དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 28 March 2014
༄༅།།སྲོལ་རྒྱུན་སྙན་ངག་རྩོམ་སྟངས་ཀྱི་ཆ་ནས་ཕྱོགས་དུ་རུ་གྱེས་པ་རགས་ཙམ་དཔྱད་པ།།
རྒྱལ་སྲས་ཚང་གིས།
༄༅།།དེ་ཡང་སྤྱི་ལོ༨༤༦ནི་བོད་ཁམས་ཡོངས་ལ་དབང་སྒྱུར་བའི་བཙན་པོའི་རྒྱལ་རབས་ཀྱི་མཇུག་མ་སྟེ། རྒྱལ་བོ་འུ་དུམ་བཙན་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་བཀྲོངས་ནས་བོད་སིལ་བུར་འཐོར་མགོ་བརྩམ་པ་དང་། དེ་ནས་ལོ་ངོ་བཞི་བརྒྱ་ལྷག་གི་རིང་ལ་རྗེ་དཔོན་ཚན་པ་བཅུ་གཅིག་གིས་ས་ཁུལ་བཅད་བཟུང་བྱས་པའི་སྣང་ཚུལ་བྱུང་བ། ལྷག་པར་དུ་སྤྱི་ཚོགས་བདེ་འཇགས་མིན་པ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མིན་པས། རྩོམ་རིག་གི་ཆ་ནས་ཀྱང་མང་བོ་དར་མ་ཐུབ། སྤྱི་ལོ༡༢༦༤ལོར་ཧུའུ་པེ་ལེ་སེ་ཆེན་གྱིས་འགྲོ་མགོན་འཕགས་པར་དབང་ཡོན་དུ་བོད་ཆོལ་གསུམ་ཕུལ་བས་ས་སྐྱའི་སྲིད་དབང་དངོས་སུ་ཚུགས་པ་རེད། དུས་འདི་ནས་བཟུང་བོད་ཡུལ་སིལ་བུར་འཐོར་བ་ལས་རྣམ་པ་འགྱུར་ནས་གཅིག་གྱུར་གྱི་རང་བཞིན་མངོན་པ་དང་། ས་སྐྱ་བས་རིག་གནས་ལ་གཙིགས་ཆེན་གནང་སྟེ། སྲིད་ཀྱི་དབང་ཆར་བརྟེན་ནས་བོད་ཡུལ་དུ་རིག་གནས་བཅུའི་ཁྲིད་རྒྱུན་ཐོག་མར་སྤེལ་བས་དུས་རབས་འདི་ནི་བོད་ཀྱི་རྩོམ་རིག་གི་གསེར་ལྟ་བུའི་དུས་རབས་ཡིན་ཞེས་བརྗོད་ཀྱང་ཆོག དཔེར་ན་དུས་རབས་འདི་ལ་རྩོམ་རིག་གི་རྣམ་པ་ཆེས་ཕུན་སུམ་ཚོགས་པ་བྱུང་ཡོད་པ་རྣམ་ཐར་དང་། རྟོགས་བརྗོད། ལོ་རྒྱུས་བསྟན་བཅོས། ཟློས་གར། སྙན་ངག ལེགས་བཤད། དམངས་ཁྲོད་ཀྱི་གཏམ་རྒྱུད་སོགས་སྤང་ལ་མེ་ཏོག་བཞད་པ་ལྟར་ཁྲ་ལམ་མེར་གྱུར་འདུག་མོད། འོན་ཀྱང་། དུས་རབས་འདིའི་ནང་དུ་སྙན་ངག་མེ་ལོང་མ་བོད་དུ་དར་ཞིང་། རྩོམ་སྟངས་ཀྱི་ཆ་ནས་ཡོངས་གྲགས་སུ་གཞུང་ལས་བསྟན་པ་ལྟར་རྒྱ་གར་ལྷོའི་འདོད་ཚུལ་ལྟར་ཕྱོགས་གཉིས་སུ་གྱེས་པར་འདོད་ལ། བདག་གིས་བོད་ལ་སྲོལ་རྒྱུན་སྙན་ངག་རྩོམ་སྟངས་ཀྱི་ཆ་ནས་ཕྱོགས་གསུམ་དུ་གྱེས་པར་འདོད་པ་དང་། དེ་དག་རེ་དེའི་ཁྱད་ཆོས་ཙམ་བརྗོད་པ་ནི་སྐབས་སུ་བབས་པའི་དཔྱད་བྱའོ།།
༼སྙན་ངག་མེ་ལོང༽གི་གཞུང་ཐོག་མར་བོད་དུ་ངོ་སྤྲོད་མཁན་ནི་ས་སྐྱ་ཀུན་དགའ་རྒྱལ་མཚན་ཡིན་ལ། ཁོང་གིས༼མཁས་པ་འཇུག་པའི་སྒོ༽ཞེས་པར་བོད་ཀྱི་སྲོལ་ལུགས་དང་མཐུན་ཤས་ཆེ་བའི་དཔེ་བརྗོད་ཐོ་རེ་བ་ཞིག་བསྒྱུར་བ་ལས་ཡོངས་སུ་རྫོགས་པ་ཕྱི་ནང་གི་རྐྱེན་མང་བོས་བསྒྱུར་དུ་མ་བཏུབ། དེ་ན་མེ་ལོང་མའི་གཞུང་ཆ་ཚང་བསྒྱུར་མཁན་ནི་འགྲོ་མགོན་འཕགས་པའི་བཀའ་ལྟར་དཔོན་ཆེན་ཤཱཀྱ་བཟང་བོས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་རྒྱ་གར་གྱི་པཎྚི་ཏ་ཆེན་པོ་ལཀྵི་མ་ཀ་རའི་རོགས་བྱས་ཏེ་བསྒྱུར་དུ་བཅུག བསྒྱུར་བའི་དུས་ལ་ཡང་མཁས་པ་སོ་སོའི་བཞེད་ཚུལ་མི་མཐུན་པ་མཆིས་མོད། དམན་ཆུང་ཁོ་བོས་སྤྱི་ལོ1265-1268འདིའི་བར་ཡིན་པར་སེམས། རྒྱུ་མཚན་ནི། འགྲོ་མགོན་འཕགས་པ་རྒྱལ་ནང་དུ་ཕེབས་ཏེ་ཕྱིར་ལོག༼སྤྱི་ལོ1265༽ནས་དཔོན་གནས་ཤཱཀྱ་བཟང་བོར་སྤེལ། ལྕགས་རྟ་ལོར་འགྲོ་མགོན་འཕགས་པས་བོད་དུ་ཡི་གེ་བསྐུར་ནས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་ལོ་ཙཱ་བར་ཆད་བྱུང་མེད་དམ། རྒྱ་གར་གྱི་པཎྚི་ཏ་ཁམས་བདེའམ་ཞེས་དང་། མཇུག་མཐར་ལོ་ཙཱ་ཡོངས་སུ་འགྲུབ་པར་སྨོན་འདུན་ཞུས་ཡོད་པ་ལ་བལྟས་ན། ཁོང་རྒྱལ་ནང་ནས་ཐེངས་དང་བོར་བོད་དུ་ཕེབས་སྐབས་བསྐུལ་བར་སེམས། རྒྱ་གར་དུ་སྙན་ངག་རྩོམ་སྟངས་ལ་ཕྱོགས་གཉིས་སུ་གྱེས་པར་བཤད་དེ། གཅིག་ཤར་ཕྱོགས་གོ་ཊའི་ལུགས་ཁ་ཅུང་ཟད་དམ་ཞིང་གོ་དཀའ་ལ་ཚིག་སྡུད་ཧ་ཅང་མང་བའི་བརྗོད་པའི་ཉམས་གཙོ་བོར་བྱེད་པ་ལ་ཟེར། གཉིས་ལྷོ་ཕྱོགས་བཻ་དརྦྷའི་ལུགས་ཁ་ཤིན་ཏུ་གསལ་ཞིང་འཇམ་པ་ཚིག་སྙན་པ་གཙོ་བོར་བྱེད་པ་ལ་ཟེར། འོ་ན་བོད་དུ་སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་ལ་ཕྱོགས་དུར་གྱེས་ཡོད་ཅེ་ན། དམན་ཆུང་ཁོ་བོས་ཕྱོགས་གསུམ་དུ་གྱེས་ཡོད་པར་འདོད་ལ། དང་བོ་ནི་རྩོམ་སྟངས་ཁ་གསལ་ཞིང་གོ་བདེ་བའི་ཚབ་བྱེད་མི་སྣ་རྗེ་བློ་བཟང་གྲགས་པ། གཉིས་པ་ནི་རྩོམ་སྟངས་ཚིག་བརྗིད་ཅིང་ཉམས་ལྡན་པའི་ཚབ་བྱེད་མི་སྣ་མཁས་གྲུབ་རྗེ། གསུམ་པ་ནི་རྩོམ་སྟངས་ཚིག་བསྡུས་ཤིང་གྱོང་ལ་གོ་དཀའ་བ། ཉམས་ཆེ་ཞིང་ཡིད་འཕྲོག་པའི་ཚབ་བྱེད་མི་སྣ་ཞང་ཞུང་ཆོས་དབང་གྲགས་པ་བཅས་ཡིན་པར་སེམས།
དང་བོ། རྩོམ་སྟངས་ཁ་གསལ་ཞིང་གོ་བདེ་བའི་ཚབ་བྱེད་མི་སྣ་རྗེ་བློ་བཟང་གྲགས་པའི་སྙན་ངག་གི་ཁྱད་ཆོས་ལ་ཅུང་ཟད་དཔྱད་ན།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྙན་རྩོམ་ནི་རང་བཞིན་གྱི་གཤིས་དང་འགྲོགས་པ་ཤས་ཆེའོ།། རྗེ་རིན་པོ་ཆེ་ནི་བསླབ་པ་གསུམ་གྱིས་རྒྱུད་དུལ་ཞིང་ཆུང་དུས་ནས་ཚུལ་ཁྲིམས་གཙང་བའི་དགེ་འདུན་པའི་སྟོན་པའམ་གསར་གཏོད་པ་ཞིག་ཡིན་པས་ཁོང་གི་རང་བཞིན་ནི་ཧ་ཅང་ཞི་ཞིང་དུལ་བ་ཞིག་ཡིན་ནོ།། དེ་བས་ཁོང་གི་སྙན་རྩོམ་ཡང་ཚིག་སྦྱོར་སྙན་ཞིང་འཇེབས་པ། བསྡུས་ཚིག་ཉུང་བས་བརྗོད་བདེ་ཞིང་གོ་སླ་བ། གོ་དཀའ་བའི་བརྡ་རྙིང་དང་མངོན་བརྗོད་ཀྱིས་མ་བཅིངས་པ། ལྷུང་ལྷུང་འབབ་པའི་དྭངས་གསལ་གྱི་ཆུ་ཕྲན་བཞིན་དུ་ཉམས་ཆེ་ཞིང་ཡིད་འཕྲོག་པའི་ནུས་པ་དང་ལྡན་པས་སོ།།
༡.ཚིག་འཇམ་ཞིང་ཁ་གསལ་བ་འཚོ་བ་དངོས་ཀྱི་དཔེ་བཞག་པས་དོན་གསལ་བ། དཔེར་ན། བྱམས་སྟོད་ཚངསཔའི་ཅོད་པན་ལས།
དྭངས་པའི་མཚོ་ལ་འདབ་བརྒྱ་བ་སྟེ་དེ་ཉིད་ལ་ཡང་ཉིན་བྱེད་འོད།། དག་པའི་མཁའ་ལ་རྒྱུ་སྐར་མགོན་ཏེ་དེས་ཀྱང་ཀུན་དའི་ཚལ་ལ་བཞིན།། མཚན་དཔེའི་ཕྲེང་བས་གང་སྐུ་མཐོང་མ་ཐག་ཏུ་འགྲོ་བའི་ཡིད་འཕྲོག་པ།། བྱམས་མགོན་ཞབས་པད་སྐྱེ་ཞིང་སྐྱེ་བར་བདག་གི་གཙུག་ན་མཛེས་གྱུར་ཅིག། ཞེས་པ་ལྟ་བུ་ནི་དངོས་གནས་ཁ་གསལ་ཞིང་གོ་བདེ་བ། ཚིག་སྦྱོར་སྙན་ཞིང་འཇེབས་པ་དྭངས་གཙང་གི་ཆུ་ཕྲན་ཞིག་ལྷུང་ལྷུང་དུ་འབབ་པ་ལྟར་ཉམས་ཆེ་ཞིང་ཡིད་འཕྲོག་པའི་ནུས་པ་དང་ལྡན་པས་སོ།།
༼སྟོན་པར་བསྟོད་པ་བྱིན་རླབས་ཉེར་འཇུག༽ལས། མཁའ་ལྡིང་དབང་བོ་མཁའ་ལ་བགྲོད་བགྲོད་ནས།། ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི།། ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན།། ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས།།
༼རྟོགས་བརྗོད་བྱིན་རླབས་ལྷུན་པོ༽ལས།། པད་དཀར་ཕྲེང་བས་རྒྱན་པའི་མཚོ།། རྒྱང་ནས་མཐོང་བས་ངང་བ་བཞིན།། གཞན་ཕན་ཁོ་ན་དགོངས་པ་ཁྱོད།། གཞན་གྱི་དོན་ལ་སྐྱོ་བ་བྲལ།། ཞེས་པ་སོགས་ཉིན་རྒྱུན་འཚོ་བའི་ནང་གི་མཐོང་ཐོས་སུ་གྱུར་བའི་མཁའ་ལྡིང་བྱ་དང་། ངང་བ་མཚོ་མོ་ལ་དགའ་བ་བཞིན་དུ་ཁྱོད་རང་གཞན་དོན་ལ་སྐྱོ་བ་བྲལ་བ་སོགས་དཔེ་བཀོད་པ་ལེགས་པས་བལྟས་མ་ཐག་ཏུ་གཟུགས་བརྙན་མ་འདྲེས་པར་ཡིད་ལ་འཆར་ཐུབ་པའི་སྒྱུ་རྩལ་ལྡན་ནོ།།
༢.གོ་དཀའ་བའི་བརྡ་རྙིང་དང་མངོན་བརྗོད་ཀྱིས་མ་བཅིངས་པ་རྟོག་བཏགས་ཀྱི་ཉམས་མཚར་བོས་བརྒྱན་པ། དཔེར་ ན། ༼རྟག་དུ་ངའི་རྟོགས་བརྗོད༽ལས།
དེ་ཡི་བཀོལ་བའི་ཡ་མཚན་ལ།། སྐྲག་པས་མིག་སྟོང་ལྡན་པའི་གྲོང་།། ལྷ་ཡི་ལམ་ནས་རབ་འཕགས་ཏེ།། ལྷུན་པོའི་སྟེང་ལ་བྲོས་པ་ལྟ།། ཞེས་དང་།
ཡང་། ཡིད་ལ་བུད་ཤིང་མེད་ན་ཡང་།། སྡུག་བསྔལ་མེ་ཆེན་རབ་འབར་ཞིང་།། མིག་གི་མཁའ་ལ་སྤྲིན་མེད་ཀྱང་།། མཆི་མའི་ཆར་རྒྱུན་འབབ་པར་གྱུར།། ཞེས་པ་ལྟ་བུའི་སྤྱིར་མངོན་བརྗོད་བཀོལ་བ་ཉུང་ལ། བཀོལ་ཀྱང་རྒྱུན་ལྡན་གྱི་མངོན་བརྗོད་མིག་སྟོང་ལྡན་པའི་གྲོང་དང་ལྷ་ཡི་ལམ་སོགས་གོ་སླ་བ་བཀོལ་ཆེའོ།། ཤོ་ལོ་ཀ་འདི་ལྟ་བུ་རྗེ་རིན་པོ་ཆེའི་སྙན་རྩོམ་ལ་ཁྱབ་གདལ་དུ་ཡོད་པས། ངོ་མཚར་ཞིང་གཞན་གྱི་བློ་ཡུལ་ལས་འགོངས་པའི་རྟོགས་འཆར་གྱི་ཉམས་མཚར་བོས་ཡིད་དབང་མེད་དུ་འགུག་གོ།
སྤྱིར་སྙན་ངག་བོད་དུ་ཐོག་མར་ངོ་སྤྲོད་མཁན་ནི་ས་སྐྱ་ཀུན་དགའ་རྒྱ་མཚན་ཡིན་ལ། ཕྱིས་སུ་འགྲོ་མགོན་འཕགས་པའི་རིང་ལ་༼སྙན་ངག་མེ་ལོང༽གི་གཞུང་ཆ་ཚང་བསྒྱུར་བ་ལ་བརྟེན་ནས་བོད་དུ་སྙན་ངག་གི་གཞུང་དར་མགོ་ཚུགས་མོད། འོན་ཀྱང་བོད་འདི་ནི་ས་སྐྱ་བའི་གསུང་བ་ལྟར་ཡང་འདི་ལྟ་བུའི་སྙན་ངག་རྒྱ་གར་ལ་གཙིགས་ཆེ་ཡང་། བོད་སྙན་ངག་གི་ཚུལ་ལ་བློ་མི་འཇུག་པས་ཞེས་པ་ལྟར་སྙན་ངག་གི་འཕེལ་རྒྱས་ཆེན་པོ་མ་བྱུང་ལ། རྗེ་ཙོང་ཁ་བས།
རིགས་ལམ་རྣམ་པར་བྱེད་པའི་རྣམ་དཔྱོད་དང་།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཞེས་པ་ལྟར་ས་སྟེང་གི་རིན་པོ་ཆེའི་ཡ་གྱལ་གཅིག་ཏུ་བགྲང་བས་སྙན་ངག་ནི་བསྟན་བཅོས་གང་དང་གང་ལ་ཡང་མེད་དུ་མི་རུང་བར་གྱུར་བ་དང་། སྙན་ངག་གི་སྒྲ་རྒྱན་དང་ཀ་ཕྲེང་གི་རྒྱན་ཅི་བདེར་སྤེལ་ཆོག་པའི་དགེ་མཚན་ཁྱད་པར་བ་ཁོ་རང་གིས་བཏོན་པ་ཡིན་པར་འདོད།
དེ་ན་རྗེ་བློ་བཟང་གྲགས་པའི་རྩོམ་སྟངས་ལྟར་ཁ་གསལ་ཞིང་གོ་བདེ་བའི་སྙན་ངག་པ། དཔེར་ན། བོད་མཁས་པ། གུང་ཐང་བསྟན་པའི་སྒྲོན་མེ། འཇུ་མི་ཕམ། པཎ་ཆེན་བློ་བཟང་ཆོས་རྒྱན། མདོ་སྨད་པ་དགེ་འདུན་ཆོས་འཕེལ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་ཀྱི་སྙན་ངག་ཡིན་ལ། ནང་གསེས་ཉམས་འགྱུར་ཕྲ་མོ་དུ་མ་ཡོད་ངེས་ནའང་གཙོ་བོ་ཁོང་རྣམ་པའི་སྙན་རྩོམ་ལ་དྭངས་ཤིང་གོ་སླ་བ། སྙན་ཆེ་ཞིང་ཡི་གར་འོང་བ། སྦྱོར་བདེ་ཞིང་གཟུང་སླ་བའི་ཁྱད་ཆོས་རྫོགས་པས་གངས་རིའི་ལྗོངས་འདིར་དར་ཁྱབ་ཆེ་བས་རེ་རེའི་དཔེ་བརྗོད་དྲངས་ནས་སྣག་ཤོག་གྲོན་པར་མི་བྱའོ།།
གཉིས་པ། རྩོམ་སྟངས་ཚིག་བརྗིད་ཅིང་ཉམས་ལྡན་པའི་ཚབ་བྱེད་མི་སྣ་མཁས་གྲུབ་རྗེ།
མཁས་གྲུབ་རྗེ་ནི་ཆུང་དུས་ནས་རིག་པ་མྱུར་ཞིང་རྩོད་པའི་འགྲན་ཟླ་བྲལ་བས་མཁས་གྲུབ་དགེ་བའི་དབང་བོའི་སྤྲུལ་བ་ཡིན་པར་གྲགས་པ་དང་། དགུང་ལོ་བཅུ་དྲུག་སྟེང་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་ལུང་དང་རིག་པས་ཕམ་པར་མཛད་པས་བོ་དོང་ནས༼སངས་རྒྱས་བཅོམ་ལྡན་འདས་པ་མཁས་གྲུབ་དགེ་ལེགས་བཟང་བོ་ལ་ཆེད་བརྗོད་པ་བུང་བ་རྣམ་པར་རྩེན་པའི་རྒྱུད་མངས༽ཞེས་པ་བརྩམས་ཏེ་བསྟོད་པར་ཕུལ་བ་ཡིན་ནོ།། ཁོ་རང་གི་ཚིག་བརྗོད་ཆེ་ཞིང་ཕ་རོལ་བ་ཕམ་པར་མཛད་མཁན་གྱིས་གནོན་པའི་སྟོབས་ཤུགས་རྫོགས་འདུག་གོ།
༡.ཚེག་བར་བདུན་མ་ཤས་ཆེ་ལ་ཚིག་བསྡུས་ཤིང་དོན་གྱི་རླབས་ཆེ་བ། དཔེར་ན།
༼དཔལ་ལྡན་ཡོན་ཚོགས་མ༽ལས། མཁས་པ་གསེར་རིའི་ཕྲེང་བ་ནི།། གཟི་བརྗིད་རབ་རྒྱས་ཉི་མ་ཡི།། དྲུང་ན་མར་མེའི་རྩེ་མོ་དང་།། མཚུངས་པའི་གནས་ལ་ཁྱོད་ཀྱིས་བཀོད།། ཞེས་དང་།
ཡང་། བདེ་གཤེགས་བསྟན་པ་གངས་རིའི་སུལ་ན་གནས།། གཞུང་ལུགས་འབུམ་ཕྲག་རལ་བའི་ཁུར་གྱིས་བརྗིད།། རིགས་པའི་མཆེ་སྡེར་མི་བཟད་སྟོབས་ལྡན་པ།། མཁས་མཆོག་གདོང་ལྔའི་དབང་བོ་ཁོ་བོ་ཙམ།། ཁྱོད་ནི་དབྱངས་ཅན་མགྲིན་པར་བྱས།། ལེགས་བཤད་བདུད་རྩི་ཞལ་ལ་ཆགས།། ཕ་རོལ་རྒོལ་བ་མ་ལུས་ཀྱི།། ཁ་ལ་སྨྲ་བཅད་རྒྱ་ཡང་བྱིན།། རབ་བྱེད་འདི་ཡང་གངས་རིའི་ཁྲོད་འདི་ན།། སྙན་ངག་དབང་བོ་ཀུན་གྱི་མགོ་བོ་ལ།། ཚིག་གི་གོམ་པ་འགོད་མཁས་དགེ་ལེགས་དཔལ།། བཟང་བོས་ཚིག་གི་སྦྱོར་བ་སྤངས་ཏེ་སྨྲས།། ཞེས་སོགས་ཚེག་བར་བདུན་མ་ཤས་ཆེ་ཞིང་ཚིག་བསྡུས་ལ་བརྗིད་ཆེ་བ་ཕ་རོལ་ཟིལ་གྱིས་གནོན་པའི་སྟོབས་ཤིག་ངང་ངམ་ཤུགས་ཀྱི་རྫོགས་ཡོད་དོ།།
༢.ངོ་མཚར་བའི་འཁྱོག་བརྗོད་དང་སྦོམ་ཚིག་གིས་ཁེངས་པས་ཕ་རོལ་ཟིལ་གྱིས་གནོན་པའི་ཁྱད་ཆོས་ལྡན་པ། དཔེར་ན། ༼འཇམ་དབྱངས་སྨྲ་བའི་སེང་གེའི་བསྟོད་པ༽ལས།
ཐུན་མཚམས་སྨུག་རྩི་གསར་བའི་ཚོད་གྱིས་མཁུར་ཚོས་དམར་བའི་སྔོ་བསངས་ན་ཆུང་རྒྱུ་སྐར་ཕྲེང་ལྡན་འཇོ་སྒེག་ཟོལ་གྱིས་ཕྱོགས་ཀྱི་དུལ་བ་འཕྲོག་པ་ན།། ལི་ཁྲིའི་ལུས་ཅན་ཉི་མ་སྟོང་གི་འོད་ཟེར་འཐུངས་པས་རབ་ཏུ་མྱོས་ཤིང་ག་བུར་དོ་ཤལ་རྩེ་དགའ་རྒོད་པ་འདི་ཡིས་ནམ་མཁའི་མཛེས་མ་ཡི།། བརྟན་པ་འགོག་ཅིང་ཕྱོགས་ལ་རྒྱན་དག་སྦྱིན་པའི་སླད་དུ་ཉེ་བར་འོངས་པའི་ཡ་མཚན་དགའ་སྟོན་ཅི་ཡང་བལྟ་ཕྱིར་རིངས་པར་འོངས་པའི་གཞོན་ནུ་ནི།། ཤར་གྱི་རི་བོའི་བ་གམ་ལ་འཛེགས་རབ་དཀར་བདུད་རྩི་འཛག་པའི་བཞིན་གྱིས་འཇིག་རྟེན་ཀུན་ལ་འཛུམ་པ་སྟོན་པའི་འོད་ཟེར་བཞད་པ་ལྟ་བུ་ལགས།། ཞེས་དང་།
ཡང༼ཚད་མ་སྡེ་བདུན༽གྱི་དབུ་རྩོམ་དུ།
ལོག་སྨྲའི་ནགས་ཚལ་ཐལ་བར་རློག་བྱེད་ཅིང་།། ཉེས་བཤད་བྲག་རི་མིང་ཙམ་ཉིད་གྱུར་བ།། ཁོ་བོའི་བློ་གྲོས་སྤྲིན་རུམ་ལས་འོང་བའི།། ལུང་རིགས་གནམ་ལྕགས་བྱེ་བ་དེང་འབེབ་ཀྱིས།། བློ་ངན་ཉེས་བྱེད་དུག་ཆུས་མྱོས་པའི་མཐུས།། སངས་རྒྱས་བསྟན་པའི་གཞུང་བརྒྱ་མ་མཐོང་ཡང་།། རང་བཟོའི་གཟུ་ལམ་རང་དགར་སྤེལ་བྱེད་པའི།། བཤེས་གཉེན་དེ་ཀུན་བག་ཡོད་དུས་ལ་བབ།། ཅེས་པ་ལྟ་བུའི་འཁྱོག་བརྗོད་དང་སྦོམ་ཚིག་གིས་ཉེ་བར་འཁྱུད་པའི་རྩོམ་སྟངས་ཚིག་བརྗིད་པོ་ཕ་རོལ་ཟིལ་གྱིས་གནོན་པའི་ཁྱད་ཆོས་རྫོགས་སོ།།
མཁས་གྲུབ་རྗེའི་རྩོམ་སྟངས་ཚིག་བརྗིད་ཅིང་ཉམས་ལྡན་པའི་རྗེས་འཇུག་པ་གང་དག་ཡོད་ཅེ་ན། རིན་སྤུངས་པ་ངག་དབང་འཇིགས་གྲགས། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། ཞྭ་དམར་པཎྚི་ཏ། བློ་བཟང་དཔལ་ལྡན་སོགས་མང་ངོ་།།
དཔེ་བརྗོད་རེ་དྲངས་ན་རིན་སྤུངས་པས་གྲོང་གི་བུད་མེད་དག་གི་གཟུགས་བརྙན་བྲིས་པ།
འཛུམ་འོད་བདུད་རྩིས་འཛག་པ་ཟླ་བའི་གདོང་།། མཐོན་མཐིང་མིག་ཟུང་གཡོ་བ་ཨུཏྤལ་འཛུམ།། འདོད་པའི་ཆུང་མ་གཞན་བཞིན་ཡིད་འཕྲོག་ལ།། ནུ་རྒྱས་ཁུར་གྱི་དུབ་པའི་དལ་འགྲོས་ཅན།། སོར་གདུབ་མེ་ཏོག་བཞད་པའི་ལག་སོར་གྱི།། མྱུ་གུ་ཕན་ཚུན་སྦྲེལ་བའི་ཁ་སྒོ་ན།། བུང་བའི་ན་ཆུང་མགྲིན་སྙན་སྡེབ་པའི་གླུ།། རྣ་བའི་ལམ་ནས་སྲེད་ལྡན་འཆི་བ་འོང་།། ཅེས་པ་དང་སྒིའུ་རྟིང་བློ་བཟང་དཔལ་ལྡན་གྱིས་མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་ལ་སྤྲིངས་པའི་ཆབ་ཤོག་ཏུ།
སྒྲ་ཚད་རིག་ཚུལ་ཞགས་པས་འཇིག་རྟེན་གྱི།། ཀུན་རིག་མཁས་ཆུང་གཞོན་ནུའི་ཁྱུ།། སྨྲ་བྲལ་ལྐུགས་པ་རྩིག་ངོས་རི་མོའི་རྒྱར།། མ་ལུས་བཟུང་བ་དུས་ཀྱི་རྒྱན་དུ་སོན།། ཁྱེད་ལས་རིག་བྱེད་མེས་པོ་ངག་རལ་བས།། གསེར་ལྡན་གཟུགས་འཛིན་ཟུར་ཕུད་ནོར་བུའི་ངོས།། ཞབས་སེན་གློག་འོད་འཐུལ་བའི་སྣང་བ་ལ།། ལྷུང་བས་ལུས་སྐྱེལ་རྔུལ་ཆུས་འགེངས་ལ་བརྩོན།། ལྗགས་བཟང་ལེགས་བཤད་གོས་དམར་ག་ཤལ་ཅན།། ངེས་པར་དབྱངས་ལྡན་འཆི་མེད་ལང་ཚོའི་གཙོ།། ཁྱོད་ཞལ་དྲི་ཟའི་དབང་བོ་དགའ་བའི་ཚལ།། ཚིག་རྒྱན་མེ་ཏོག་འཆད་པའི་ཁེངས་པ་མཐོ།།
ཞེས་སོགས་དཔེར་བརྗོད་མཐའ་ཡས་སོ།། འདི་དག་གི་སྙན་རྩོམ་ནི་ཚིག་ཤ་གྲིམ་ལ། དོན་ལ་ཆོད་ཆེ་བ། སྒེག་ཅིང་ངོ་མཚར་བའི་ཉམས་འགྱུར་དུ་མས་བར་མེད་དུ་དཀྲིགས་པས་ཀློག་པ་ཙམ་གྱིས་ཡིད་ལ་མཛེས་སྡུག་གི་ཚོར་བ་ལྷང་ལྷང་བྱེད་ཅིང་། སྒྱུ་རྩལ་སྣ་ཚོགས་པའི་སྤུད་པས་རྟོགས་པ་འཆར་ཡན་གྱི་ཀློང་ན་ཐོགས་རྡུགས་མེད་པར་འཇོ་བའི་ཉམས་ཤིག་དབང་མེད་དུ་སྟེང་རོ།།
གསུམ་པ། རྩོམ་སྟངས་ཚིག་བསྡུས་ཤིང་གྱོང་ལ་གོ་དཀའ་བ། ཉམས་ཆེ་ཞིང་ཡིད་འཕྲོག་པའི་ཚབ་བྱེད་མི་སྣ་ཞང་ཞུང་བ་ཆོས་དབང་གྲགས་པ།
ཞང་ཞུས་ཆོས་དབང་གྲགས་པ་ནི་རྗེ་རིན་ཆེའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཀྱི་གཅིག་ཡིན་ནོ།། ཁོ་རང་གིས་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་རིང་མོ་རཱ་མ་ན་བོད་ཀྱི་སྙན་རྩོམ་དུ་སྦྱར་ནས་བྲིས་པ་ཧ་ཅང་གྲགས་ཆེའོ།། བཤད་རྒྱུན་ལ་རྒྱ་གར་གྱི་སྙན་ངག་པ་ནག་མོ་ཁོལ། བོད་དུ་ཞང་ཞུང་ཆོས་གྲགས་པ་ཞེས་རྩོམ་སྟངས་གཞི་གཅིག་ཏུ་བཞེད་སྲོལ་ཡོད། ཁོའི་སྙན་རྩོམ་ནི་རྒྱ་གར་ཤར་ཕྱོགས་པ་ནག་མོ་ཁོལ་གྱི་རྗེས་སུ་འབྲངས་ནས་གོ་དཀའ་བའི་རྩོམ་མིང་གྲགས་ཅན་མང་བོ་མཛད་ཡོད་པའི་ཁྱད་ཆོས་ནི། ཚིག་ལ་སྒྲོམ་ཆེ་བ། སྒྲ་ལ་བརྗིད་ཆགས་པ། ངག་ལ་འཁྱོག་བརྗོད་མང་བ། སྡེབ་ཅུང་ཟད་དམ་པ། ཉམས་ཆེ་ཞིང་ཡིད་འཕྲོག་པའི་ཉམས་འགྱུར་ལྡན་འདུག་གོ།
༡.འཁྱོག་བརྗོད་ཀྱི་ཉམས་མཚར་ཞིང་གཟུགས་བརྙན་ལྟར་གསལ་བ། དཔེར་ན།
༼རཱ་མ་ཎའི་རྟོགས་བརྗོད༽དུ། སྐྱེ་རྒུའི་རིགས་སྔགས་མཁན་དེ་རྣམས།། སཱི་ཏ་མིང་གི་བཟླས་བརྗོད་ཀྱིས།། འགྲམ་པ་རུས་པའི་འཕྲུལ་འཁོར་ནི།། དྲལ་བ་ནུ་མའི་ངོས་སུ་འཕྱང་།། ཞེས་པ་ལྟ་བུའི་ཉམས་མཚར་ཞིང་ཧ་ལས་དགོས་པའི་འཁྱོད་བརྗོད་ཀྱིས་བརྒྱན་པ་འདི་ལས་གཞན་དུ་བརྗོད་རྒྱུའི་ཚིག་མེད་པ་ལྟ་བུ་ཞིག་ཏུ་གྱུར་འདུག་གོ།
རང་བའི་ལོ་འདབ་གཡོ་ལྡན་པའི།། མགྲིན་བཟང་ལུས་ཀྱི་རྐང་འཐུང་ནི།། གཞུ་རྒྱལ་མདའ་ཆེན་གྱིས་སྐྲག་སྟེ།། སོར་མོའི་ལྕུག་ཕྲན་སྤྱི་བོར་ཟུམ།།
༢.ཚིག་བསྡུས་ཆེ་ལ་གོ་དཀའ་བ་ཉམས་ཆེ་བས་ཡིད་འཕྲོག་པ། དཔེར་ན། ༼རཱ་མ་ཎའི་རྟོགས་བརྗོད༽ལས།
སྨྲ་བོའི་ཁ་ཡི་པདྨ་མཆོག། ངག་རིག་ཚོགས་ཀྱིས་ཕྱག་འོས་ཏེ།། གང་གི་ལྕེ་ཡི་གེ་སར་རྡུལ།། ངེས་རིག་ཚོགས་ཀྱིས་ཕྱག་འོས་ཏེ།། གང་གི་ལྕེ་ཡི་གེ་སར་རྡུལ།། ངེས་པར་རྒྱུད་མངས་མ་དེའོ།།
༼མི་ལའི་བསྟོད་པ༽ལས། དཀར་ཐུབ་ཀྱིས་མཛེས་སེན་མོའི་ཁ་རིས་ནི།། གསར་བ་ཕྲ་མོའི་ལུས་ལྡན་ཟླ་མཛེས་ཀྱི།། ཁ་ཟས་ལ་སྲེད་འདོད་ཆེན་ཁུར་འཆང་བའི།། ཁེངས་ལྡན་རྣམས་ལ་འཕྱ་བས་རྒོད་པ་བཞིན།། རྡོ་རྗེའི་སྐུ་ལ་དགུན་དུས་ཁ་བ་ཡིས།། རེག་པའི་མི་བརྫི་དེ་ལ་ངོ་མཚར་ཅི།། སྲིད་གསུམ་ཟ་བ་གཏུམ་མོའི་མེ་དྲོད་ཀྱིས།། ཚིག་པར་མ་ནུས་རས་ཀྱི་གོས་འདི་མཚར།། ས་སྟེང་འདི་ན་སྲེད་ལྡན་རྣམས།། དེ་ཡི་གཏམ་ལ་ཆགས་གྱུར་ཏེ།། མིག་ཡངས་མཛེས་མ་གཞན་དག་ལ།། རྨི་ལམ་དུ་ཡང་ཆགས་མ་གྱུར།། ཞེས་པ་ལྟ་བུའི་ཚིག་སྒྲོམ་ཆེ་བ། སྒྲ་ལ་བརྗིད་ཆགས་པ། འཁྱོག་བརྗོད་དང་སྡེབ་དམ་པ། བལྟས་མ་ཐག་ཏུ་གཞན་གྱིས་གོ་དཀའ་བ། བསམ་གཞིག་ཡང་ཡང་རེ་བཏང་ན་ཚིག་གི་སྙན་རོ་ཁྱད་པར་ཅན་བསྐྱེད་ཐུབ་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ལྡན་པས་སོ།།
དེ་ཡང་ཞང་ཞུང་ཆོས་དབང་གྲགས་པའི་སྙན་ངག་རྩོམ་སྟངས་ཀྱི་རྗེས་འཇུག་པ་གང་དག་ཡོད་ཟེར་ན། ཡོད་དེ་སུམ་པ་ཡེ་ཤེས་དཔལ་འབྱོར། འཇིགས་མེད་དམ་ཆོས་རྒྱ་མཚོ། འཇམ་བཞད་ངག་དབང་བརྩོན་འགྲུས་སོགས་མང་ངོ་།། དཔེ་བརྗོད་རེ་དྲངས་ན། འཇིགས་མེད་དམ་ཆོས་རྒྱ་མཚོའི་ཆབ་ཤོག་ལས།
པུས་མོའི་གདེངས་ཀ་ས་ཡི་ལྷ་མོ་ལ།། ལང་ཚོའི་དུས་སྟོན་མཆོག་སྦྱིན་ཕྱག་རྒྱ་ཡིས།། བླ་གོས་ཕྲག་པའི་ས་འཛིན་བྱད་ཡངས་པོར།། དཔལ་དུ་གཟར་བའི་རྣམ་འགྱུར་རབ་ཞི་བས།། བསུང་ཞིམ་སྤོས་ཀྱི་དུད་པ་ནམ་མཁའི་དབྱིངས་།། རང་མདངས་སྒྱུར་བའི་ཚོན་དུ་བྱུང་བ་དང་།། ལྷན་ཅིག་འོད་ལྔར་ཤར་བའི་མེ་ཏོག་གིས།། ཆུ་མཐོངས་བུ་མོའི་མགྲིན་པར་ཆོ་འཕྲུལ་སྟོན།། མཆོངས་པ་གཅིག་གིས་དྲང་སྲོང་ཨུར་བའི་བུར།། དབང་སྐུར་སྩོལ་བའི་གོས་དཀར་ཡུག་རིང་བོ།། སོར་རྩེ་རི་དྭགས་མིག་ཅན་བཅུ་ཕྲག་ལུས།། གན་རྐྱལ་སྒེག་པའི་འོ་མ་འཛིན་པ་ལ།། ཁུར་དུ་སྙེམས་པའི་ཆུ་ཞེང་ཐང་ཡངས་པོར།། རྐང་བའི་གོམ་སྟོབས་རྩེ་བའི་གླུ་དབྱངས་མཁན།། འཆི་བ་མེད་པའི་ཚེ་ཡི་སྲོང་བཙན་པོ།། བདག་དང་གཞན་གྱི་དངོས་གྲུབ་ཞུ་ཕྱིར་བཏེགས།
ཞེས་པ་ནི་ཕྱག་འཚལ་ཅིང་ཁ་བཏགས་བཏེགས་ནས་དབང་ཞུ་བའི་དོན་ཡིན་མོད། ཚིག་སྡེབ་དམ་ལ་གཟུགས་སུ་བཀོད་པ་ཉམས་ཆེ་ཞིང་ཡིད་འཕྲོག་པ་རིག་བྱེད་གཏམ་རྒྱུད་སོགས་སྦྱར་བས་གཟུགས་བརྙན་གསོན་པོ་ཞིག་མིག་ལམ་དུ་སྟེར་ཐུབ་པས་སྒྱུ་རྩལ་གྱི་ཕུལ་ཡིན་པར་འདོད།
གཞན་ཡང་། ཆོས་བརྒྱད་ཁྲོས་པའི་མཆེ་བ་ཡིས།། མི་ཆོད་སྒྲུབ་པའི་བ་དན་དཀར།། འཆི་མེད་དངོས་པོ་འཛིན་པ་དང་།། བདུད་སྡེ་སྙིང་ལ་འཇིགས་སྟེར་བྱོས།། སྲིད་གསུམ་མེ་ལྕེ་མཆེད་པ་ཡིས།། གདེངས་ཀ་རབ་ཏུ་མཐོ་ལྡན་པ།། ངེས་འབྱུང་ཞི་བ་སྦྱིན་བྱེད་ཀྱི།། ཁྱོན་ཡངས་པའི་སྟེགས་སུ་སྒྱུར།། རྐང་བའི་མུ་ཏིག་རྩེ་སྔོ་བས།། བརྡབས་པའི་ལྡུམ་ཕྲན་མཆོད་འོས་སུ།། བགྱིད་པ་བྱང་ཆུབ་སེམས་ཀྱི་དཔལ།། ཡིད་ལ་བསིལ་བའི་རྔ་ཡབ་བཞད།། ཞེས་པ་ལྟ་བུ་སོགས་མང་ངོ་།།
ཀུན་མཁྱེན་བླ་མ་ངག་དབང་བརྩོན་འགྲུས་ཀྱིས་མཛད་པའི་གྲུབ་མཐའ་ཆེན་མོའི་བར་སྐབས་ཚིགས་བཅད་དུ་མང་དུ་ཐོས་ཀྱང་གྱ་གྱའི་སེམས་ལྡན་འགས། རྨོངས་ཞེན་བྲིས་བཤུས་རྒྱུ་སྐར་མང་ཚོགས་ཀྱང་།། འཁྲུལ་མུན་མ་སངས་དགག་སྒྲུབ་ཆོ་ངེ་སྐབས།། ལེགས་བཤད་འོད་སྟོང་སྤེལ་འདི་སྐྱེ་དགུའི་མིག། ཞེས་པ་ལྟ་བུའི་དཔེ་བརྗོད་མཚོན་ཙམ་གྱིས་མཆོག་པར་བྱའོ།།
སྨྲས་པ།
དན་ཊའི་གཞུང་ལུགས་ཆུ་བོ་ཆེ།།
གངས་རིའི་ཁྲོད་དུ་འཕེལ་བ་ལས།།
གྱེས་པའི་རྩོམ་སྲོལ་ཆེན་པོ་གསུམ།།
རང་རང་ལུགས་སུ་བཞུར་འདི་རྨད།།
དེ་ལྟར་སྙན་ངག་སྨྲ་སྒོ་དོག་ན་ཡང་།།
ཕྲ་ཞིབ་བློ་རྩེད་འགྱོད་ལ་བློ་ཕྱོགས་པ།།
དམན་ཆུང་ཁོ་བོའི་གཤིས་སུ་གྱུར་ལགས་ན།།
གཟུར་གནས་བློ་ལྡན་རྣམས་ཀྱིས་དགོངས་ཡངས་མཛོད།།
༡༩༨༨ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་བྲིས་པ་ལོ་དེའི༼མཚོ་སྔོན་སློབ་གསོ༽དེབ་གཉིས་པའི་སྟེང་བཀོད་པའོ།།
Subscribe to:
Post Comments (Atom)
0 comments:
Post a Comment