གཅིག་ཡིན་པས། ང་ཚོ་མི་རིགས་འདིའི་ས་ཕྱོགས་ཀྱི་རིས་སུ་མ་ཆད་པ་དང་། གྲུབ་མཐའི་རིས་སུ་མ་ཆད་པ། རིག་གནས་གསར་རྙིང་གི་རིས་སུ་མ་ཆད་པ། ཕྱོགས་སུ་མ་ལྷུང་བ། རྒྱར་མ་ཆད་པ་ཞིག་ཡོང་ན་བསམ་པའི་ཀུན་སློང་དེ་ཁྱེད་རྣམ་པར་སྙན་ཞུར་འབུལ་རྒྱུ་ཡིན
དེ་ན་གཏམ་གྱི་དང་བོར་ངས་ས་ཕྱོགས་ཀྱི་རིས་སུ་མ་ཆད་པ་གཙོ་ཞེས་པ་བཤད་རྒྱུ་ཡིན། ང་ཚོའི་མི་རིགས་འདི་འཛམ་གླིང་ཡང་སྟེང་གི་མདོ་དབུས་མཐོ་སྒང་དུ་མིའི་བུ་རིགས་བཞིར་བརྡོལ་ནས་རྒྱལ་རབས་ལོ་རྒྱུས་ཡོད་པ་དང་། ཤེས་རིག་གི་དུལ་མར་གྱུར་བའི་མི་རིགས་ཤིག་ཡིན་ལ།
༡. གྲུབ་མཐའི་རིས་སུ་མ་ཆད་པ་གཙོ།
མི་རིགས་ཤིག་གི་འཕེལ་རྒྱས་དང་མི་གང་རུང་ཞིག་གི་བདེ་སྡུག་དེ་བསམ་པའི་དཔལ་ཡོན་དང་། དངོས་པོའི་དཔལ་ཡོན་ལ་རག་ལས་ལ། གཙོ་བོ་བསམ་པའི་དཔལ་ཡོན་གྱི་རྨང་གཞིའི་སྟེང་དངོས་པོའི་དཔལ་ཡོན་འཛོམས་ངེས་ཤིག་ཡོད་ན་ད་གཟོད་བདེ་སྐྱིད་ཟེར་བ་དེ་བྱུང་ངོ་།། དེས་ན་བསམ་པའི་དཔལ་ཡོན་ནི་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་དར་བའི་ཆོས་ལུགས་ལ་བརྟེན་ན་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ལ།དངོས་པོའི་དཔལ་ཡོན་ནི་དེང་གི་ཚན་རིག་ལག་རྩལ་ལ་བརྟེན་དགོས། དཔེར་ན། མི་བསམ་པ་ངན་པ་སྦྱོར་བ་རྩུབ་པ་ཞིག་ལ་རྒྱུ་ནོར་མང་བོ་ལྡན་ཚེ། དེས་རྒྱལ་ཁབ་དང་སྤྱི་ཚོགས་མི་བདེ་བ་བཟོ་བ་དང་། དེ་ལས་རང་ཉིད་ལ་ཡང་སྡུག་བསྔལ་རྒྱུན་མི་ཆད་པར་འབྱུང་བ་ལྟ་བུ། ཡང་ན་བསམ་པ་བཟང་བོ་རྒྱུ་ནོར་ལྡན་པ་ཞིག་གིས་རྒྱུ་ནོར་དེ་གཞན་འཚེའི་ཕྱོགས་ལ་མི་གཏོང་བར་སྤྱི་ཚོགས་དང་མི་གང་རུང་ཞིག་གི་ཕན་བདེའི་ཆེད་དུ་གཏོང་བ་ཡིན་པས། གཞན་ཕན་གྱི་དགའ་བདེ་ལས་རང་ཉིད་ལ་ཟད་པ་མེད་པའི་བདེ་བ་ཞིག་འབྱུང་བ།
རྣམ་གསུམ་ལ་རིང་ནས་གུས་པ་ཆེན་པོས་ལྷུར་ལེན་ཞིང་། དེ་ཉིད་ཡང་དག་པར་འཛིན་སྐྱོང་སྤེལ་གསུམ་ལ་འདུན་ཞེན་ཤས་མི་བཟོད་པས་གཏམ་གྱི་དང་བོ་གྲུབ་པའི་མཐའ་རིས་སུ་མ་ཆད་པ་གཙོ་ཞེས་པ་གླེང་བར་བྱ་སྟེ།
སྐབས་འདིར་བརྗོད་ཀྱི་གྲུབ་མཐའ་ནི་བོད་རྒྱུད་ནང་བསྟན་དར་སྤེལ་གྱི་གོ་རིམ་ཁྲོད་སྔ་རབས་སྐྱེས་མཆོག་རྣམས་ཀྱི་སྐྱེས་སྦྱངས་རིགས་པའི་སྟོབས་ལ་བརྟེན་ནས་རང་རང་གི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་དབྱེ་ཕྲ་མོ་ལས་ཕྱེས་པའི་རང་ལུགས་ལ་ཟེར། ང་ཚོའི་འདས་པའི་ལོ་རྒྱུས་ཀྱི་མྱོང་བ་ཕྱོགས་བསྡོམས་བྱས་ནས་རིས་སུ་མ་ཆད་པ་གཙོ་ཞེས། རིས་སུ་མ་ཆད་པ་ནི་ཕྱོགས་སུ་མ་ལྷུང་བ། རིས་སུ་མ་ཆད་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩ་དང་། མི་རིགས་  དར་རྒྱས་ཀྱི་སྟོབས་ཤུགས། ཕྱོགས་ཡོངས་སྔོན་ཐོན་གྱི་སྒུལ་ཤུགས། མདོར་ན་མཐུན་སྒྲིལ་བྱ་བ་ཡིན་ལ། དེ་ནི་ང་ཚོ་གངས་ལྗོངས་ཀྱི་མི་རབས་གསར་བའི་སྙིང་གི་པདྨོ་མངོན་པར་ཟུམ་པའི་རེ་སྨོན་ཡང་ཡིན་ནོ།།
དེ་ཡང་འཛམ་བུའི་གླིང་གི་ཆོས་ལུགས་ཕལ་མོ་ཆེས་འགྲོ་བ་མིའི་རིགས་དགེ་ཐོན་དང་ཡ་རབས་ཀྱི་ལམ་སྲོལ་བཏོད་པ་ཡིན་ལ། དཔེར་ན། ཡེ་ཤུའི་ཆོས་ལུགས་ཀྱིས་འགྲོ་བ་ཡོངས་ལ་བྱམས་སྙིང་རྗེ་ལས་བྱུང་བའི་སྦྱིན་པ་ལག་ལེན་གྱི་མཐིལ་དུ་དམར་འདོན་མཛད་ཡོད་ལ། གོ་ལ་ཟླུམ་པོའི་སྟེང་གི་རྒྱལ་ཁབ་དང་མི་རིགས་ས་ཕྱོགས་གང་ཞིག་ལ་རང་བྱུང་གི་གོད་ཆག་བྱུང་ཚེ་རྒུད་སྐྱོབ་དང། འགྲོ་བའི་ཕན་བདེ་རྩ་ལག་དམ་པར་རྒྱ་གྲམ་དམར་བོའི་ཚོགས་པ་གང་སར་མིག་མཐོང་ལག་ཟིན་དུ་མཆིས་པ་ནི་པུས་མོའི་ལྷ་ང་ས་ལ་འཛུགས་རུང་བའི་གནས་སོ།། སྒོས་སུ་རང་རེའི་ནང་བའི་བསྟན་པ་ནི་འཛམ་གླིང་ཞི་བདེ་དང་རང་དབང་། འདྲ་མཉམ་རེས་རོགས་ལ་བརྩོན་པའི་ཆོས་ལུགས་ཞིག་ཡིན།
དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ལ་གུས། དེའི་བསྟན་པའི་ཆོས་ལམ་ཡང་དག་པར་ཞུགས། དཀར་བོའི་ལས་དགེ་བ་ལ་འདུན་པའི་གྲོགས་དགེ་འདུན་ལ་བསྟེན་པ་ཞིག་ལ་ནང་བ་སངས་རྒྱས་ཞེས་བྱ་ལ། ཞིབ་ཏུ་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་བཞི་བོ་འདི་ལ་བཀར་བཏགས་པའི་ཕྱག་རྒྱ་བཞི་ཟེར་ཞིང་། བཀའ་བཏགས་ཀྱི་ཕྱག་རྒྱ་ནི། རྒྱལ་བོ་ཆེན་པོའི་བཀས་བཏབ་པའི་ཐམ་གའི་ཞེ་ས་ཡིན་ལ། འདུས་བྱས་མི་རྟག་པ་སོགས་བཞི་བོ་དེ་སངས་རྒྱས་ཀྱི་བཀའ་ཐམ་རྒྱལ་བོ་ཆེན་པོའི་ཕྱག་རྒྱ་དང་འདྲ་སྟེ། ནང་བའི་གྲུབ་མཐའ་སྨྲ་བ་སུ་ཡང་དེ་ལས་འདའ་མི་རུང་བའི་ཕྱིར་དེ་ལྟར་བཏགས་སོ།།
ཆུ་མགོ་གངས་དང་། ཆོས་མགོ་རྒྱ་གར་ཟེར་བ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ནས་སེམས་ཅན་གྱི་ཁམས་དང་བསམ་པ་དང་མོས་པའི་ཁྱད་པར་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་བསྐོར་བ་ལས། གྲུབ་པའི་མཐའ་ཆེན་པོ་བཞི་དང་རྒྱལ་བོ་ཀྲི་ཀྲིའི་རྨི་ལྟས་ལྟར་གྱེས་པ་བཅོ་བརྒྱད་དུ་གྱེས་པ་ཐམས་ཅད་སངས་རྒྱས་ཀྱི་དགོངས་པ་གཅིག་དང་ཞི་བའི་ལམ་གྱི་མཐར་ཐུག་ཉག་ཅིག་ལ་འབབ་པར་འཕགས་བོད་ཀྱི་སློབ་དཔོན་མཁས་པ་རྣམས་ཀྱིས་ལུང་རིགས་བརྒྱ་ཕྲག་གི་ལམ་ནས་ཚད་མར་སྒྲུབ་ཡོད་དོ༎
དེ་བས་སངས་རྒྱས་ཀྱི་རྗེས་འབྲངས་པ་རྒྱ་གར་དུ་ལུགས་བཞི་དང་། རྒྱ་ནག་ཏུ་ལྔ། བོད་དུ་བརྒྱད་ཡོད་པ་ཐམས་ཅད་གཙོ་བོ་དབུ་མའི་ལྟ་བའོ་ཞེས་སྔོན་གྱི་མཁས་པས་བཞེད་ཅིང་། ལས་དང་བོ་བ་སངས་རྒྱས་ཆོས་ལུགས་ལ་བསླབ་པ་སློབ་གཉེར་དང་དད་གུས་ཙམ་བྱེད་པའི་ཆོས་ལུགས་པ་རྣམས་ལ་སྐྱབས་འགྲོ་ཡོད་ན་འགྲིག་གི། གྲུབ་མཐའ་སྨྲ་བ་མི་དགོས་ཞེས་གོང་མ་རྣམས་ཀྱིས་ཡང་ཡང་གདམས་པ་ཐུགས་ལ་གཅེས་འཚལ།
སྨྲས་པ།  
རྒྱ་གར་འཕགས་ཡུལ་རྒྱལ་བའི་རྗེས་འབྲངས་བཞི།།
གྱེས་པར་སྨྲ་བའི་གྱེས་པ་བཅོ་བརྒྱད་པོ།།
ཤཱཀྱའི་བསྟན་ལ་ཤཱཀྱའི་རྗེས་འཇུག་ཞེས།།
རྒྱ་བོད་མཁས་པའི་རྒྱ་ཆེན་གཞུང་ནས་སྨྲ།།
དེ་བཞིན་གངས་རིའི་ལྗོངས་སུ་དར་བ་ཡི།།
སོ་སོར་མིང་གི་འདོགས་པ་མང་ན་ཡང་།།
དངོས་ཉམས་མྱོང་བ་ཅན་གྱི་རྣལ་འབྱོར་བས།།
གསུངས་པ་འདབ་བརྒྱད་སྙིང་དབུས་ལེགས་ཟུམ་ནས།།
ས་རྙིང་བཀའ་དགེ་ཇོ་མོ་ནང་བ་སོགས།། 
ངེས་དོན་ལུང་དང་རིགས་པའི་གནད་མཁས་ཤིང་།།
དཔྱད་ན་དགོས་པ་གཅིག་ཏུ་འབབ་བོ་ཞེས།།
རང་གི་གང་མོས་དེ་ལ་འདུན་པར་བྱ།།
ད་ནི་ང་ཚོས་འདས་པའི་ལོ་རྒྱུས་ལ་ཅུང་ཟད་བལྟ་བར་བྱ་ལ། ལོ་རྒྱུས་ནི་བསླབ་བྱ་སྟེ། འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་ལས་ད་ལྟའི་གོམས་ཁའི་འཁྱེར་སོ་སྟོན་པ་ཡིན་ལ་ལོ་རྒྱུས་བསླབ་པའི་དགེ་བའང་དེ་བཞིན་ནོ།།
སྔོན་བསྟན་པ་སྔ་དར་གྱི་དུས་སུ་བན་བོན་འཐབ་རྩོད་ལན་མང་བྱས་པ་དང་། ཁྲི་དར་མའི་རིང་ལ་བསྟན་པ་ལ་གོད་ཆག་དང་རྩ་ཆེའི་རིག་གཞུང་གི་བསྟན་བཅོས་མང་བོ་མེར་བསྲེགས་པ། དུས་ཕྱིས་བསྟན་པ་ཕྱི་དར་གྱི་དུས་སུ་གྲུབ་མཐའ་ཁག་གིས་ས་ཆའི་བདག་དབང་འཕྲོག་རྩོད་ཀྱི་མི་ཤི་རྟ་འགྱེལ་གྱི་འཁྲུག་པ་བསླངས་པ་དང་། ལྷག་ཏུ་མི་རིགས་གཞན་པའི་དམག་དཔུང་དང་སྟོབས་ཤུགས་ལ་བརྟེན་རེས་བྱས་ནས་བོད་དུ་གྱོད་ཆག་ཆེན་པོ་དང་རང་སྲིད་ཤོར་བ།
དཔེར་ན། བོད་རྒྱལ་གྲི་གུམ་བཙན་པོའི་རིང་ལ་བོན་ཆོས་བསྣུབ་པས་རྒྱལ་སྲིད་ཤོར་བ། ཁྲི་དར་མས་ཆབ་སྲིད་གཙོར་བྱས་ཆོས་དག་ཐེར་བྱས་པས་རྒྱལ་སྲིད་ཤོར་བ། ༡༢༩༠ལོར་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་སོག་དམག་ལ་བཅོལ་ནས་འབྲི་གུང་མཐིལ་མེར་བསྲེགས་ནས་སྐྱ་སེར་ཆིག་ཁྲི་བསད། ལོ་རྒྱུས་སྟེང་འབྲི་གུང་གླེང་ལོག་གམ་ས་འབྲིའི་འཁྲུག་པ་བྱུང་། དེའི་རྐྱེན་གྱིས་བློན་ཆེན་སྡེ་བ་རིན་སྤུངས་པའི་ལག་ཏུ་སྲིད་དབང་ཤོར། དེ་ལ་ཕག་གྲུ་དང་རིན་སྤུངས་པའི་དམག་འཁྲུག་བྱུང་། ༡༤༥༨ལོར་སྡེ་བ་རིན་སྤུངས་པ་དང་དགེ་ལུགས་པ་འཁྲུག་པར་བོད་ལྷོ་བྱང་གི་འཁྲུག་པ་ཟེར། ༡༤༨༠ལོར་ཀརྨ་བཀའ་བརྒྱུད་དང་སྡེ་བ་རིན་སྤུངས་པས་དགེ་ལུགས་པར་རྒོལ་མགོ་བརྩམས། ༡༤༨༡ལོར་ཀརྨ་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་ཀྱི་རིང་རིན་སྤུངས་ཀུན་བཟང་དང་དོན་ཡོད་རྡོ་རྗེ་གཉིས་ཀྱིས་གཙང་དམག་ཆིག་ཁྲི་ལྷག་དབུས་སུ་དྲངས་ནས་དགེ་ལུགས་པའི་མཆོད་གཞིས་སྣེའུ་གདོང་རྫོང་དཔོན་ངག་དབང་བསོད་ནམས་ལྷུན་པོ་ཕ་བུ་གཉིས་ཡུལ་ནས་བཏོན། ༡༥༢༦ལོར་ཞྭ་དམར་སེར་འཐབ་འཁྲུག་གི་དུས་ཚུབ་ཆེན་པོ་བྱུང་། ༡༥༧༠ལོར་འབྲི་གུང་དང་སྟག་ལུང་བར་འགལ་བ་བྱུང་། ༡༥༧༢ལོར་སྐྱིད་ཤོད་ཕག་གྲུའི་སྡེ་གཟར་ལངས། ༡༦༡༢ལོར་གཙང་བ་རྒྱལ་བོ་ཕུན་ཚོགས་རྣམ་རྒྱལ་གྱིས་བོད་ལ་དབང་བསྒྱུར། ༡༦༡༧ལོར་དགེ་ལུགས་པའི་སྦྱིན་བདག་བསོད་ནམས་རྣམ་རྒྱལ་གྱིས་སོག་པོ་ཁལ་ཁ་ཆོ་ཁུར་དཔོན་ལ་མགོ་བཏགས་ནས་སོག་དམག་སུམ་སྟོང་དང་ལྷན་དུ་གཙང་བ་རྒྱལ་བོར་ཕར་རྒོལ་བྱས། ༡༦༡༨ལོར་གཙང་བ་ཕུན་ཚོགས་རྣམ་རྒྱལ་གྱིས་དམག་ཆིག་ཁྲི་ལྷག་དབུས་སུ་དྲངས། སེ་འབྲས་གཉིས་གཏོར་མི་སྟོང་ཕྲག་ལྔ་བསད། ༡༦༢༡ལོར་ཕྱག་མཛོད་བསོད་རབ་དང་བཙུན་པ་བློ་བཟང་བསྟན་འཛིན་གཉིས་ཀྱིས་སོག་དམག་དང་དབུས་དམག་བསྐུལ་ནས་གཙང་དམག་སྟོང་ཕྲག་མང་བོ་བསད་དེ་གཙང་དམག་ཕམ། ༡༦༣༢ལོར་གཙང་བ་བསྟན་སྐྱོང་དབང་བོས་ཧོར་ཚོ་བརྒྱད་ཀྱི་དཔོན་ལེན་ཏན་དང་ཁམས་བེ་རི་དོན་ཡོད་རྒྱལ་བོ་གཉིས་བསྡོངས་ནས་དགེ་ལུགས་པར་རྒོལ་བའི་ལས་བརྩམས། ༡༦༣༤ལོར་སོག་པོ་ཆ་ཧར་དཔོན་ལེན་ཏན་གཙང་བའི་གྲོགས་སུ་ཡོང་བར་ལམ་ཁར་འདས། ༡༦༣༥ལོར་ཕྱག་མཛོད་བསོད་ནམས་དང་སྡེ་བ་མཚོ་སྐྱེས་རྡོ་རྗེ་གཉིས་ནས་སོག་པོ་ཇིང་གུར་གུ་ཤྲཱི་ཧན་གྱི་དམག་བོས་ཏེ་གཙང་བར་འཐབ། ༡༦༣༦ལོར་གུར་གུ་ཤྲཱི་ཧན་ལ་བསྟན་འཛིན་ཆོས་རྒྱལ་གྱི་མཚན་དང་གོ་གནས་ཕུལ། ༡༦༣༩ལོར་གུར་གུ་ཤྲཱི་ཧན་གྱི་དམག་གིས་གཙང་རོགས་བེ་རི་རྒྱལ་བོར་བརྒྱབ་ཏེ་ཕམ་པར་བཏང་། ༡༦༤༡ལོར་ཕྱག་མཛོད་བསོད་ནམས་ཆོས་འཕེལ་གྱིས་ལས་བཅོལ་བྱས་ཏེ་གཙང་བ་རྒྱལ་བོ་བཙོན་འཇུག་ངན་གསོད་བྱས། ༡༧༠༢ལོར་སྡེ་སྲིད་དང་ལྷ་བཟང་ཧན་བར་འགལ་བ་བྱུང་། ༡༧༠༥ལོར་མི་དབང་སངས་རྒྱས་རྒྱ་མཚོ་དགུང་ལོ་ང་གསུམ་སྟེང་ལྷ་བཟང་བཟའ་མི་གཉིས་ཀྱིས་དབུ་བཅད་ནས་བཀྲོངས་པ་སོགས་ཡ་ང་བའི་ལོ་རྒྱུས་ལས་ང་ཚོས་བསླབ་བྱ་ལེན་རྒྱུ་གལ་ཆེའོ།།
ད་ནི་རྙིང་མ་བའི་ངོས་ནས་ཞུས་ན། ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་སོགས་ཀྱི་གདམས་པ་རྒྱ་ཆེར་གསུངས་ཤིང་ཉམས་སུ་ལེན་པ་ཡང་མང་དུ་བྱུང་སྟེ། བོད་ཁམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡིག་དྲུག་བཟླ་བ་འདི་ནས་དར། དེ་དུས་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤཾ་ཀ་ར། བལ་བོའི་སློབ་དཔོན་ཤཱིལ་མཉྫུ་སོགས་སྤྱན་དྲངས་ནས་རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཅེས་ཀ་ཁོལ་མར་འབྱུང་། དེ་ནས་མི་རབས་ལྔ་བ་ན་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱིས་པཎྚྀ་ཏ་ཆེན་པོ་ཤཱནྟ་རཀྴིཏ་སྤྱན་དྲངས། མཁན་པོས་དགེ་བ་བཅུ་དང་། ཁམས་བཅོ་བརྒྱད་ལ་བརྟེན་པའི་ཆོས་གསུངས་ཤིང་ཡན་ལག་བརྒྱད་པའི་ཁྲིམས་ཕོག་པས་ཡུལ་ལྷ་མཐུ་བོ་ཆེ་རྣམས་མ་དགའ་བར་གཉན་ཆེན་ཐང་ལྷས་དམར་བོ་རི་ལ་ཐོག་ཕབ། ཡར་ལྷ་ཤམ་པོས་ཡར་ཀླུང་འཕང་ཐང་གི་ཕོ་བྲང་ཆུ་ལ་བསྐུར། བསྟན་མ་བཅུ་གཉིས་ཀྱིས་མི་ནད་དང་ཕྱུགས་ནད་མང་དུ་བཏང་བ་ལ། མཁན་པོས་ཐོག་མར་བོད་ཀྱི་ལྷ་སྲིན་མ་རུངས་པ་རྣམས་འདུལ་དགོས་པ་འདུག་པས། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲོངས་གསུངས་པ་བཞིན་རྒྱལ་བའི་ཕོ་ཉ་མངགས་པས། སློབ་དཔོན་གྱིས་མངོན་པར་ཤེས་པས་མཁྱེན་ནས་རྒྱ་གར་ནས་ཚུར་འབྱོན་པ་དང་ལམ་དུ་མཇལ་ཏེ་བོད་དུ་གདན་དྲངས།  ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ནམ་མཁའ་ལ་རྡོ་རྗེའི་འགྲོས་དང་བཅས་ཏེ་ས་འདུལ་མཛད་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་བྱུང་བ་རྣམས་ཀྱི་ལན་དུ་བརྗོད་པ་ངེས་པ་དོན་གྱི་འབྲུག་སྒྲ་ལས།
སློབ་དཔོན་པདྨ་འབྱུང་གནས་དེས།། བོད་ཀྱི་འདྲེ་སྲིན་འདུལ་བའི་ཕྱིར།། རྒྱལ་ཆེན་སྡེ་བཞིའི་པྲ་ཕབ་ཅིང་།། སྦྱིན་སྲེག་ལན་གསུམ་མཛད་བཞེད་ཀྱང་།། སློབ་དཔོན་ཟླ་བ་གསུམ་བཞུགས་པར།། བླ་བཞེད་སྦ་བཞེད་གཉེས་ཀ་མཐུན།། མི་ལོ་ལྔ་བཅུ་རྩ་དྲུག་ཏུ།། བོད་ཀྱི་གདུལ་བྱ་རྫོགས་མཛད་ནས།། སྲིན་པོ་འདུལ་བར་གཤེགས་པ་ཡིན།། 
གཞན་ཡང་ཁོང་གིས་རི་ཐམས་ཅད་ནགས་ཀྱིས་ཁྱབ་པ། གཙང་བོ་སྦུགས་སུ་འཇུག་པ། བྱེ་མ་ཐམས་ཅད་ནེའུ་གསིང་དུ་བསྒྱུར་བ། འབྲོག་དགོན་པ་དང་བྱང་ཐང་ཐམས་ཅད་ཞིང་དུ་    བསྒྱུར་བ་སོགས་བྱ་བ་མང་བོ་ཡོད་པ་ལ། སེམས་ཅན་གྱི་བསོད་ནམས་ལ་མ་ཤོངས། ཀྱེ་མ་བོད་འབངས་སྙིང་རེ་རྗེ་གསུངས། བསམ་ཡས་ཀྱི་མཐའ་སྐོར་གྱི་བྱེ་མ་ལ་བསྙེན་ཕུར་བསྒྲིལ་བས་སིང་མར་སྔོ་ཞུར་གྱི་སོང་། སྒྲུབ་གནས་རྣམས་སུ་བྱོན་ནས་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒྲུབ་པ་མཛད་དེ་བྱིན་གྱིས་རློབས་པ་དང་།  བོད་ཡུལ་གྱི་ས་གཞི་ཐམས་ཅད་ཞབས་ཀྱིས་བཅགས་ཏེ་བཀྲ་ཤིས་ཤིང་བྱིན་ཆགས་པར་མཛད། སྒྲུབ་གནས་རྣམས་སུ་གཏེར་ཁ་མང་བོ་སྦས། བྲག་ལ་སྐུ་དང་ཕྱག་ཞབས་ཀྱི་རྗེས་བཞག  བསམ་ཡས་ཀྱི་དཀོར་སྲུང་ལ་རྒྱལ་བོ་པེ་ཧར་བསྐོ་བའི་དུས་ཀྱི་ཚེ་དང་། བཙུན་མོ་དམར་རྒྱན་བཟའི་མཛེ་ནད་བསལ་བ་ལ་སོགས་སྐབས་སྐབས་སུ་བྱོན། མུ་ཁྲི་བཙན་པོའི་ཕ་ཚབ་མཛད་ནས་རྒྱལ་སྲིད་ལོ་གསུམ་བསྐྱངས། ཞེས་པ་ནི་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསམ་ཡས་དཀོར་མཛོད་ནས་རྙེད་པའི་ཡིག་ཚང་ལས་ཀྱང་འབྱུང་ངོ་།། འདི་ལ་བཀའ་གདམས་གླེགས་བམ་གྱི་བུ་ཆོས་སུ་ཇོ་བོ་རྗེས། དེའི་དུས་ཀྱི་སློབ་དཔོན་པདྨ་ནི་ཁོ་བོ་ཡིན་ལ། དེའི་ཆོས་ནི་ད་ལྟ་བོད་ཀྱི་སྔགས་པ་རྣམས་ལ་གྲགས་པ་འདི་ཡིན་ནོ་གསུངས། རྗེ་འབངས་ཉེར་ལྔ་སོགས་སྣོད་ལྡན་མང་བོར་ཡོ་ག་རྣམ་པ་གསུམ་གྱིས་སྨིན་གྲོལ་ལ་བཀོད་པས་གྲུབ་ཐོབ་མང་བོ་བྱུང་སྟེ།
ནམ་མཁའི་སྙིང་བོ་ཉི་མའི་ཟེར་ལ་ཆིབས།། སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བ་འདེབས།། རྒྱལ་བ་མཆོག་དབྱངས་རྟ་སྐད་ཐེངས་གསུམ་ཐོན།། མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་སློང་།། དཔལ་གྱི་ཡེ་ཤེས་མ་མོ་མངོན་སུམ་འཁོལ།། དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་འཁོལ།། བེ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན།། མངའ་བདག་རྒྱལ་བོ་ཏིང་འཛིན་མི་གཡོ་གྲུབ།། གཡུ་སྒྲ་སྙིང་བོ་རྟོགས་པའི་མཆོག་དང་ལྡན།། ཛྙ་ན་ཀུ་མཱ་ར་ནི་རྫུ་འཕྲུལ་སྟོན།། རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད།། ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས།། སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན།། སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང་།། དཔལ་གྱི་དབང་ཕྱུག་ཕུར་བ་གདངས་ཚད་འགུམ།།  ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ།། སྐ་བ་དཔལ་བརྩེགས་གཞན་གྱི་སེམས་རྣམས་ཤེས།། ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག། རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར།། ཁྱེའུ་ཆུང་ལོ་ཡིས་ནམ་མཁའི་བྱ་ རྣམས་ཟིན།། དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་ཁུག། འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ།། རྨ་ཐང་རིན་ཆེན་ཕ་ཝང་ཟས་སུ་ཟ།། དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད།། ལང་གྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན།། རྒྱལ་བའི་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་འཆའ།།
ཞེས་པ་ལྟར་བསམ་ཡས་མཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ། ལྷ་ས་དང་ཡེར་བར་གྲུབ་ཆེན་བརྒྱ་རྩ། ལྷོ་བྲག་མཁར་ཆུར་གྲུབ་ཆེན་ཉི་ཤུ་རྩ་གཅིག དཔལ་ཆེན་ཆུ་བོ་རིར་གྲུབ་ཆེན་སུམ་ཅུ་སོ་ལྔ་སོགས་བྱོན་པ་དང་། སྔགས་འཆང་ངྷརྨ་ཀིརྟི། བི་མ་ལ་མི་ཏྲ། སངས་རྒྱས་གསང་བ། ཤཱིནྟཾ་གརྦྷ་སོགས་རྒྱ་གར་གྱི་པཎྡིཏ་གཞན་ཡང་མང་བོ་བྱོན་པས། ངྷརྨ་ཀིརྟིས་ཀྱང་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་མཛད། བི་མ་མི་ཏྲ་སོགས་སློབ་དཔོན་གཞན་རྣམས་ཀྱིས་ཀྱང་སྣོད་ལྡན་རེ་གཉིས་ལ་གདམས་པ་ཅི་རིགས་བསྟན། དེ་དག་གིས་མཚན་ཉིད་དང་གཞུང་ཆེན་མོའི་བཤད་པ་མཛད་སྐད་མི་འདུག་ཀྱང་། གསང་སྔགས་ཀྱང་བཀའ་ཤིན་ཏུ་དམ་པས་ཁྱབ་གདལ་ཆེ་བ་མ་མཛད། འོན་ཀྱང་བེ་རོ་རྨ་གཉགས་གནུབས་སོགས་ཀྱིས་ཀུན་བྱེད་རྒྱལ་བོ། མདོ་དགོངས་འདུས། སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད་ཀྱི་ལུང་མན་ངག་རྣམས་གསང་བའི་ཚུལ་གྱིས་བསྒྱུར། སློབ་དཔོན་ཆེན་པོས་མ་འོངས་པའི་དོན་དུ་རི་བྲག་མཚོ་སོགས་ལ་གདམས་པ་ཟབ་མོ་དུ་མ་གཏེར་དུ་སྦས་ཏེ། ལྷོ་ནུབ་རྔ་ཡབ་གླིང་དུ་གཤེགས་སོ།།  དེ་ལྟ་ན་གསང་སྔགས་རྙིང་མའི་ཆོས་ནི་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་ནས་ཐོར་བུ་ཙམ་བྱུང་མོད་ཀྱང་། རྒྱ་ཆེ་བ་ནི་ཁྲི་སྲོང་གི་སྐབས་ནས་ཡིན་ལ། གཙོ་བོ་སློབ་དཔོན་པདྨ་དང་། བཤད་མ་ཐག་པའི་སློབ་དཔོན་གཞན་དེ་དག་ལས་བྱུང་བ་ཡང་མང་ངོ་།།
འགའ་ཞིག་གིས་སློབ་དཔོན་ཆེན་མོ་བོད་དུ་ཟླ་བ་ཁ་ཤས་ལས་མ་བཞུགས་ཤིང་། དེའི་རིང་ལའང་ལྷ་སྲིན་འདུལ་བ་དང་བསམ་ཡས་ཀྱི་རབ་གནས་མཛད་པ་ཙམ་ལས་ཆོས་མང་དུ་མ་གསུངས། སློབ་དཔོན་ཕྱིར་གཤེགས་རྗེས་མུ་སྟེགས་པ་ཞིག་སློབ་དཔོན་དུ་བརྫུས་ནས་མགོ་ལ་རྒོད་སྒྲོ་བཙུགས་པ་སོགས་དེང་སང་ཨོ་རྒྱན་ཟ་ཧོར་མར་གྲགས་པ་འདིའི་ཆ་བྱད་ཀྱིས་བོད་དུ་འོངས་ནས་རྙིང་མའི་ཆོས་སྣ་ཚོགས་པ་འདི་དར་བར་བྱས་སོ་ཟེར་བ་ནི་ཆགས་སྡང་གི་གཏམ་ཡིན་པར་མངོན་ནོ།།
ཡང་འགའ་ཞིག་གིས་རྙིང་མའི་ཆོས་རྣམས་གུ་རུ་ཆོས་དབང་གིས་བྱས་པ་ཡིན་ཟེར་བ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་དུས་ཕྱིས་བྱུང་བའི་གཏེར་སྟོན་ཞིག་ཡིན་པས། དུས་ཀྱང་མི་མཚུངས་པ་མ་ཤེས་པའི་བབ་ཅོལ་སྨྲ་བར་ཟད་དོ།། ཅེས་རི་བོ་དགེ་ལྡན་པའི་མཁས་གྲུབ་ཆེན་མོ་ཐུའུ་བཀྭན་རིན་པོ་ཆེའི་གསུངས་ལ་གཞི་བཅོལ་བའོ།།
རྙིང་མ་བ་ཞེས་པའི་ཚིག་གི་ངོ་གདོང་ནས་བལྟས་ནའང་གསར་རྙིང་ཅེས་པ་གསར་བ་ནི་རྙིང་བ་ལ་བརྟེན་ནས་བྱུང་བ་དང་།རྙིང་བ་ནི་གསར་བའི་གཞིའམ་ཁུངས་ལྟ་བུ་ཡིན་པ་ཤེས་པར་མཛོད་ཅིག  ད་ལྟ་སྐུ་གསུང་ཐུགས་རྟེན་ཡང་རྙིང་ཤོས་རྩ་ཆེན་དུ་བརྩི་བ་མ་ཡིན་ནམ། སློབ་དཔོན་པད་མ་འབྱུང་གནས་ནི་དུས་གསུམ་རྒྱལ་བའི་སྤྱི་འདུས་ཡིན་ལ། བོད་དུ་མདོ་དང་སྔགས་ཀྱི་བསྟན་པ་སྤེལ་བའི་བྱེད་པོ་དང་བོད་ཀྱི་བླ་སྐལ་ཡིན་ནོ།། དེ་དུས་བོད་དུ་ཆོས་སྒྲུབ་ནས་གྲུབ་པ་ཐོབ་པའི་མི་རྗེ་འབངས་ཉེར་ལྔ་བྱུང་བ་དང་བསམ་ཡས་སུ་ཆོས་བསྒྱུར་བའི་གྲྭ་བཙུགས། བོད་ཀྱི་ཆབ་དཔལ་རིག་གསུམ་ཆེས་དར་བའི་དུས་ཡིན་ནོ།།
ད་ནི་དགེ་ལུགས་པའི་ངོས་ནས་ཞུས་ན། བཀའ་གདམས་གསར་མ་དགེ་ལུགས་པའི་སྣང་བས་ཡོད་མཐའ་དང་སྟོང་བས་མེད་མཐའ་སེལ་བའི་རྟེན་འབྲེལ་དབུ་མའི་ལྟ་བ་དང་། དབེན་གསུམ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་སྒྱུ་མ་ཡེ་ཤེས་ཀྱི་སྐུ་དང་། དོན་དམ་པའི་འོད་གསལ་རྩལ་དུ་བཏོན་པའི་རྡོ་རྗེ་ཐེག་པའི་ལམ་བཟང་ཟུང་དུ་འབྲེལ་བའི་རིང་ལུགས་མཆོག་གི་ལམ་སྲོལ་འདོན་མཁན་༧རྗེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ཞེས། སངས་རྒྱས་བྱང་སེམས་མང་བོས་མདོ་སྔགས་གཉིས་དང་ལྟ་སྒོམ་སྤྱོད་གསུམ་གང་ལའང་འཁྲུལ་བ་མི་མངའ་བའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་འགྲན་ཟླ་མེད་པར་མགྲིན་གཅིག་དབྱངས་གཅིག་ཏུ་ལུང་བསྟན། སྔོན་རྒྱལ་བ་དབང་བོའི་ཏོག་གི་སྤྱན་སྔར་མ་དག་པའི་ཞིང་ཁམས་ཀུན་ཏུ་དབུ་མའི་ལྟ་བ་དང་གསང་སྔགས་སྤེལ་བར་དམ་བཅས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱིས་ལེགས་སོ་བརྗོད། རྒྱལ་སྲས་སྙིང་རྗེ་ཆེན་པོར་བསྔགས། རྣམ་འདྲེན་དབང་བོའི་ཏོག་གིས་དེ་མཐུན་གྱི་ལུང་བསྟན་མཛད།
མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་བའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས། ཀུན་དགའ་བོ། ད་ལྟ་ང་ལ་ཤེལ་དཀར་གྱི།། ཕྲེང་བ་ཕུལ་ནས་སེམས་བསྐྱེད་པ།། ང་ཡི་བསྟན་པ་གསོ་བྱེད་ལ།། མ་འོངས་སྙིགས་མའི་དུས་སླེབས་ཚེ།། འབྲི་དང་ལྡན་པའི་ས་མཚམས་སུ།། དགེ་ཞེས་བྱ་བའི་དགོན་པ་འདེབས།། བློ་བཟང་ཞེས་བྱའི་མཚན་ཅན་འབྱུང་།། ཞེས་དབུས་སྟོད་འབྲི་གུང་དང་ལྡན་གཉིས་ཀྱི་བར་དུ་དགེ་ལྡན་དགོན་པ་འདེབས་ཚུལ་དང་ མཚན་ལུང་བསྟན།
འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས།། ས་ཡི་སྟེང་འདི་སྟོང་གྱུར་ན།། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི།། སངས་རྒྱས་མཛད་པ་བྱེད་པར་འགྱུར།། དེ་ཚེ་དགོན་ཆེན་རབ་དགའ་བ།། ཁ་བ་ཅན་ན་ཡོད་པ་ཡིན།། ཞེས་གསུངས་ཏེ། འཇམ་པའི་དབྱངས་ལ་མ་འོངས་པ་ན་ཁྱེད་ཉིད་བྱིས་པ་སོ་སོ་སྐྱེ་བོའི་གཟུགས་ཅན་གྱིས་སངས་རྒྱས་དངོས་ཀྱི་མཛད་པ་བྱེད་པར་འགྱུར་བ། དེའི་ཚེ་དགོན་པ་ཆེན་པོ་རབ་ཏུ་དགའ་བའི་མིང་ལྡན་ཁྱེད་ཀྱིས་བཏབ་ནས་བོད་ཁ་བ་ཅན་ན་ཡོད་པར་འགྱུར་བ་ཡིན་ཞེས་ལུང་བསྟན།
བཀའ་གདམས་གླེགས་བམ་ལས། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ།། སྤྲུལ་བ་གཅིག་ནི་མདོ་ཁམས་སྨད་དུ་འགྲོ།། སྤྲུལ་བ་གཅིག་ནི་རྒྱ་གར་གནས་ཆེན་འགྲིམས།། ཞེས་སློབ་དཔོན་པདྨ་ཀཱ་ར་བོད་དུ་ཕེབས་ཚུལ་དང་། རྗེ་ཙོང་ཁ་བ་མདོ་སྨད་དུ་འཁྲུངས་ཚུལ་ཇོ་བོ་རྗེ་རྒྱ་གར་དུ་འཁྲུངས་ཚུལ་གསུངས་ཏེ། རྣམ་པ་གསུམ་ག་འོད་དཔག་མེད་ཀྱི་སྤྲུལ་རྒྱུད་གཅིག་ཏུ་ལུང་བསྟན།
སློབ་དཔོན་ཆེན་པོས། དགའ་ལྡན་ཞེས་བྱ་དགོན་གནས་དམ་པ་རུ།། མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས།། རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་སྒོ་འབྱེད།། འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་མཆོག། བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང་།། ཞེས་དགའ་ལྡན་དགོན་པ། ཁོང་མདོ་སྔགས་སྤྱི་ལ་མཁས་ཚུལ། རྡོ་རྗེ་འཆང་གི་སྤྲུལ་བ་ཡིན་ཚུལ། དེའི་ཕྱིར་གསང་སྔགས་ཀྱི་བཀའ་སྣ་ཚོགས་པའི་སྒོ་འབྱེད་ཚུལ། འགྲོ་དྲུག་སྡུག་བསྔལ་ལས་སྒྲོལ་བའི་དེད་དཔོན་ཡིན་ཚུལ། སྐྱེ་རྒུ་ཡོངས་ལ་ཐར་ལམ་མ་ནོར་བར་སྟོན་པའི་ས་མཁན་མཆོག་ཏུ་འགྱུར་ཚུལ་མཚན་དང་བཅས་ལུང་བསྟན།
ཡང་། འཇམ་དབྱངས་སྤྲུལ་བ་འདུལ་བྱ་བསྟན་པའི་བདག།མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་འབྱུང་།། མི་རབས་བརྒྱད་དུ་གསང་སྔགས་རྒྱས་པར་སྟོན།། དེ་ཡི་བརྒྱུད་འཛིན་ཚེ་གཅིག་སངས་རྒྱས་ཡིན།། ཞེས་འཇམ་དབྱངས་ཀྱི་སྤྲུལ་བ་ཡིན་ཚུལ། སྐལ་ལྡན་གྱི་གདུལ་བྱ་དང་བསྟན་པའི་བདག་པོར་འགྱུར་ཚུལ། མདོ་སྔགས་གཉིས་ཀའི་བསྟན་པ་ཕྱིན་ཅི་མ་ལོག་པར་འཛིན་ཚུལ། མཚན་ལ་བློ་བཟང་གྲགས་པ་ཟེར་ཚུལ། མི་རབས་བརྒྱད་དུ་སློབ་བརྒྱུད་མཁས་མཆོག་ཉི་ཟླ་ལྟ་བུ་རིམ་པར་བྱོན་པས་གསང་སྔགས་རྒྱུད་སྡེ་བཞིའི་གནད་དོན་གསལ་ཞིང་རྒྱས་པར་སྟོན་ཚུལ། བདག་ཉིད་ཆེན་པོ་འགྲན་ཟླ་མེད་པ་དེའི་ཆོས་བརྒྱུད་འཛིན་པའི་གང་ཟག་རྣམས་ནི། རང་གི་ལྕོགས་ན་ཆོས་ཀྱི་ངོས་ནས་མདོ་སྔགས་གང་ཡིན་ཀྱང་ངོ་བོ་མ་ནོར་གྲངས་མ་ཆད། གོ་རིམ་མ་འཆོལ་བར་ལུང་རིགས་ཚད་ལྡན་གྱིས་དག་ཐེར་ཕུ་ཐག་ཆོད་པར་བགྱིས་པས་མེས་པོ་ཚངས་པ་དང་དགའ་རབ་དབང་ཕྱུག་གིས་ཀྱང་བསྒྱུར་མི་བཏུབ་པ་ཞིག་ཡིན་གཤིས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ངེས་པར་སངས་རྒྱས་པར་འཕོ་བ་ཤ་སྟག་ཡིན་ཚུལ་ལུང་བསྟན།
ཡང་སློབ་དཔོན་པདྨའི་བསྐུལ་བྱང་ལས། ཤར་ཕྱོགས་རྒྱ་ནག་ཡུལ་དུ་ཉེ་བའི་ཆར།། ཤཱཀྱའི་དགེ་སློང་བློ་བཟང་ཞེས་བྱ་འབྱུང་།། རྒྱལ་བའི་སྲས་པོ་གྲགས་པའི་མཐའ་ཅན་དེས།། ཤཱཀྱའི་རྒྱལ་བོ་ལོངས་སྤྱོད་རྫོགས་སྐུར་བསྒྱུར།། ཕ་རྒྱུད་ཟབ་གནད་ཕྲ་མོའི་རྣལ་འབྱོར་དང་།། མཐའ་བཞིའི་སྤྲོས་བྲལ་སྟོང་བའི་ལྟ་བ་ཡིས།།   སྐལ་ལྡན་གདུལ་བྱ་མང་བོ་སྨིན་གྲོལ་མཛད།། ཅེས་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ཚུལ། རྟེན་དགེ་སློང་ཡིན་ཚུལ། མཚན་བློ་བཟང་གི་ཐོག་མ་དང་གྲགས་པའི་མཐའ་ཅན་ཡིན་ཚུལ། ཇོ་བོ་ཤཱཀྱ་མུ་ནེར་དབུ་རྒྱན་ཕུལ་ཏེ་ལོངས་སྐུའི་རྣམ་པར་སྒྱུར་ཚུལ། ཕ་རྒྱུད་གསང་བ་འདུས་པའི་ཟབ་གནད་ཐུན་མོང་སྣང་ཚོད་ལ་སྔོན་ཆད་ བོད་ཀྱི་མཁས་པ་ཕལ་གྱིས་རྟོགས་མ་ནུས་པ་ལྟ་བུའི་སྒྱུ་ལུས་འོད་གསལ་སོགས་ཕྲ་མོའི་རྣལ་འབྱོར་དང་། དགག་བྱ་མཐའ་བཞིའི་སྤྲོས་བྲལ་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པའི་ལྟ་བ་གཉིས་ཟུང་འབྲེལ་གྱི་བཤད་སྒྲུབ་ལ་བརྟེན་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་མང་བོ་ཐར་བ་དང་ཐམས་ཅད་མཁྱེན་པར་སྨིན་གྲོལ་མཛད་ཚུལ་ལུང་བསྟན།
མ་ཅིག་ལབ་སྒྲོན་གྱིས། དགེ་བློ་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ།། གང་གི་ཞིང་དུ་སེངྒེ་ང་རོར་གྲགས།། མཐའ་ཡས་རྒྱུད་སྡེའི་ཚོགས་ལ་དབང་བསྒྱུར་ཞིང་།། རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུངས་ནས།། གདུལ་བྱར་གྱུར་བའི་སྐལ་ལྡན་ཚིམ་པར་མཛད།། ཅེས་རྟེན་དགེ་སློང་། མཚན་བློ་བཟང་གྲགས་པ། སྤྲུལ་ཞིང་གི་རྒྱལ་བའི་མཚན། གསང་སྔགས་རྒྱུད་སྡེ་བཞིའི་དགོངས་དོན་ལ་མངའ་བརྙེས་ཤིང་མན་ངག་མ་ནོར་བའི་ཡང་བཅུད་སྔ་རབས་མཁས་པ་ཕལ་མོ་ཆེས་མ་ཐོན་པ་མངོན་པར་ཕྱུང་ནས་རང་གི་གདུལ་བྱར་གྱུར་བའི་སྐལ་ལྡན་མཐའ་དག་ཚིམ་པར་མཛད་ཚུལ་ལུང་བསྟན།
ཡང་སློབ་དཔོན་གྱི་ཞལ་ནས། སེམས་བསྐྱེད་ཐུབ་པའི་དྲུང་དུ་བསྐྱེད།། སྐྱེ་བ་ཀུན་དུ་འགྲོ་དོན་མཛད།། སྨོན་ལམ་གཅིག་གི་བྱེ་བྲག་གིས།། སེམས་དཔའ་དེ་ལ་སྨད་པར་བྱེད།། ཀྱེ་མ་སེམས་ཅན་སྙིང་རེ་རྗེ།། འབྲེལ་ཚད་དོན་ལྡན་སྙིང་སྟོབས་ཅན།། སྡེ་སྣོད་འཛིན་པའི་འཁོར་གྱིས་བསྐོར།། སངས་རྒྱས་བསྟན་པ་བསྲུང་བསྐྱེད་བྱེད།།སྙིགས་མའི་དུས་སུ་ཨ་ལ་ལ།། གྲིབ་དང་གཟའ་གདོན་དག་ལ་འཛེམས།། ཚེ་ཡི་བར་ཆད་ཡོང་ཉེ་བས།། གཙུག་ཏོར་རྣམ་རྒྱལ་ལ་སོགས་པའི།། བར་ཆད་བཟློག་པའི་ཆོ་གར་འབད།། རེ་ཞིག་བྱམས་པའི་དྲུང་དུ་འགྲོ།། སེམས་དཔའ་གསེར་གྱི་མེ་ཏོག་གྲགས།། ཞེས་མ་འོངས་མངོན་སུམ་མཁྱེན་པའི་ལུང་བསྟན་གསུངས།
གཞན་ཡང་། ཁྱེད་ཀྱི་གཟུགས་བརྙན་བགྱིས་པའི་འདྲ་འབག་ལ།། མ་འོངས་དུས་ན་འགྲོ་ཕན་ཆེར་འབྱུང་ཚེ།། བདག་གིས་ལོག་པའི་རྒྱན་ཆ་འདོགས་པར་ཤོག། ཞེས་དང་། སྤྲུལ་བའི་སྐུ་ལ་ལོངས་སྐུའི་པྲོག་ཞུ་བསྐྱོན།། ཉི་ཟླ་དཔག་ཚད་ཙམ་གྱིས་དམའ་རུ་སོང་།། ཞེས་སློབ་དཔོན་ཆེན་པོའི་གསང་ལུང་ཡིན་ཁུལ་གྱིས་རྗེ་བླ་མས་ལྷ་སའི་ཇོ་བོ་རིན་པོ་ཆེར་དབུ་རྒྱན་བསྒྲོན་པ་ལ་བསྙད་བཏགས་པའི་སླད་ཚིག་དུ་མ། ད་ལྟའི་བཀའ་ཐང་ཤེལ་བྲག་མ་སོགས་སུ་བཅུག་པ་དང་། ཡར་འབྲོག་མཚོ་ནང་ནས་བཏོན་ཁུལ་བྱས་པའི་ལུང་བསྟན་ཟོག་ཆོས་དུ་མ་འབྱུང་རྒྱུ་ཡོད་པ་དེ། སློབ་དཔོན་གྱིས་མཁྱེན་པའི་གཟིགས་པ་མ་ཟད་གཏེར་ལོག་བྱུང་བར་བརྟེན་དབང་བརྟུལ་ཕྱོགས་རིས་ཅན་དུ་མ་གཅིག་རྗེས་གཅིག་འབྲངས་ཀྱིས། དམ་པའི་ཡུལ་ལ་བརྟེན་པའི་ལས་ངན་ཚབས་ཆེན་བསགས་པ་རྣམས་སྙིང་རྗེའི་ཡུལ་དུ་དགོངས་ནས། ཀྱེ་མ་སེམས་ཅན་སྙིང་རེ་རྗེ།། སྙིགས་མའི་དུས་སུ་ཨ་ལ་ལ།། གསུངས་པའོ།། གཏེར་ལོག་གི་ལུང་བསྟན་ངན་པ་རྩོམ་མཁན་ཤཱཀ་མཆོག་པ་དང་། བཏོན་མཁན་པདྨ་གླིང་བ་དང་། སྣང་རྩེ་བ་ཡིན་སོགས་ཟེར་བ་འདུག་ཀྱང་དེ་དག་གང་ཡང་མིན་པར་ངེས་ཏེ། ཁོང་རྣམ་པ་མདོ་སྔགས་རིག་གནས་གང་ལའང་སྦྱངས་པ་ཤ་སྟག་ཡིན་ཞིང་། རང་རང་གི་འདོད་ལུགས་དང་ཅུང་ཟད་མི་མཐུན་པ་གཞིར་བྱས་ཏེ་ཟུར་ཟ་བ་དང་དགག་པ་བྱེད་པ་དག་མི་སྟེར་བ་འདྲ་ཡོད་སྲིད་ཀྱང་། ངོ་ལོག་འདི་འདྲ་ཟག་པའི་འཆལ་གཏམ་གྱི་རྩོམ་པ་ག་ལ་མཛད། ཚིག་གི་བབ་ལ་བརྟག་ན་རི་བོ་དགེ་ལྡན་པ་ལ་སྡང་ཤུགས་ཆེ་བའི་གྲོང་སྔགས་རྒན་པོ་ཕལ་སྐད་ཙམ་ལས་ཆོས་ལུགས་མི་ཤེས་པ་ཞིག་གིས་མཛད་པར་སྣང་ངོ་།།
དེ་དག་གི་དགག་པ་ཞིབ་པར་མཁས་དབང་བྲག་སྒོ་རམས་འབྱམས་པ་ཕུན་ཚོགས་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ་དང་འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བའི་ཕྲེང་བ་སོགས་སུ་བཞུགས། མདོར་ན་དཔལ་གསང་བའི་བདག་པོས། ལྟ་སྒོམ་སྤྱོད་གསུམ་གང་ལའང་འཁྲུལ་བའི་ཆ་ཐམས་ཅད་དང་བྲལ་བ་བློ་བཟང་གྲགས་པ་ལྟ་བུ་དགོས་ཏེ་དཀའ་ཞེས་གསུངས། མཁས་པའི་དབང་བོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། དང་བོ་ལམ་རིམ་ཆེན་མོ་སོགས་ལ་དགག་པ་མང་བོ་མཛད་ཀྱང་ཕྱིས་ལེགས་བཤད་གསེར་ཕྲེང་དང་རིམ་ལྔ་གསལ་སྒྲོན་སོགས་ཀྱིས་ཐུགས་འཕྲོག་སྟེ་སྙིང་ཐག་པ་ནས་གུས་བཤགས་ཕུལ་བ་ལས། ཁྱོད་བློའི་ཉི་མས་གཞོན་ནུའི་དུས་ཀྱི་ཚེ།། མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།། བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།། ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།། མདོ་སྔགས་མཐའ་དག་ཁྱད་པར་རྒྱུད་སྡེ་དང་།། རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དང་།། རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།། སྔར་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།། ཁ་ཅིག་འདུལ་བ་གཙོར་བྱས་གསང་སྔགས་སྤོང་།། གཞན་དག་སྔགས་ལ་མོས་བློས་འདུལ་བ་འགོག། རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ།། ལེགས་པར་ཉམས་སུ་ལེན་མཁན་ཁྱོད་ལ་འདུད།། མཚན་ཉིད་གཙོར་བཟུང་གསང་སྔགས་ཟབ་ཆོས་དང་།། སྔགས་ཀྱིས་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ།། མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ།། བགྲོད་ཐབས་མེད་པར་གཟིགས་པ་ཁྱོད་ལ་འདུད།། ཅེས་གསུངས་པ་གཟུར་གནས་དབང་རྣོན་མཁས་པ་རྣམས་ཀྱི་ཁྱད་ཆོས་བླ་ན་མེད་པའོ༎
ཇི་སྐད་དུ། ཀུན་མཁྱེན་སྨྲ་བའི་སེང་གེ་ང་ཡི་བཀའ།། ལེགས་པར་བརྟགས་ལ་བླང་བར་བྱ་ཞེས་གསུངས།། མི་ཡི་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་ཡང་།། བསྟན་བཅོས་འཁྲུལ་དང་མ་འཁྲུལ་དཔྱོད་པ་ལ།། སྡང་ཞེས་སྨྲ་ན་རང་སྐྱོན་ཡིན་པར་བཞེད།། ཞེས་པ་ལྟར་ལུང་དང་རིགས་པས་ལེགས་པར་དཔྱོད་པ་ལས། ད་ལྟ་མཁས་པར་རློམ་པ་ལ་ལས་རང་ལ་ཡོན་ཏན་གྱི་དྲི་ཡང་མི་བྲོ་བ། གཞན་ལ་ཟུར་ཟ་དང་སྨོད་ཚིག་གི་རི་བོ་བརྩེགས་པ་མཁས་པ་ག་གེ་མོའི་བརྩམས་ཆོས་ལ་བལྟས་ན་མིག་ཞར་བ། ཁྲིད་ཉན་བྱས་ན་རྣ་འོན་འགྲོ་བྱས་པའི་སྐུར་འདེབས་བྱེད་པའི་བླུན་པོ་ནོར་འདྲ་བའང་མཐོང་རྒྱུ་ཡོད་ལ་དེ་མིན་དགེ་ལུགས་པ་ལ་གསང་སྔགས་མེད། མྱུར་ལམ་མེད། ཐེག་དམན་པ་ཡིན་ཞེས་མི་སྨྲ་བར་འཚལ། རིགས་གསུམ་མགོན་པོ་དང་། བོད་ཀྱི་སྤྱི་རྗེ་སྲོང་བཙན་སྒམ་པོ་དང་། ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་། མ་གཅིག་ལབ་སྒྲོན་སོགས་ལ་སྙིང་ནས་དད་ཅིང་རང་གིས་རང་ལ་གཅེས་པ་ཞིག་ཡིན་ཚེ་རྗེ་རིན་པོ་ཆེ་ལ་སྨོད་ཚུལ་གང་ན་ཡོད། ལུང་སྟོན་པ་བོ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་རྒྱལ་བསྟན་སྤྱི་དང་། ཁྱད་པར་གསང་སྔགས་ཀྱི་དཀའ་གནད་མཐའ་དག་འཁྲུལ་མེད་དུ་སྤེལ་བར་ལུང་བསྟན་པ་རེད། དགེ་ལུགས་པ་སྔགས་ཀྱི་གཞུང་བཤད་དང་མན་ངག་ལ་ཇི་འདྲ་ཡིན་མིན་ཞྭ་སེར་མཁས་པའི་ལེགས་བཤད་གསེར་གྱི་རི་བོ་བརྩེགས་པ་ལྟར་ཡོད་པ་ལ་ལྟ་ཐུབ་ན་རབ། མ་མཐའ་ཡང་རྗེ་ཉིད་ཀྱི་དབང་དོན་དེ་ཉིད་རབ་གསལ། འགྲེལ་བ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན།  སྔགས་རིམ་ཆེན་མོ་ཙམ་ཞིབ་ཏུ་ཀློགས་ཤིག་དང་དེ་འདྲའི་སྒྲོ་སྐུར་མི་རུང་བ་ཤེས་ཡོང་།
འབྲུག་པ་པདྨ་དཀར་བོས། དགེ་ལེགས་ཆུ་གཏེར་ཆེན་པོའི་ས་གཞི་ལ།། བློ་བཟང་ཉིན་མོར་བྱེད་པ་ཁྱོད་བྱོན་ཚུན།། ས་འདི་རྨོངས་པའི་མུན་ལས་རྣམ་རྒྱལ་ཞེས།། གྲགས་པའི་གཞིར་གྱུར་དེ་ལ་གུས་ཕྱག་འཚལ།། ཞེས་དང་། གཞན་ཡང་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས། ཀརྨ་མི་བསྐྱོད་རྡོ་རྗེ་སོགས་ས་རྙིང་། བཀའ་བརྒྱུད་ཀྱི་མཁས་གྲུབ་མང་བོས་བསྔགས་བརྗོད་བགྲང་གིས་མི་ལང་། དེ་བས་གངས་རིའི་ཁྲོད་ཀྱི་སེང་གེ་ལྟ་བུ་རྗེ་ཙོང་ཁ་བའི་རིང་ལུགས་དྲི་མ་མེད་པ་ལ་དད་པ་མི་སྐྱེ་ཡང་སྐུར་བ་གཏན་ནས་མ་འདེབས་ཤིག  རང་གཞན་གཉིས་ཀ་ཕུང་ལ་སྦྱོར་བ་ལས་དགོས་དོན་ཅི་ཡོད།
གྲོགས་པོ་དག ཡོན་ཏན་ཆེ་ལ་སྙིང་ཁམས་ཆུང་བའི་རྣམ་ཐར་དང་དུ་བླངས་ན་མཛེས། སྣང་སྲིད་སྲིད་གནོན་པདྨ་ཀ་ར་དང་།། སྨྲ་བའི་ཁྱུ་མཆོག་བློ་བཟང་རྒྱལ་བ་གཉིས།། ཐུགས་རྒྱུད་གཅིག་པས་སྒྲོ་སྐུར་ལྷུར་ལེན་པ།། མི་ཡི་ལུས་ལ་ལུག་གི་བློ་རུ་འཁུམས།། ང་དང་ཁྱོད་ཅེས་རིས་སུ་གཅོད་པའི་ཚིག། གོང་ནས་གོང་དུ་སྤེལ་ཏེ་ཆགས་སྡང་གི། མེ་ལྕེ་བསྣོལ་མར་འཕྱུར་བས་ཕན་བདེའི་སྲོག།། སྲེག་པར་རྩོམ་པ་ནམ་ཡང་མི་བགྱིད་འཚལ།།
སྤྱིར་བཏང་ས་རྙིང་བཀའ་དགེ་སོགས་ཆོས་ལུགས་ནང་ཕན་ཚུན་དུ་གཅིག་གིས་གཅིག་ཕྱི་རོལ་བ་དང་འདྲ་ཞེས་སྨོད་པ་འཕེན་ག་ལ་རུང་། ཐམས་ཅད་ཀྱང་ཆོས་མགོ་གཅིག་ལས་བརྒྱུད་པ། ཆུ་མགོ་གཅིག་ལས་ཆུ་ཕྲན་མང་བོ་གྱེས་པ་ལྟ་བུའོ།། ལྕང་སྐྱ་རོལ་བའི་རྡོ་རྗེས་བོད་དུ་ཕྱི་རོལ་མི་རྟག་པའི་ཆོས་ཀྱི་མཚན་གཞི་འཇོག་ཏུ་མེད་པར་གསུངས། རེ་ཞིག་གོང་མས་ལྕང་སྐྱ་ཚང་ལ་བོན་ལུགས་དྲིལ་བས། གཤེན་བོན། བརྡོལ་བོན། བསྒྱུར་བོན། སོ་སོའི་ལོ་རྒྱུས་རྣམས་དང་བོན་གྱི་སྟོན་པ་གཤེན་རབ་རྒྱའི་ལོའུ་ཀྱུན་བྱ་བ་ཡིན་པས། བོན་དང་རྒྱའི་དོའུ་སི་ཁུངས་གཅིག་ཚུལ་ཞུས། བཀའ་བརྒྱུད་པ། རྙིང་མ་བ་བཞི་དང་། དེ་ཐམས་ཅད་སངས་རྒྱས་ཀྱིབསྟན་པ་ཡིན་པར་མཚུངས་ནའང་ལྟ་སྒོམ་སྤྱོད་པ་རང་རང་གི་འདོད་ཚུལ་མི་འདྲ་བ་ཅུང་ཟད་རེ་ཡོད་ཚུལ་དང་། གྲུབ་མཐའ་གཞན་དག་ཀྱང་རང་རང་གི་ཐོག་མའི་སྲོལ་འབྱེད་མཁན་རྣམས་ཀྱིས་རྒྱ་གར་པཎ་གྲུབ་ལ་གཏུགས་ནས་གཞུང་བཤད་མན་ངག་དྲི་མ་མེད་པ་ཤ་སྟག་དར་བར་མཛད་པ་ཡིན་ནའང་། ཕྱིས་སུ་རྗེས་འབྲང་འགའ་ཞིག་གསུང་སྒྲོས་སོགས་མ་ཟིན་པར་ལྟ་བའི་བཞེད་ཚུལ་སོགས་ལ་ནོར་འཁྲུལ་གྱི་བསླད་ཅུང་ཟད་ཞུགས་པ་འགའ་ཞིག་ཡོད་པས། གཞན་ཕྱོགས་པ་རྣམས་ཀྱང་སྔར་རྒྱུན་རང་བབས་སུ་གནས་ཐུབ་པ་འདི་བྱུང་ཞེས་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ལྕང་སྐྱའི་རྣམ་ཐར་དུ་གསལ།
བོད་གངས་ཅན་དུ་དར་ཞིང་གནས་པའི་བོན་ཆོས་ཀྱང་ཀློང་ཆེན་ནམ་མཁའ་ནོར་བུའི་རྫོགས་པ་ཆེན་པོའི་སྐོར་གྱི་དྲིས་ལན་ལས་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་བོན་དང་ནང་བ་ནི་ཆོས་མཐུན་པར་འདུག་པས་རང་མལ་དུ་བཞག་མཛོད་ཅེས་རྒྱལ་བོ་ལ་གདམས་པ་དེའང་བོན་གྱི་ནང་དུ་རྫོགས་པ་ཆེན་པོའི་བསྟན་པ་བཞུགས་པའི་རྒྱུ་མཚན་གྱིས་ཡིན་པ་གསལ་བོར་མཁྱེན་ཐུབ་པ་དེ་ག་རེད། བོན་གྱི་ནང་དུརྫོགས་ཆེན་གྱི་བསྟན་པ་བཞུགས་པ་ཙམ་དུ་མ་ཟད། བསྟན་པ་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་དང་ཐོས་བསམ་སྒོམ་གསུམ་སོགས་གནང་བའི་བོན་གྱི་རིག་འཛིན་སྔོན་རྗེས་སུ་བྱོན་པའང་ཤིན་ཏུ་མང་ཞིང་། དེ་དག་གི་སློབ་བརྒྱུད་དང་གསུང་སྐོར་ཡང་ད་ལྟའི་བར་དུ་བརྒྱུད་པ་མ་ཆད་པར་བཞུགས་ཡོད་པས་མཁྱེན་ཐུབ་ཀྱི་ཡོད་པར་གསུངས།
གཞན་དགེ་ལུགས་པའི་ལམ་སྲོལ་འདོན་འཛིན་རྗེ་བློ་བཟང་གྲགས་པ་ཡབ་སྲས་དང་རྙིང་མའི་ལམ་སྲོལ་འདོན་འཛིན་སྐྱེས་མཆོག་པད་འབྱུང་བཻ་རོ་བི་མ་སོགས་དང་ས་སྐྱའི་ལམ་སྲོལ་འདོན་འཛིན་རྗེ་བཙུན་དགོན་རྒྱལ་ཀུན་སྙིང་བསོད་རྩེ་སོགས་དང་། བཀའ་བརྒྱུད་པའི་ལམ་སྲོལ་འདོན་འཛིན་གྲུབ་དབང་མར་མི་དྭགས་ཤངས་སོགས་དང་། ཇོ་ནང་བའི་ལམ་སྲོལ་འདོན་འཛིན་མཆོག་གཟིགས་ཡུ་མོ་ཐུགས་བརྩོན་ཤེར་རྒྱལ་སོགས་ནི། སྟོན་པ་ཤཱཀྱ་ཐུབ་པའི་རིང་ལུགས་སྒོ་སྣ་ཚོགས་ནས་སྤེལ་བའི་བསྟན་འཛིན་མཐོང་ཐོས་དྲན་རེག་དོན་ལྡན་ཤ་སྟག་ཡིན་པར་མ་ཟད། རྗེ་བདག་ཉིད་ཆེན་པོ་རང་གིས་ཀྱང་། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུ་ཡང་།། ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི།། ཡོན་ཏན་ཚོགས་ཀྱིས་མི་དམན་ཞེས་དང་། རྒྱལ་སྲས་རིག་གནས་ཀུན་ལ་མཁས་པ་ཞེས་སོགས་ཐུགས་གཟུ་བོར་གནས་པའི་དད་གུས་ཀྱིས་བཅོས་མ་མ་ཡིན་པར་ཡང་ཡང་བསྔགས་པ་ལྟར་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ། སངས་རྒྱས་བྱང་སེམས་མང་བོའི་ཞལ་གཟིགས་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་དང་སྤྲུལ་སྒྱུར་སྣ་ཚོགས་ལ་མངའ་བརྙེས་པ། མདོ་སྔགས་རིག་གནས་ལ་གསན་བསམ་བློ་ཡུལ་དུ་མི་ཤོང་བ་མཛད་པའི་རྣམ་ཐར་ལྷའི་གླང་བོ་ཆེ་རབ་བརྟན་གྱི་རྒྱབ་ཁལ་ལོངས་པ་ཤེས་རབ་ཀྱི་མིག་གིས་བལྟས་ན་ཅིའི་ཕྱིར་མི་མཐོང་། ཆོས་ལུགས་དེ་དག་ལ་བརྟེན་པའི་མཁས་གྲུབ་གནམ་གྱི་སྐར་མ་དང་སའི་རྩི་ཤིང་ལ་འགྲན་བཟོད་པའི་ཚུལ་གྱིས་བྱོན་པ་མ་ཡིན་ནམ། དེར་མ་ཟད། སྐྱབས་འགྲོ་སེམས་བསྐྱེད། སྡོམ་གསུམ། བསྡུ་བཞི། ཕྱིན་དྲུག་སོགས་ཐེག་པ་ཆེ་ཆུང་གི་ལམ་སྤྱིའི་ཆིངས་དང་། ཐབས་ཀྱི་ཆ་ལ་ཞྭ་སེར་དང་མི་མཐུན་པའང་ཅི་མཆིས། ནང་གསེས་ཀྱི་ཐ་སྙད་ལག་ལེན་འདྲ་མིན་ཕྲན་བུ་ལོས་སྲིད་ཀྱང་དེ་ཙམ་གྱིས་གཅིག་གིས་གཅིག་ཕྱི་རོལ་པ་ལྟ་བུར་ལྟ་ག་ལ་དགོས། སྤུན་བརྒྱད་ལམ་བརྒྱད་ནས་ཁྱིམ་གཅིག་ཏུ་འཇུག་པ་དང་མཚུངས་པར་བྱེད་མི་ཆོག་གམ། དེ་ལ་ཇི་སྐད་དུ། ཀུན་ལ་སངས་རྒྱས་གཅིག་དང་ཆོས་གཅིག་གིས་རུང་ན་ཕྱག་སྟོང་སྤྱན་སྟོང་དགོས་པ་ཅི། སྨན་ཡང་ནས་གྱི་རྡོག་པོ་གཅིག་ཉིད་ལས། གཞན་རྣམས་འཚོ་མཛད་ཁ་ལག་ངལ་བའི་རྒྱུ། འོན་ཏང་ལམ་ནོར་མ་ནོར།   བདེ་མི་བདེ་འགལ་མཐུན་ཞིབ་ཏུ་རྟོགས་མ་རྟོགས་སོགས་ལ་སྨྲ་བ་པོ་ཚིག་ལ་མཁས་བླུན་གྱི་དབང་གིས་ལེགས་ཉེས་སྣ་ཚོགས་འབྱུང་བ་ལ་ལུང་རིགས་དྲི་མ་མེད་པས་དོགས་སེལ་གྱི་དགག་སྒྲུབ་བྱེད་ཆོག་པར་རྒྱན་སྟུག་པོ་བཀོད་པའི་མདོ་ལས་གསུངས་ཏེ། དཔེར་ན། བྱམས་པ་འཇམ་དབྱངས་གཉིས་དང་། མཆོག་ཟུང་གཉིས་ནང་ཕན་ཚུན་བརྒལ་ལན་མཛད་པ་ལྟ་བུ། དེ་མིན་རང་དགར་འཇིག་རྟེན་པའི་ཁ་འཛིང་ལྟ་བུས་སྒྲོ་འདོགས་གཅོད་པའི་ནུས་པ་ཅི་ཞིག་ཡོད།
མདོར་ན། དབང་བོ་རྣོ་རྟུལ་གང་ཡིན་ཡང་སོ་སོའི་སྔོན་གྱི་བག་ཆགས་དང་ད་ལྟའི་བསམ་པའི་དབང་གིས་ཆོས་ལུགས་གང་ལ་མོས་པ་དེ་གཙོ་བོར་བཟུང་བའི་ཐོག་གཞན་རྣམས་ལའང་དག་སྣང་དང་། གུས་བཀུར་གོང་ནས་གོང་འཕེལ་མཛད་ན་ངེས་པར་བསོད་ནམས་ཀྱི་སྐལ་བ་ཆེས་མངོན་དུ་བཟང་ངོ་ལགས། མཉམ་མེད་ཇོ་བོ་ཆེན་པོས། གང་ལའང་སྒྲོ་སྐུར་མི་བྱ་བར།། གང་མོས་དེ་ལ་འདུན་པར་བྱ།།
སྨྲས་པ།
ཕྱག་ན་པདྨོའི་གེ་སེར་རྒོད་པའི་ལྷའི།།
ཐུགས་བསྐྱེད་ཕྱོགས་ཀྱི་བུ་མོའི་འགྲམ་པ་ལ།།
འདུས་པའི་རྒྱུ་སྐར་བཀྲ་བ་ཕན་ཚུན་དུ།།
མཛའ་མཐུན་འོད་རླབས་རིང་དུ་ཅིས་མི་སྤྲོ།།
བསྟན་པའི་རྩ་ལག་ཕན་ཚུན་གཅིག་ལ་གཅིག །
བསྟན་ལོག་ཟེར་བའི་དུག་མདའ་མི་འཕེན་པར།།
བསྟན་བཅོས་ཡི་རང་འཛུམ་པའི་འོད་ཟེར་གྱིས།།
བསྟན་པའི་རིང་ལུགས་པདྨའི་ཚལ་བཞིན་རྒྱས།།
སྟོན་པ་འཇིག་རྟེན་མགོན་དུ་བྱོན་དང་གཅིག །
སྟོན་པའི་རིང་ལུགས་ཉི་བཞིན་གསལ་དང་གཉིས།།
བསྟན་འཛིན་བུ་སློབ་ཕུ་ནུ་མཐུན་དང་གསུམ།།
བསྟན་སྲུང་ཆབ་སྲིད་གཙང་མ་བཞད་པར་ཤོག །
ཁོ་བོ་སྐྱེས་སྦྱངས་རིག་པའི་སྟོབས་རྩལ་དམན།།
གྲུབ་མཐའི་ལྟ་བའི་མཐའ་ཙམ་མ་ནོན་མོད།།
རིང་ནས་རིས་སུ་མ་ཆད་སྨོན་པའི་མཐུས།།
ཀུན་ལ་དག་སྣང་སྦྱོངས་ཤིག་སྐྱེས་སུ་འབུལ།།
ད་ལྟའི་གསང་སྔགས་བླ་མེད་ཀྱི།།
རྣལ་འབྱོར་ཆོས་དབྱིངས་རྡོ་རྗེ་ནས།།
སྔ་འགྱུར་འོད་གསལ་རྫོགས་ཆེན་དང་།།
བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ་དང་།།
དགེ་ལྡན་ལམ་རིམ་ཕྱག་ཆེན་དང་།།
ས་སྐྱའི་ལམ་འབྲས་ཕྱག་ཆེན་རྣམས།།
བརྒྱུད་པ་གཅིག་ལས་གྲུབ་ཚུལ་གྱི།།
ནང་བསྟན་འབའ་ཞིག་རྣམ་དག་གོ།།
ཅེས་པ་འདི་ཡང་བོད་ཀྱི་ཚོང་བ་རྣམ་པས་སྤོས་ལྡན་གྲོང་ཁྱེར་དུ་ཆུ་བྱ་ལོའི་གནམ་ལོ་གསར་བའི་བཀྲ་ཤིས་བདེ་ལེགས་ཞུ་བའི་དུས་ཚེས་ཁྱད་པར་བའི་སྟེང་དུ་གདན་ཞུའི་སྐབས་སུ་གནང་བའི་གསུང་བཤད་དོ།།

0 comments:

ཟིན་བྲིས་འཚོལ་ཡུལ