དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 28 March 2014
༄༅།།དམངས་གླུར་དཔྱད་པ་ཉིན་བྱེད་འདྲེན་པའི་སྐྱ་རེངས།།
རྒྱལ་སྲས་ཚང་གིས།
༄༅།།བོད་རིགས་ནི་ལས་ལ་བརྩོན་ཞིང་དཔལ་རྩ་ཆེ་ལ་བློ་གྲོས་དང་ཤེས་རབ་ཀྱི་དཔལ་འཛིན་པའི་མི་རིགས་ཤིག་ཡིན་པ་དང་། ལོ་རྒྱུས་སུ་དམངས་ཁྲོད་ཀྱི་ཚིགས་བཅད་སྙན་ངག་གང་མང་མང་གསར་རྩོམ་བྱས་ཡོད་པ་རེད། བོད་ཀྱི་པཎྚི་ཏ་དང་བོ་ས་སྐྱ་གོང་མ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་གྱི་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱ་མཚན་གྱིས་ས་སྐྱའི་གཙུག་ལག་ཁང་དུ༼སྙན་ངག་མེ་ལོང༽གི་གཞུང་འདི་ཆ་ཚང་བར་བོད་སྐད་དུ་མ་བསྒྱུར་བའི་སྔོན་ལ་བོད་དུ་སྙན་ངག་གི་ལུགས་སྲོལ་མ་དར་བ་ལྟ་བུ་ཞིག་གསུངས་པ་དེ་ནི༼སྙན་ངག་མེ་ལོང༽གཞུང་འདི་བོད་ལ་མ་བསྒྱུར་གོང་སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་མེད་པའི་དོན་ཡིན་པ་མ་གཏོགས། དེའི་སྔོན་ལ་བོད་དུ་སྙན་ངག་ཅེས་པ་དེ་རྩ་བ་ནས་མེད་པ་དང་དེ་རྩོམ་མི་ཤེས་པའི་དོན་མ་ཡིན་ནོ།། ཅི་ཞེ་ན། སྙན་ངག་ཐམས་ཅད་ཐོག་མར་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་བ་དང་། སྤྱི་ཚོགས་དང་རང་བྱུང་ཁམས་ཀྱི་ཆོས་དངོས་འགའ་ཞིག་མི་རྣམས་ཀྱི་སྣང་ངོར་འཆར་ནས་སྨིན་པའི་འབྲས་བུ་དེ་རིག་རྩལ་གྱི་རྣམ་པའི་སྟེང་ནས་ཕྱིར་མངོན་པ་ཡིན། སྙན་ངག་གི་གཞུང་ལུགས་མ་དར་སྔོན་དུ་བོད་མི་རང་ཉིད་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྙན་ངག་ཡོད་པའི་མི་ཚད། ཧ་ཅང་གིས་དར་རྒྱས་ཆེན་པོ་བྱུང་ཡོད་པ་ནི་རྩོམ་རིག་ལོ་རྒྱུས་སྟེང་ནས་བདེན་དཔང་བྱས་ཡོད་པ་རེད། དཔེར་ན།༼སྙན་ངག་མེ་ལོང༽ནི་དུས་རབས་བཅུ་གསུམ་སྐབས་སུ་བོད་དུ་འགྱུར་བ་ཡིན་ལ། དེ་ལས་ཀྱང་། ཤིན་ཏུ་སྔ་བའི་ཡན་ཆད་མི་ལོ་སྟོང་ཕྲག་གཅིག་ལྷག་སྔོན་གྱི་རྒྱ་ཤ་ཅུའི་གཏེར་ཡིག་ལས་ཁྱུང་བོ་སྤུང་ཟད་དང་ཞང་སྣང་གཉིས་ཀྱིས་བླངས་པའི་གླུ་དང་། སྲོང་བཙན་སྒམ་པོ་དང་མགར་སྟོང་བཙན་གཉིས་ཀྱིས་བླངས་པའི་མགུར། བཙུན་མོ་སད་གར་གར་གྱིས་བླངས་པའི་མགུར། ཁྲི་འདུས་སྲོང་གིས་བླངས་པའི་མགུར། ཁེ་རྒད་རྒྱལ་ཏེ་རེ་མདོ་སྨང་གི་བླངས་པའི་མགུར། ཁྲི་ལྡེ་གཙུག་བརྟན་རིང་རྗེ་འབངས་ཀྱིས་བླངས་པའི་མགུར་ལ་སོགས་པའི་མགུར་གླུ་ཤིན་ཏུ་མང་ངོ་།། ནང་སྒོས་ཉེ་ལམ་ལོ་འགའི་རིང་ལ་མདོ་དབུས་ཁམས་གསུམ་ཀུན་ཏུ་འཚོལ་སྡུད་དང་དཔར་བསྐྲུན་བྱས་པའི་བོད་གནའ་རབས་ནས་དར་བའི་གླུ་གཞས་སོགས་ཀྱི་རྣམ་གྲངས་ནི་བགྲང་གིས་མི་ལང་བ་དང་། ནང་དོན་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་ནི་ཚང་མས་མཁྱེན་བཞིན་ནོ།། 
འདིར་བདག་གིས་བོད་རིགས་དམངས་ཁྲོད་སྙན་ངག་གི་ཡ་གྱལ་ཏེ་གླུའི་སྐོར་རོབ་ཙམ་བརྗོད་པར་བྱའོ།།
༡.གླུའི་བྱུང་བ་དང་མཚན་ཉིད་མདོར་ཙམ་བརྗོད་པ།
དེ་ལ་གླུ་ཞེས་པ་འདི་ནི་རང་རེ་བོད་རིགས་ངལ་རྩོལ་མི་དམངས་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་བྱེད་པ་དང་འབྲེལ་ནས་དུས་སྐབས་དེའི་ཕྱི་རོལ་གྱི་ཆོས་དངོས་འགའ་ཞིག་རང་ཉིད་ཀྱི་བློ་ཡིད་ཀྱི་འཆར་སྒོ་སོགས་མཚོན་པར་བྱེད་པ་དང་། ཉམས་མྱོང་བརྒྱུད་སྤེལ་དང་ཤེས་རབ་ཀྱི་རྩལ་འགྲན་པའི་ངོར་ཚུལ་སྣང་ཞིང་། སླར་ཡང་དེ་དག་ངོས་འཛིན་བྱས་ནས་རང་གི་བསམ་པའི་བརྩེ་དུང་དང་དགའ་སྡུག་སྐྱོ་སྣང་དང་བློ་ཆེད་དུ་སྙན་མོ་སྐད་ཀྱི་འགྱུར་ཁུགས་ལ་དྲངས་ནས་བླངས་པའི་དམངས་ཁྲོད་རྩོམ་རིག་ནང་གསེས་ཀྱི་སྙན་ངག་ཚིགས་བཅད་མའི་རིགས་ཤིག་ཡིན།
སྤྱིར་གནའ་རབས་ཀྱི་དུས་སུ། བོད་ཀྱི་གླུ་དང་མགུར་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན། འདི་བྱུང་བའི་དུས་ནི་རྒྱ་ཤ་ཅུ་ས་ཆ་ནས་བཏོན་པའི་བོད་ཀྱི་གཏེར་ཡིག་གི་དོན་ལྟར་ན། གངས་ཅན་བོད་ཀྱི་རྒྱལ་རབས་དགུ་བ་སྤུ་དེ་གུང་རྒྱལ་གྱི་རིང་ནས་བཟུང་སྟེ་བྱུང་བའི་མགུར་གླུ་ཁ་ཤས་བཀོད་འདུག་པར་ང་ཚོའི་བློ་ཡིད་དུ་གླུ་ནི་སྐབས་དེ་ལས་ཀྱང་བྱུང་སྔ་བའི་ངེས་ཤེས་དབང་མེད་དུ་འབྱུང་བར་འགྱུར། སྔོན་ལོ་ངོ་སྟོང་ཕྲག་གཉིས་ཡས་མས་སུ་བརྩམས་པའི་རྒྱ་ནག་དཔེ་གཞུང་ཞིག་ཏུ་Żསེམས་གཡོས་པ་ལས་ངག་གྲུབ་པ་དང་། ངག་གིས་བརྡ་ཇི་བཞིན་ཏུ་མ་འཕྲོད་པས་སྨྲེ་ངག་ཐོན་ཞིང་། སྨྲེ་ངག་གིས་ཀྱང་བརྡ་མ་འཕྲོད་པས་གླུ་བྱུང་བ་དང་། གླུ་ཡིས་ཀྱང་མ་ནུས་པར་སྟངས་སྟབས་བྱུང་བའོ་ཞེས་ཐུན་མོང་གི་ཆོས་ཉིད་ལྡན་པའི་གསུང་སྒྲོས་དེ་རིགས་ལ་བརྟག་ན། གླུ་ནི་གདོད་མའི་དུས་སུ་རང་རེ་མེས་པོ་རྣམས་ཀྱིས་སྐད་ཆ་བཤད་ཤེས་པའི་འཕྲོ་རང་འཕྲོར་བྱུང་བ་དང་དེ་བྲོ་གར་ལས་ཀྱང་བྱུང་སྔ་བ་ནི་རིགས་པས་གྲུབ་ཅིང་བདེན་དཔང་བྱས་ཡོད་པ་རེད།
༢.གླུ་ཡི་རྣམས་གྲངས་དང་སྒྱུ་རྩལ་གྱི་ཁྱད་ཆོས་སྐོར།
གླུ་དང་མགུར་ནི་འདོད་རྒྱལ་གྱི་མིང་ཡིན། བོད་སིལ་བུར་མ་ཐོར་བའི་སྔོན་གྱི་ལོ་རྒྱུས་དཔྱད་གཞི་དག་ལ་དབྱེ་ཞིབ་བྱས་པ་ལྟར་ན། སྐབས་དེར། གླུ་ནི་མགུར་དང་མགུར་ནི་གླུ་སྟེ་གཉིས་ཀའི་ལུས་སྲོག་རྒྱན་གང་གི་ཐད་ནས་ཀྱང་གཅིག་འདྲ་ཡིན། ཕྱིས་སུ་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འཕོ་འགྱུར་བྱུང་བའི་རྐྱེན་དུ་མའི་དབང་གིས་གླུ་དང་མགུར་གཉིས་ཀ་ཡང་ཁ་བྲལ་དུ་སོང་ནས་ཆོས་ལུགས་པ་རྣམས་ཀྱིས་བཞེངས་པའི་གླུ་ལ་མགུར་ཟེར་ཏེ། དཔེར་ན་རྗེ་བཙུན་མི་ལ་རས་པའི་མགུར་ལྟ་བུ་དང་། མི་སྐྱ་རིམ་གྲས་ཀྱི་དཔོན་པོ་དང་ངལ་རྩོལ་མི་དམངས་ཁྲོད་ནས་ལེན་པ་ལ་གླུ་ཟེར། བོད་ཀྱི་གཅིག་གྱུར་མ་ཉམས་པའི་སྐབས་ཀྱི་མགུར་གླུའི་ནང་དོན་ནི་ཆབ་སྲིད་དང་ལོ་རྒྱུས་དང་འཚོ་བ་སོགས་ལ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་འབྲེལ་འདྲིས་ཤིན་ཏུ་ཆེ་སྟེ། དཔེ་བཞག་ན། རྒྱལ་བོ་སྲོང་བཙན་སྒམ་པོ་དང་བློན་པོ་བློ་ཐུབ་ཅན་དབའ་དབྱི་ཚབ་ཕ་ཚན་སོགས་མནའ་བསྐྱལ་བའི་དུས་སུ་བླངས་པའི་མགུར་གླུ་ནི་འདི་ལྟ་སྟེ།
ཡར་མོ་ནི་ཆུ་ཐུངས་ཀྱིས།། མདོ་ནས་ནི་རྩང་དུ་བསྲིངས།། ཡར་མོ་ནི་ཞིང་ཆངས་ཀྱིས།། ལྷོ་ནས་ནི་བྱང་དུ་བསྐྱེད།། འཐམ་འཐམ་ནི་འདུ་འདུ་ན།། ངག་རྗེས་ནི་མྱིས་མི་བརྗོད།། འགྲོ་འགྲོ་ནི་འཆམ་འཆམ་ན།། ཆགས་ལྷོ་ནི་ཆུས་ཀྱི་སྣང་།། ད་ནས་ནི་ཕན་ཆད་དུ།། ཁྱོད་ཀྱིས་ནི་ང་མ་གཏང་།། ང་འིས་ནི་ཁྱོད་མྱི་གཏང་།། ང་འིས་ནི་ཁྱོད་གཏང་ན།། དགུང་མཐའ་ནི་སྲུང་དུ་རུང་།། ཁྱོད་ཀྱིས་ནི་ང་གཏང་ན།། ངས་པོ་ནི་རྨད་དུ་རུང་།།
གོང་དུ་བླངས་པའི་གླུའི་དོན་ནི། སྔར་ཡར་ལུང་ཆུ་བོ་སྣ་ཐུང་ཡང་།། དུས་ད་ལྟ་མདོ་ནས་གཙང་དུ་བསྲིངས།། སྔར་ཡར་ལུང་གཙང་བོ་ཞེང་ཆུང་ཡང་།། དུས་ད་ལྟ་ལྷོ་ནས་བྱང་དུ་བསྐྱེད།། ལར་མི་མང་ཚོགས་སུ་འདུ་ས་ནས།། གཏམ་ཕྲ་མ་བཅུག་ཀྱང་ངས་མི་ཉན།། ཁྱོད་གར་སོང་ས་ལ་སླེབས་ན་ཡང་།། རྐང་ཆགས་ལྷམ་ཆུ་ཡིས་མི་སྲིད།། དུས་ཉི་མ་དེ་རིང་ཕན་ཆད་དུ།། ཁྱོད་དབྱི་ཚབ་ཕ་བུས་ང་མ་གཏོང་།། ང་བཙན་པོ་ཡིས་ཀྱང་ཁྱོད་མི་གཏོང་།། ལར་བདག་གིས་ཁྱོད་ཚོ་བཏང་བ་ན།། སྟེང་ནམ་མཁའི་ལྷ་ཡིས་བཀའ་ཆད་ཕོག། ཁྱོད་དབྱི་ཚབ་ཕ་བུས་ང་བཏང་ན།། ང་བཙན་པོས་བཀའ་བཀྱོན་འབེབས་སུ་རུང་།། ཞེས་པ་ལྟ་བུའོ།།
དེ་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་རིམ་ལ་བསྟུན་ནས་གླུའི་ནང་དོན་དང་རྣམ་གྲངས་སོགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཏེ། ད་ལྟ་མདོ་ཁམས་ཀྱི་གླུའི་རྣམ་གྲངས་ལ་མཚོན་ན། ཐོག་མར་འགོ་རྩོམ་པའི་གླུ་དང་། བསྟོད་གླུ། བག་གླུ། སྨྲེང་གླུ། ཁ་མཚར། གླུ་ཤགས། དྲི་གླུ། བར་བྱོལ་གླུ། བཀྲ་ཤིས་བདེ་ལེགས་ཞུ་བའི་གླུ་སོགས་ཡོད་དེ། ལོ་གསར་ཚེས་མགོ་དང་། དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་དང་། སྟོན་མོ་གཉེན་སྒྲིག་ལ་སོགས་པའི་དུས་སུ། ས་དེ་གའི་ཕོ་མོ་རྒན་གཞོན་ཚང་མ་མཉམ་གཅིག་ཏུ་ཚོགས་ནས་དགའ་དགའ་སྐྱིད་སྐྱིད་ངང་ཤ་མར་ཐུད་གསུམ་དང་། ཞོ་འོ་མ་བདུད་རྩི་གསེར་སྐྱེམས་བཅས་ལོངས་སུ་སྤྱོད་པ་དང་ལྷན་དུ་གླུ་ལེན་གར་རྩེ་བྱེད་པའི་ལུགས་སྲོལ་ཆགས་ཡོད།
གླུའི་ནང་དོན་ལ་དང་བོ་བསྐལ་བ་བྱུང་རབས་དང་ས་གཞི་ཆགས་རབས། དུས་བཞིའི་འགྱུར་ལྡོག ལོ་རྒྱུས་དང་ཆོས་ལུགས། ལུགས་སྲོལ་གོམས་འདྲིས། རྩི་ཤིང་དང་སྲོག་ཆགས། འཇིག་རྟེན་པའི་སྐྱིད་སྡུག་ངལ་རྩོལ་དང་ཐོན་སྐྱེད་བཅས་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་ལ་རྗོད་བྱེད་སྙན་ངག་གི་གཟུགས་ཅན་གྱི་རྒྱན་དང་། དཔེ་རྒྱན། རབ་བཏགས། བསྡུས་བརྗོད། མཚུངས་སྦྱོར་སོགས་དོན་རྒྱན་ནམ་སྒྲ་རྒྱན་གྱིས་རྣམ་པར་བརྒྱན་པ་དང་། མཐོ་དམའ་ཕྲ་རགས་རིང་ཐུང་གི་དབྱངས་ཀྱི་ངེས་པ་བདུན་གྱེར་ཏེ་རྣ་བར་སྙན་ཞིང་ཡིད་དུ་འོང་བའོ།།
དབུས་གཙང་གི་གླུ་ནི་ཚན་པ་གཅིག་དང་། ཚན་པ་གཅིག་དེ་ཚེག་ཁྱིམ་དྲུག་དང་ཚིག་རྐང་བཞི་ཡིན། མདོ་ཁམས་ཀྱི་གླུ་ཕལ་ཆེར་ཚན་པ་གསུམ་སྟེ་དང་བོ་གཉིས་པ་དཔེ་དང་། གསུམ་པ་དཔེ་ཅན་ནམ། ཚན་པ་གཅིག་དེ་ཚིག་བར་དྲུག་ནས་བརྒྱད་བཅས་ཡོད།
གླུའི་སྒྱུ་རྩལ་ལ་མཚོན་ན། གླུའི་དཔེ་རྣམས་མང་ཚོགས་དང་འབྲེལ་འདྲིས་ཟབ་ཅིང་གསལ་རེ་བ་མ་ཟད། དཔེ་རྣམས་དོན་དང་མཐུན་ཞིང་དོན་རྣམས་དཔེ་ལས་གོ་བ་དང་། འཚོ་བའི་རྨང་གཞི་རབ་ཏུ་ཆགས་ཤིང་སྙན་ངག་གི་རོ་བཅུད་ཕུན་སུམ་ཚོགས་པ་དང་རྟོགས་པ་འཆར་ཡན་རིང་ལུགས་ཀྱི་རྣམ་འགྱུར་དང་ལྡན་པ། ཁ་གསལ་བ། གོ་སླ་བ། སྡེབ་སྦྱོར་ལེགས་པ། གཞན་གྱི་ཡིད་འགུགས་ཤིང་འཕྲོག་པའི་གསོན་ཉམས་དང་ལྡན་པ། བློ་ལ་འཛིན་བདེ་བ། དབྱངས་ལ་གྱེར་ནས་ལེན་དུས་ཚིག་གི་ལྷུ་འགྲིག་ཅིང་སྙན་ཞིང་འཇེབས་པ་བཅས་ལ་སོགས་པའོ།།
གཞན་ཡང་གླུའི་ནང་དུ་སྲིད་པ་ཆགས་གླུ་དང་། འཇིག་རྟེན་ཆགས་གླུ། ཁྱུང་དང་རུས་སྦལ་གྱི་གླུ། རུས་སྦལ་གྱི་གླུའི་བཤད་པ་སོགས་ཚིག་རྐང་ཧ་ཅང་མང་བོའི་གླུ་ཡང་ཡོད་དེ། སྲིད་པ་ཆགས་གླུ་ལ་མཚོན་ན་ཚིག་རྐང་བརྒྱད་དང་གྱ་ལྔ་ཡོད་པ་དང་། ནང་དོན་འཇིག་རྟེན་འདིའི་ས་གཞིའི་ཆགས་ལུགས་འབྱུང་བ་རྣམ་བཞི། བར་བསྐལ་བཞི། ཕྱོགས་བཞིའི་མཚམས་བརྒྱད་ཀྱི་བྱུང་ཚུལ། གླིང་གཞི་གླིང་ཕྲན་བརྒྱད། དུས་བཞི་དང་དུས་ཚིགས་ཉེར་བཞི་ཆར་ཆུ་བྱུང་ཚུལ་སོགས་ཡོད་དོ།།
འཇིག་རྟེན་ཆགས་ཚུལ་གྱི་རྩོམ་ལུས་ནི་དྲི་བ་དྲིས་ལན་གྱི་ཚུལ་དུ་བརྩམས་པ་དང་། ནང་དོན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ནས་ནང་བཅུད་ཀྱི་སེམས་ཅན་བར་ཕལ་ཆེར་རྒྱ་གཞུང་ནང་ལུགས་མཐུན་པ་དང་། རྩོམ་ཡིག་འདི་རྩོམ་མཁན་སུ་ཡིན་པའི་མིང་མེད་ཀྱང་། རྙིང་མའི་སློབ་དཔོན་རྒྱལ་བ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར༼༡༣༠༨ནས༡༣༦༣༽གྱིས་མཛད་པའི་ཀློང་ཆེན་མཛོད་བདུན་གྱི་ནང་གསེས་ཡིད་བཞིན་མཛོད་དང་། ཀོང་སྦྲུལ་ཡོན་ཏན་རྒྱ་མཚོས༼༡༨༡༣ནས༡༨༩༩༽མཛད་པའི་ཤེས་བྱ་ཀུན་ཁྱབ་སོགས་ཀྱི་གཞུང་དུ་ཐོར་བུ་ཙམ་བཤུས་པ་འདྲ། དེ་ནས་ཁྱུང་དང་རུས་སྦལ་གྱི་གླུ་ནི་མདོར་བསྡུས་ཏེ་རྩ་བ་ལྟ་བུ་དང་། ཁྱུང་ཆེན་གྱི་གླུ་བཤད་པ་དང་རུས་སྦལ་གྱི་གླུ་བཤད་པ་ནི་ཅུང་ཟད་རྒྱས་པར་འཕྲོས་ཏེ་འགྲིལ་བ་འདྲ། གླུ་འདི་གོང་གི་སྲིད་པ་དང་འཇིག་རྟེན་ཆགས་གླུ་གཉིས་དང་བསྡུར་ན་གནའ་བོའི་དམངས་ཁྲོད་ངག་རྩོམ་གྱི་ནང་དོན་དང་ཁྱད་ཆོས་ལྡན་ཏེ། དཔེར་ན། དང་བོ་གནམ་དང་གོ་ལ་ཁ་འཕྲོད་པའི་དུས་སུ། གནམ་ཡར་ལ་འགྱོག་མཁན་ཁྱུང་ཆེན་ཡིན་པ་དང་ས་མར་ལ་གནོན་མཁན་ནི་རུས་སྦལ་ཡིན་པ་བཅས་དྲི་བ་དྲི་ལན་གྱི་ཚུལ་དུ་བཤད་ཡོད་པ་མ་ཟད། རུས་སྦལ་གྱི་གླུ་བཤད་པའི་མཇུག་ཏུ་ད་རུང་སྨེ་བ་དགུའི་རྩི་ཚུལ་དང་སྤར་ཁ་བརྒྱད་ཀྱི་ཆགས་ཚུལ། ལོ་འཁོར་བཅུ་གཉིས་ཀྱི་མཐུན་ཚུལ། ལོ་རྒན་དྲུག་ཅུའི་འཁོར་ཚུལ་སོགས་ཀྱང་ཡོད་དེ་ལ་ལ་ལྷ་སྒྲུང་གི་རྣམ་པ་ལྡན་ཞིང་། ཁ་ཤས་ནི་ཤེས་བྱའི་རིན་ཐང་ཆེན་པོ་ཞིག་ཡོད་པ་རེད། འོག་ཏུ་དཔེར་བརྗོད་ཙམ་རེ་བཀོད་ན།
ཡུལ་གྱི་ནི་སྐལ་པོག་པ།། ཁྱུང་ལུང་ནི་རྡུང་མཁར་ཞིག། མུ་པུ་ནི་གཞན་ན་རེ།། བྱི་བལྟས་ནི་ངམ་དང་བྲག། ནང་བལྟས་ནི་གསེར་དང་དབྱིག། བདག་གི་ནི་གཡར་སྔ་རུ་།། མཆིས་སུ་ནི་མ་ཐོ་འམ།། སྐྱ་མོ་ནི་བསེང་བསེང་མོ།། བྲན་གྱི་ནི་སྐལ་པོག་པ། གུ་གེ་ནི་རྐང་བྲན་ཞིག། འཁོལ་དུ་ནི་མ་ཐོའམ།། གུང་གེ་ནི་བདྲིས་ཤིང་སྡང་།། ཟས་གྱི་ནི་སྐལ་པོག་པ།། ཉ་དང་ནི་གྲོ་མཆིས་ཏེ།། འཚལ་དུ་ནི་མ་ཐོའམ།། ཉ་གྲོ་ནི་བཆའ་ཞིང་དཀའ།། ཕྱུགས་ཀྱི་ནི་སྐལ་པོག་པ།། ཤ་དང་ནི་རྐྱང་མཆིས་སྟེ།། འཚོ་ར་ནི་མ་ཐོའམ།། ཤ་རྐྱང་ནི་བཙའ་ཞིང་རྒོལ།། ཀྱེ་བྱང་འབྲོག་ནི་ཡ་པི་ན།། ཕོ་མོའི་ནི་འགྲོག་གཆིག་པ།། བྱང་འབྲོག་ནི་འབྲོང་དགུམ་ན།། པུ་ནས་ནི་ཁུས་འདེབས་པ།། ལྡོང་ཏོང་ནི་འཕན་གྱིས་ཐོག། མདའ་ནས་ནི་གཡབ་འདོར་བ།། སྐྱིའི་ནི་ཤ་དང་སྤྲུག། དབུས་ནས་ནི་དཔོར་འཕེན་པ།། ཡར་གྱི་ནི་ལྷོ་དང་རྔེགས།། པུ་ནས་ནི་ཁུས་བཏབ་ཚིང་།། མདའ་ནས་ནི་གཡབ་བོར་ནས།། དེ་འི་ནི་བར་བར་དུ།། ཕོ་མའི་ནི་འབྲོག་བཀུམ་ཞིང་།། ཐུར་ཐུར་ནི་པྱིང་བའི་བཅུད།། རུ་རུས་ནི་ལྡོག་ཏོང་སྩལད།། ཝོ་ཤོག་ནི་ཤ་སྤྲུག་སྩལ་དང་།། མཆིས་བའི་ནི་རུ་སྲུབས་ལ།། སྟག་གི་ནི་ཤ་བཏགས་ཤིང་།། གཡས་སུ་ནི་མ་ཡོ་ཞིག། གཡོན་དུ་ནི་མ་རྡལ་ཆིག། གཡས་སུ་ནི་ཡོ་བ་ན།། སོ་བྱ་ནི་གྲོ་བོ་ཆུང་།། གཡོན་དུ་ནི་རྡལ་བ་ན།། སྲམ་བུ་གོང་ཏེ་དངུལ།། མར་གྱི་ནི་ཆང་ཆང་ལ།། གུར་གྱིས་ནི་མ་བནབས་ན།། སང་པྱི་ནི་གནངས་སླད་ན།། སྲམ་གྱི་ནི་འཚལ་ཏ་རེ།། ཉ་མོ་ནི་མཐོང་རྒོལ་ཞིག། མཐོང་རྒོལ་ནི་མཐོང་ལ་རྒོལ།། མཆིལ་པའི་ནི་སྣར་ཐོགས།། རིང་གི་ནི་གོད་ལན་དང་།། སའི་ནས་ནི་ཤེས་མྱིག་གཉིས།། ག་མྱི་ནི་གྱི་གོ་ལྟ།། གཉེན་དུ་ནི་མི་མཐུན་ཏེ།། ཇེ་ཉེ་ནི་ཇེ་ཉེ་ན།། ཡར་ལ་ནི་དགུང་དང་ཉེ།། དགུང་སྐར་ནི་སི་ལི་ལི།། ཇེ་ཉེ་ནི་ཇེ་ཉེ་ན།། གྱ་སྐར་ནི་བྲག་དང་ཉེ།། བྲག་སྐར་ནི་སི་ལི་ལི།། སྤུར་བ་ནི་ཆབ་དང་ཉེ།། གྱུར་སྲམ་ནི་པྱོ་ལ་ལའ།། ཉེན་ཀར་ནི་དོག་དང་ཉེ།། འབྲས་དྲུག་ནི་སི་ལི་ལི།། མལ་དྲོ་ནི་ཀླུམ་དང་ཉེ།། སྐྱི་སེར་ནི་སྤུ་རུ་རུ།། ཇེ་ཉེ་ནི་ཇེ་ཉེ་ན།། ར་ཉི་ནི་བྱུག་པ་ཐུ།། ཡར་གྱི་ནི་བྱེ་མ་ལ།། ལྷན་ལྷན་ནི་འགྲོས་མོ་འདི།། སྐྱི་འི་ནི་པུར་ཐབས་སུ།། ཟ་དུར་ནི་བཏབ་ཀྱང་རུང་།།
གོང་གི་མགུར་འདི་ད་ལྟའི་སྐད་དུ་བསྒྱུར་ན།
མི་ང་ལ་ཡུལ་གྱི་སྐལ་ཐོབ་པ།། མཁར་ཆེན་པོ་ཁྱུར་ལུང་རྔུལ་མཁར་རེད།། སྟོབས་ཆེ་བས་གཞན་ལ་རེ་དགོས་མེད།། ཕྱི་བལྟས་ན་ངམ་རོང་བྲག་གིས་བསྐོར།། ནང་བལྟས་ན་གསེར་དང་དབྱིག་གིས་ཁེངས།། དེ་བདག་གི་གཡར་སྔའི་རྒྱན་དང་འདྲ།། རྒྱན་དེ་འདྲ་མཆིས་པ་ཨེ་མ་མཚར།། སེམས་སྐྱ་མོའི་སྡུག་བསྔལ་བསང་ཐབས་བྲལ།། མི་ང་ལ་བྲན་གྱི་སྐལ་ཐོབ་པ།། སྟོད་མངའ་རིས་གུ་གེའི་སྐར་ཕྲན་རེད།། འཁོར་དེ་འདྲ་མཆིས་པ་ངོ་མཚར་ཡང་།། བྲག་གུ་གེ་པ་རྣམས་འདྲིས་ཤིང་སྡང་།། མི་ང་ལ་ཟས་ཀྱི་སྐལ་ཐོབ་པ།། གྲོ་བག་ཕྱེ་ཉ་ཡི་ཤ་དག་མཆིས།། ཟས་དེ་འདྲ་མཆིས་པ་ངོ་མཚར་ཡང་།། གྲོ་ཉ་ཤ་ཟ་བཞིན་ཇེ་ཁ་རེད།། མི་ང་ལ་ཕྱུགས་ཀྱི་སྐལ་ཐོབ་པ།། ཤ་རྭ་རི་རི་རྐྱང་སྔོན་མོ་རེད།། ཕྱུགས་ཤ་རྐྱང་འཚོ་བ་ངོ་མཚར་ཡང་།། ཤ་རི་རྐྱང་འཚོ་བཞིན་ཇེ་རྒོད་རེད།། ཀྱེ་བྱང་འབྲོག་རྩྭ་ཐང་ཡ་གི་ན།། འབྲོང་རྒོད་པོ་དེ་འདྲ་བཀུམ་འདོད་ན།། དུས་ལྡོང་སྟོང་ཅན་གྱི་འཕན་པོ་རྣམས།། འབྲོང་བྲེ་སེར་རྭ་རྩེ་ནོར་པོ་ཅན།། ལུང་བའི་ཕུ་ནས་ཀི་ཞིག་ཐོབས།། སྐྱིད་ཆུའི་བརྒྱུད་ཀྱི་ཤ་དང་སྤུག། ལུང་བའི་ཕྱོགས་ཀྱི་ལྷོ་དང་རྔོགས།། དེ་ཡི་བར་ནས་འུར་ཞིག་རྒྱོབ།། ཚུལ་དེ་ལྟར་ཕུ་ནས་ཀི་འདེབས་ཤིང་།། ལུང་བའི་མདོ་ནས་ལན་བྱིན་ཏེ།།  དེའི་བར་ནས་བྲེ་སེར་འབྲོང་བཀུམ་ན།། འབྲོང་རུ་ཐུར་ཕྱིང་བ་མཁར་གྱི་བཅད།། མི་ང་ལ་ཡུལ་གྱི་སྐལ་ཐོབ་པ།། མཁར་ཆེན་པོ་ཁྱུང་ལུང་རྔུལ་མཁར་རེད།། སྟོབས་ཆེ་བས་གཞན་ལ་རེ་དགོས་མེད།། ཕྱི་བལྟས་ན་ངམ་རོང་བྲག་གིས་བསྐོར།། ནང་བལྟས་ན་གསེར་དང་དབྱིག་གི་ཁེངས།། དེ་བདག་གི་གཡར་སྔའི་རྒྱན་དང་འདྲ།། རྒྱན་དེ་འདྲ་མཆིས་པ་ཨེ་མ་མཚར།། གློ་རུ་མ་ལྡོང་དང་སྟོབ་ལ་སྩོལ།། ཤ་པགས་པ་ལྷོ་དང་རྔེགས་ལ་བྱིན།། རྐང་ཡན་ལག་ཤ་དང་སྤུག་ལ་སྩོལ།། ཉ་འཛིན་བྱེད་ལྕགས་ཀྱུའི་རྩེ་མོ་ལ།། ཞེས་པ་ལྟ་བུའོ།།
སྟག་དམར་ཡག་ཤ་ཡ་བུམ་བུ་ཐོགས།། གཡས་སུ་མ་ཡོ་མ་གཟུར་ཅིག། གཡོན་དུ་མ་མཁྱོག་མ་འདའ་ཨང་།། གལ་ཏེ་གཡས་སུ་ཡོན་པ་ན།། གྲེ་ཆུང་སོ་བྱས་བཟའ་གྲབས་ཡོད།། གལ་ཏེ་གཡོན་དུ་འདས་པ་ན།། ཆུ་སྲིན་ནག་པོས་མིད་གྲབས་ཡོད།། དོན་དེ་ཕྱིར་མར་ལ་འཕྱང་འཕྱག་སྟེ།། དུས་དེ་འཕྲལ་ཉ་མོ་མ་བཟུང་ན།། སང་གནངས་ཀའི་ཉི་མ་སླེབས་པའི་ཚེ།། སྲམ་ནག་པོའི་ཁ་ཡི་ཟས་སུ་འགྱུར།། དེ་ལྟ་བུའི་ཉ་མོ་མཐོང་རྒོལ་ཞིག། ལུས་རྩལ་གྱིས་རྟགས་ཤིང་རྒོལ་ཡང་རྒོལ།། དེ་མཆིས་པའི་སྣ་ལ་མྱུར་དུ་ཐོགས། མཐོ་ནམ་མཁའི་ལམ་གྱི་དགུ་ཚིགས་དང་།། དམའ་དོག་མོ་ས་ཡི་ཆུ་མིག་གཉིས།། འགྲོགས་བསམ་ཀྱང་གཉེན་དུ་མི་མཐུན་ཏེ།། ཐག་ཇེ་ཉེ་ཇེ་ཉེ་སོང་བ་ན།། གནམ་དགུ་ཚིགས་ཨ་སྔོན་དགུང་དང་ཉེ།། དགུང་ཨ་སྔོན་རྒྱུ་སྐར་འོད་ལམ་ལམ་།། ཐག་ཇེ་ཉེ་ཇེ་ཉེ་སོང་བ་ན།། སའི་ཆུ་མིག་བླ་སྒར་བྲག་དང་ཉེ།། བྲག་དཀར་བོ་སིལ་ལེར་གཏོར་ལ་ཉེ།། མཁར་སྤུར་བ་ཉེ་ཉེ་ཆབ་དང་ཉེ།། ཆུའི་ནང་ན་ཆུ་སྲམ་སྔོན་མོ་འཕྱོ།། ཕོ་བྲང་ཉེན་ཀར་དོག་དང་ཉེ།།འབྲས་ས་ལུ་ལྗང་བ་སྔོ་ལྡེམ་ལྡེམ།། མལ་དྲོ་གུང་དཀར་ཀླུམ་དང་ཉེ།། ཀླུམ་ཡ་གསུམ་གྲང་རླུང་འུར་འུར་ལྡང་།། ཐག་ཇེ་ཉེ་ཇེ་ཉེར་སོང་བ་ན།། ལྗོན་ཤིང་ཤ་ཉེ་ཤུག་པ་མང་།། ཡར་སྟོད་ཕྱོགས་བྱེ་མའི་ཐང་ཆེན་དུ།། ག་ལེར་འགྲོ་བའི་མི་ཆེན་དེ།། སྐྱིད་ཆུ་སྔོན་མོའི་གཞུང་ལ་བསྐྱུར།། ཉ་སྲམ་དག་གི་སྲས་སུ་རུང་།།
ཞེས་གོང་གི་མགུར་གླུ་འདི་ལེན་མཁན་ནི་རྒྱལ་བོ་སྲོང་བཙན་སྒམ་པོའི་གཅུང་མོ་སད་མར་དཀར་ཞེས་བྱ་བ་དེ་རེད། སྲོང་བཙན་སྒམ་པོས་ཆབ་སྲིད་ཀྱི་དགོས་མཁོ་དབང་གིས་རང་གི་གཅུང་མོ་སད་མར་དཀར་དེ་ཞང་ཞུང་གི་རྒྱལ་བོ་ལི་མྱི་རྷྱ་ལ་བག་མར་བྱིན། འོན་ཀྱང་། རྒྱལ་བོས་སད་མར་དཀར་མ་འདོད་པར་ཆེན་མ་ཤེ་བཟའ་དང་སྙིང་ཉེ་བར་བྱས། དེའི་ཕྱིར། སད་མར་དཀར་ཡིད་ཆད་ནས་མཚོ་མ་ཕམ་དུ་སོང་ནས་ལོགས་སུ་བསྡད། སྲོང་བཙན་གྱིས་གཏམ་དེ་གསན་རྗེས། སད་མར་དཀར་གྱིས་དེ་ལྟར་བྱས་ན་ཆབ་སྲིད་ཀྱི་དཀྲུགས་མར་འགྱུར་བར་དོགས་ནས། བློན་པོ་སྤུག་གྱིམ་བཙན་རྨང་ཆུང་བྱ་བ་ཕོ་ཉར་མངགས་ཏེ།༼དེ་ལྟར་མ་བགྱིད་བར་ལིག་མྱི་རྷྱའི་སོ་ནམ་དང་བུ་སྲིད་ཟུངས་ཤིག༽ཅེས་བཀའ་བསྒོས་པས། སད་མར་དཀར་གྱིས་གླུ་འདི་བླངས་པ་རེད། མགུར་འདིའི་ནང་དུ་བཙན་མོས་སད་མར་དཀར་རང་ཉིད་ཀྱི་སྡུག་བསྔལ་མཚོན་པ་མ་ཟད། ཞང་ཞུང་གི་རྒྱལ་བོ་ལིག་མྱི་རྷྱ་དེ་བྱང་འབྲོག་ཐང་གི་འབྲོང་ཞིག་ལ་དཔེ་བྱས་ནས། གཅེན་པོ་སྲོང་བཙན་གྱི་རུས་མིང་ལྡོང་དང་སྟོང་། ཤ་དང་། སྤུག་དང་། ལྷོ་དང་། རྔོགས་ལ་སོགས་པའི་བློན་པོ་ཆེ་འབྲིང་ཆུང་གསུམ་རྣམས་དང་གཅིག་སྒྲིལ་གྱིས་འཐབ་དུ་ཡོང་ཕོད་ན། སྲོང་བཙན་བཞུགས་སའི་མཁར་རྫོང་ཕྱིང་བ་སྟག་རྩེ་དཔེ་མཚོན་བྱས་པའི་བོད་ཀྱི་རྒྱལ་ཁབ་ཀྱི་རྒྱ་བསྐྱེད་ཐུབ་པ་དང་།  གལ་ཏེ་ཐེ་ཚོམ་སྐྱེས་ནས་དུས་འགྱངས་པར་བྱས་ན། ཞང་ཞུང་ནི་གཞན་དབང་དུ་བསྡུ་ངེས་པས། ཁྱོད་རྗེ་བློན་རྣམས་ཀྱིས་དམག་ཁྲིད་དེ་མྱུར་མོར་ཤོག་ཅིག་ཅེས་པའི་གསང་བརྡ་བཏང་བ་རེད། མགུར་གླུ་འདི་ཁུར་རྟེན་དུ་ཕྱག་རྗེས་བཏབ་པའི་གཡུ་རྙིང་སུམ་ཅུ་བསྐུར། དེའི་དོན་ནི། ཁྱོད་ཚོས་ཞང་ཞུང་རྒྱལ་བོར་རྒོལ་ཕོད་ན་གཡུ་བཟང་བོ་འདི་ཐོགས་དང་། མི་ཕོད་ན་བུད་མེད་དང་འདྲ་སྟེ་སྲོག་ཞུ་གྱོན་ཅིག་ཅེས་པའི་དོན་རྣམས་སྲོང་བཙན་ཀྱིས་དཔྱད་པས་རྟོགས་ཏེ། རྗེ་བློན་རྣམས་དམག་གྲོས་བྱས་ཏེ་མཐར་ཞང་ཞུང་དབང་དུ་བསྡུས་སོ།།
གོང་གི་མགུར་གླུ་འདི་ནི་ད་ལྟའི་སྔོན་གྱི་ལོ་ངོ་ཆིག་སྟོང་སུམ་རྒྱའི་དུས་སུ་བླངས་པ་རེད། གླུ་འདིའི་ལུས་དང་སྲོག་དང་རྒྱན་བཅས་ལ་བརྟགས་ན། སད་མར་དཀར་ནི་སྐབས་དེའི་གླུ་མ་དང་སྙན་ངག་མཁན་ཁྱད་པར་དུ་འཕགས་པ་ཞིག་ཡིན་པའི་མི་ཚད། རང་རེ་བོད་རིགས་ཀྱི་གླུ་གདོད་མའི་དུས་སུ་བྱུང་བ་དང་སྲོང་བཙན་གྱི་སྐབས་ལ་ཐོན་དུས། ཆེས་མཐོ་བའི་ཆུ་ཚད་དུ་སླེབས་ཡོད་པ་ནི་སད་མར་དཀར་ལགས་ཀྱི་གླུ་ལས་ཀྱང་གསལ་བོར་ཤེས་ཐུབ་པ་རེད།
ངལ་རྩོལ་གྱི་གླུ་ལ་མཚོན་ན་ཡང་མང་སྟེ། ལུག་རྫིའི་གླུ་དང་། རྔོན་པའི་གླུ། མར་དཀྲུགས་པའི་གླུ། འཐག་ཐག་པའི་གླུ། ས་རྡོ་ཁུར་བའི་གླུ། ས་བཅགས་པའི་གླུ། ལུད་གསོག་པའི་གླུ། ལོ་འབྲེག་པའི་གླུ། གདན་འཇོག་པའི་གླུ། ཤོག་རྩིག་པའི་གླུ། གཡུལ་ཁ་རྡུང་བའི་གླུ་སོགས་ཡོད་དེ། 
དཔེར་ན་གཡུལ་ཁ་རྡུང་བའི་གླུ་ནི་འདི་ལྟ་སྟེ།
རྡུང་ས་ཀུན་དགའ་ར་བ་ཡིན།། རྡུང་རྒྱུ་འབྲུ་སྲན་སྣ་ལྔ་ཡིན།། རྡུང་མི་བུ་ཚ་བུ་མོ་ཡིན།། དབྱུག་སྐོར་ཙན་ཏན་སྡོང་བོ་ཡིན།། འཕང་ལོ་གསེར་གྱི་རྡོ་རྗེ་ཡིན།། དབྱུག་རྒྱུན་འབྲོང་ཀོ་མཉེས་མ་ཡིན།།     དབྱུག་མདའ་མདའ་སྙུག་བྱང་མ་ཡིན།། སྡུད་མ་རྨ་བྱའི་སྒྲོ་ཐིག་ཡིན།། ཁར་ཡག་ཚེས་བརྒྱད་ཟླ་བ་ཡིན།། ཅོ་མ་དངུལ་དཀར་བུམ་པ་ཡིན།། འདྲོང་ཚགས་གསེར་སྐུད་སླས་མ་ཡིན།། འཕྱར་མི་སྨན་ཤར་བུ་མོ་ཡིན།། ཞེས་དང་།
ཞིང་འདེབས་པའི་གླུ་ནི།
ཞིང་དེ་ཡངས་ཤིང་ནང་ལ་ལུང་གཅིག་བསྐྱེལ།། ཕོ་རོག་ནག་ཆུང་ས་ལ་བབས་པ་འདྲ།། ཞིང་དེ་ཡངས་ཤིང་ནང་ལ་ཆུ་གཅིག་གཏོང་།། གནམ་བདེ་སྔོན་མོ་ཐང་ལ་ལྷུང་བ་འདྲ།། ཨ་ཅེ་སྣང་སས་སོན་གཅིག་བཏབ།། གཡོག་མོ་འཛོམ་པ་བུ་ཁྲིད་སོན་གཡོག་རྒྱུགས།། ཞིང་བ་དེ་ལ་རྨོད་ཅིག་བརྒྱབ་པ་ན།། སྤང་སྟོད་ཕྱོགས་ལ་མདའ་མོ་བཏང་བ་འདྲ།། རེས་སྐོར་དེ་ཚོ་ཚུར་ལ་བསྐོར་བ་ན།། ཆུ་འཁོར་གཞུ་མོ་བཀུག་པ་འདྲ།། ཁྱུང་དཀར་མཛོ་ཕོ་གཉིས་ཀྱི་གཉའ་ནས་སྦྲེལ།། འཕྲེད་འཇོག་ཡག་མོ་གསེར་གྱི་འཕྲེད་འཇོག་ཡོད།། ཐོང་བ་ཡག་མོ་གཡུ་ཡི་ཐོང་བ་ཡོད།། ལག་བཟུང་ཡག་མོ་གོ་བོ་གཤོག་བརྒྱངས་འདྲ།། རྭ་དར་ཡག་མོ་དར་ཚོན་སྣ་ལྔ་ཡོད།། འབྲུ་སྣ་དཀར་ནག་འཛོམས་པ་འདི་ནས་བྱུང་།། འཚོ་བ་བདེ་ཞིང་སྐྱིད་པ་འདི་ནས་བྱུང་།།
ཞེས་གླུ་ཚིག་འདི་དག་གི་ནང་དུ་བོད་རིགས་མི་དམངས་རྣམས་ངལ་རྩོལ་ལ་དགའ་བའི་ཉམས་འགྱུར་དེ་གསོན་ཉམས་ལྡན་པའི་ངང་མཚོན་ཡོད་པ་རེད།
ཡང་བྱིས་གླུ་ནི།
ཨ་ཁུ་རྒྱལ་བོ་ཚང་གི་ལ་ཁ་ན།། གྲོ་འབྲུ་ནས་འབྲུ་ཐ་ར་ར།། གྲོ་གྲོ་མ་ཟེར་ལ།། གྲོ་དེ་བྱེའུས་འཐུ་ལ་ཁད།། བྱེའུ་ཐི་བྱེའུ་ཐི་མ་ཟེར་ལ།།བྱེའུ་ཐི་ལོའུ་ལི་འཆའ་ལ་ཁད།། ལོའུ་ལི་ལོའུ་ལི་མ་ཟེར་ལ།། ལོའུ་ལི་ཐང་ལ་ལྡིང་ལ་ཁད།། ཐང་ལ་ཐང་ལ་མ་ཟེར་ལ།། ཐང་ལ་འཇག་མ་སྐྱེས་ལ་ཁད།། འཇག་མ་འཇག་མ་མ་ཟེར་ལ།། འཇག་མ་ར་མས་བཏོགས་ལ་ཁད།། ར་མ་ར་མ་མ་ཟེར་ལ།། ར་མ་སྤྱང་ཀིས་འཆའ་ལ་ཁད།། སྤྱང་ཀི་སྤྱང་ཀི་མ་ཟེར་ལ།། སྤྱང་ཀི་སྒང་ལ་འགྲོ་ལ་ཁད།། སྒང་ལ་སྒང་ལ་མ་ཟེར་ལ།། སྒང་ལ་ཁངས་སྐྱ་འབབ་ལ་ཁད།། ཁངས་སྐྱ་ཁངས་སྐྱ་མ་ཟེར་ལ།། ཁངས་སྐྱ་ཉི་མས་བཞུ་ལ་ཁད།། ཉི་མ་ཉི་མ་མ་ཟེར་ལ།། ཉི་མ་ཚང་ལ་འཇའ་ལ་ཁད།། ཚང་ལ་ཚང་ལ་མ་ཟེར་ལ།།  ཚང་ལ་བྱེའུ་ཕྲུག་འཛུལ་ལ་ཁད།། བྱེའུ་ཕྲུག་བྱེའུ་ཕྲུག་མ་ཟེར་ལ།། བྱེའུ་ཕྲུག་སྡོང་མགོར་འཕུར་ལ་ཁད།། སྡོང་བོ་སྡོང་བོ་མ་ཟེར་ལ།།  སྡོང་བོ་སྟ་རེས་གཅོད་ལ་ཁད།། སྟ་རེ་སྟེ་མ་ཟེར་ལ།། སྟ་རེ་མགར་བས་བརྡུང་ལ་ཁད།། མགར་བ་མགར་བ་མ་ཟེར་ལ།། མགར་བས་ལག་རྩལ་བརྗེད་ལ་ཁད།།
ཅེས་བྱིས་པའི་གླུ་ཆུང་འདི་ནི་སྦྱོར་བདེ་བ། ཁ་གསལ་བ། བྱིས་པའི་སེམས་དེ་དང་མཐུན་པའི་ནང་དོན་ལྡན་པ། བྱིས་པར་དགའ་བ་བསྐྱེད་པར་བྱེད་པའི་ཤེས་བྱའི་རིགས་མཆིས་པས་བྱིས་གླུ་བཟང་བོ་ཞིག་ཡིན་པས་སོ།།
དེ་མིན། བཙན་ཚོད་མེད་ཀྱི་དཔོན་ངན་དང་ཕྱུག་ཚོད་མེད་ཀྱི་ཕྱུག་པོ་དང་ཕྱི་བཙན་འཛུལ་མཁན་བཅས་ལ་སུན་འབྱིན་དང་ངོ་རྒོལ་བྱེད་པར་བྱ་བའི་གླུ་ཡང་ཡོད་དེ། དཔེར་ན། དབུས་གཙང་གི་གླུ་ལ།
ཞིང་བས་འབད་པས་ལོ་ཏོག། ཞིང་བདག་སྐུ་དྲག་འཕྲོག་སོང་།། ས་ཞིང་མེད་པའི་ཞིང་གཡོག། བཀྲེས་སྐོམ་དབུལ་བས་མནར་སོང་།། ཞེས་དང་།
ལག་ཏུ་དབྱུག་པ་བཟུང་ནས།། ཟ་མ་འཚོལ་བའི་ཨ་ཇོ།། བསོད་ནམས་མེད་པ་མ་རེད།། བསོད་ནམས་གཞན་གྱི་འཕྲོག་སོང་།། ཞེས་དང་།
ཆུ་ཆེན་ཡུལ་གྱི་དགྲ་རེད།། ཆུ་ཆུང་ལམ་གྱི་དགྲ་རེད།། ཁྲལ་དང་བུ་ལོན་གཉིས་ཀ། ནམ་ཡང་སོ་སོའི་དགྲ་རེད།། ཅེས་དང་།
ཨ་ལྕེ་ལྷ་མོ་ལྷ་རེད།། ལྷ་ཡི་ཐུག་པ་ཆུ་རེད།། རྒྱ་ནག་ཤེལ་སྒོ་མི་དགོས།། ཐུག་པའི་ནང་ནས་གཟིགས་ཆོག། ཅེས་དང་།
འཇམ་པོ་བལ་གྱི་སླས་པའི།། འུར་རྡོ་ཆུ་མིག་དགུ་བསྒྲིགས་།། ཆུ་མིག་གཞུང་ནས་བརྒྱབ་པས།། དབྱིན་ཇིའི་སྣ་ལ་ཐེབས་སོང་།།
ཞེས་པ་སོགས་ཚིག་ཉུང་ལ་དོན་རྣོ་བ་དང་གནད་དུ་ཕོག་པའི་ཆབ་སྲིད་དང་ལོ་རྒྱུས་ཀྱི་ནང་དོན་ལྡན་པའི་རྩོམ་སྟངས་འདི་ནི་མུ་མཐུད་དུ་བེད་སྤྱོད་པ་ལས་སྣང་ཆུང་བྱེད་མི་འོས་པ་ཞིག་རེད།
མདོ་ཁམས་ཀྱི་གླུ་ལེན་པའི་རིམ་པ་ནི་འདི་ལྟ་སྟེ།
དང་བོ། གླུ་འགོ་ལེན་པའི་སྐོར།
རི་མགོ་རྫ་མགོ་གངས་ཀྱི་རྫོང་།། གངས་བཞུས་ནས་བདུད་རྩི་བསིལ་མར་གྱུར།། ཕ་ཨ་ཁུས་ཆང་སྐལ་དལ་མོར་བཞེས།། དལ་མོར་བཞེས་དང་ཡུན་གྱིས་རྩེ།།
རི་སྐེད་རྫ་སྐེད་ནགས་ཀྱི་རྫོང་།། ནགས་རྒྱས་ནས་ལོ་མ་ཇ་རུ་ལོག། སྤུན་ན་ཟླས་ཇ་སྐལ་དལ་མོར་བཞེས།། དལ་མོར་བཞེས་དང་ཡུན་གྱིས་རྩེ།།
རི་གཞོང་ཐང་གཞོང་ནས་ཀྱི་རྫོང་།། ནས་བཏགས་ནས་སྦྲང་དཀར་རྩམ་པར་ལོག། མ་སྲུ་མོས་ཟས་སྐལ་དལ་མོར་བཞེས།། དལ་མོར་བཞེས་དང་ཡུན་གྱིས་རྩེ།།

གཉིས་པ། བསྟོད་གླུའི་སྐོར།
རྫ་མཐོན་པོ་ཞིག་ལ་གླུ་ཞིག་ལེན།། རྫ་མགོ་དཀར་པོ་གངས་ཀྱིས་བཟུང་།། རྫ་སྐེད་སྔོན་མོ་སྨུག་པས་བསྐོར།། རྫ་འདབས་གཙང་མོ་ཆུ་ཡིས་བསྐོར།། ཇི་འདྲ་འདྲིའི་རི་བོ་ལྷུན་འགྲུབ་ཅིག།
ཐང་ཆེན་པོ་ཞིག་ལ་གླུ་ཞིག་ལེན།། ཐང་མགོ་གཡང་དཀར་ལུག་གིས་གང་།། ཐང་སྐེད་འབྲི་དང་མཛོ་མོས་གང་།། ཐང་འདབས་རྒྱེའུ་དང་རྒྱ་མོས་གང་།། ཇི་འདྲ་འདྲའི་ཐང་གཞོང་ལས་འགྲུབ་ཅིག།
སྡེ་ཆེན་པོ་ཞིག་ལ་གླུ་ཞིག་ལེན།། གྲལ་མགོར་ཕ་དང་ཨ་ཁུ་བཞུགས།། གྲལ་སྐེད་བུ་དང་ཚ་བོ་བཞུགས།། གྲལ་རྔ་མ་དང་སྲུང་མོ་བསྐོར་།། ཇི་འདྲ་འདྲའི་སྡེ་བ་ལས་ཅན་ཞིག།

གསུམ་པ། བག་གླུའི་སྐོར།
དགུང་ཨ་སྔོན་ཚང་ལ་བཅོལ་རྒྱུ་ཡོད།། འབྲུ་ལྗང་ལོ་ད་རུང་ན་ཆུང་ཡིན།། ཆུ་ཆར་བ་ས་ལ་ཉམས་རེ་ཞོག།
རྫ་ཁྲ་ཡག་ཚང་ལ་བཅོལ་རྒྱུ་ཡོད།། འབྲོང་བྲེ་ལོ་ད་རུང་ན་ཆུང་ཡིན།། རྫ་རྦབ་རྡོ་ས་ལ་ཉམས་རེ་ཞོག།
གནས་ཕ་མ་གཉིས་ལ་བཅོལ་རྒྱུ་ཡོད།། མ་བུ་མོ་ད་རུང་ན་ཆུང་ཡིན།། གཡུག་ལས་ཀ་ས་ལ་ཉམས་རེ་ཞོག།

བཞི་བ། ཁ་མཚར་གྱི་སྐོར།
ར་མ་མི་བཟང་མ་ཟེར་ལ།། ཚེ་ཚེ་ར་མའི་སྤུ་མགོ་ན།། མགོ་ནག་མི་ཡི་མགོ་སྐྲ་ཡོད།།
ར་མ་མི་བཟང་མ་ཟེར་ལ།། ཚེ་ཚེ་ར་མའི་སྤུ་སྐེད་ན།། རྒྱ་ནག་ཁུལ་ཞྭ་འཇོག་བྱེད་ཡོད།།
ར་མ་མི་བཟང་མ་ཟེར་ལ།། ཚེ་ཚེ་ར་མའི་སྤུ་རྟིང་ན།། སྔགས་རྒན་རྔ་ཆེན་གཡོག་བྱེད་ཡོད།།

ལྔ་བ། སྨྲེང་གླུའི་སྐོར།
སྐྱ་གསལ་ལེ་སྐྱ་མདའ་གཏོང་དུས་ན།། ང་ད་ལོངས་ཟེར་བའི་ཕ་ཞིག་དགོས།། ཕ་མེད་ན་ནམ་མཁའ་སྟོང་བ་རེད།།
སེར་གྱི་ལེ་ཉི་རྩེ་འཇོག་དུས་ན།། ང་ད་ཐུངས་ཟེར་བའི་མ་ཞིག་དགོས།། མ་མེད་ན་ཆུ་ཁོལ་འཁྱགས་པ་རེད།།
དགྲ་ནག་པོ་ཁིས་ནས་འབུད་དུས་ན།། ང་ད་རྒྱུགས་ཟེར་བའི་སྤུན་ཞིག་དགོས།། སྤུན་མེད་ན་མདའ་ཤིང་སྒྲོ་མེད་རེད།།

དྲུག་པ། གླུ་ཤགས།
ཐང་དཀར་རྒོད་པོའི་གཤོག་འོག་ན།། གཤོག་སྒྲོ་ར་མ་རིགས་ཆ་ཡོད།། བུ་རྩལ་ཆེན་ཡིན་ན་ལེན་གི་ཤོག།
བྲེ་སར་འབྲོང་གོ་རྭ་བར་ན།། མཚོན་ཆ་ར་མ་རིགས་ཆ་ཡོད།། བུ་སྙིང་སྟོབས་ཡོད་ན་ལེན་གི་ཤོག།
གླུ་བ་རྒན་པོའི་ལྕེ་སྣེ་ན།། གླུ་ཤགས་ར་མ་རིགས་ཆ་ཡོད།།   ཁྱོད་གླུ་བ་ཡིན་ན་འདྲི་གི་ཤོག།

བདུན་པ། དྲི་བ་དྲིས་ལན།
དྲི་བ། སྲིད་པའི་བ་ཆུང་བཤའ་དུས་ན།། ཤ་མཐེ་བོང་ཙམ་ཞིག་བོར་ནས་ཡོད།། དེ་བརྐུས་པའི་རྐུན་མ་སུ་ཡིན་ཤོད།
སྲིད་པའི་བ་ཆུང་བཤའ་དུས་ནས། ཁྲག་ཁམ་གང་ཙམ་ཞིག་བོར་ནས་ཡོད།། དེ་བརྐུས་པའི་རྐུན་མ་སུ་ཡིན་ཤོད།
སྲིད་པའི་བ་ཆུང་བཤའ་དུས་ན།། ཚིལ་ལག་མཐིལ་ཙམ་ཞིག་བོར་ནས་ཡོང་།། དེ་བརྐུས་པའི་རྐུན་མ་སུ་ཡིན་ཤོད།།
ལན། སྲིད་པའི་བ་ཆུང་བཤའ་དུས་ན།། ཤ་མཐེ་བོང་ཙམ་ཞིག་བོར་ནས་བོ།། དེ་བརྐུས་པའི་རྐུན་མ་བྱ་ཕོ་ཡིན།། བདེན་མི་བདེན་བྱ་ཕོའི་མགོ་ལ་ལྟོས།།
སྲིད་པའི་བ་ཆུང་བཤའ་དུས་ན།། ཁྲག་ཁམ་གང་ཙམ་ཞིག་བོར་ནས་བོ།། དེ་བརྐུས་པའི་རྐུན་མ་ལྕུང་ཀ་ཡིན།། བདེན་མི་བདེན་ལྕུང་ཀའི་མཆུ་ལ་ལྟོས།།
སྲིད་པའི་བ་ཆུང་བཤའ་དུས་ན།། ཚིལ་ལག་མཐིལ་ཙམ་ཞིག་བོར་ནས་བོ།། དེ་བརྐུས་པའི་རྐུན་མ་སྐྱ་ཀ་ཡིན།། བདེན་མི་བདེན་སྐྱ་ཀའི་ཕོ་བར་ལྟོས།།

བརྒྱད་པ། བར་བྱོལ་བའི་གླུ།།
འབྲོང་དར་མའི་རྨིག་བཞི་ཐོག་ལ་རྒོལ།། སྟག་དར་མའི་མཆེ་བ་མདུང་ལ་རྣོ།། དེ་ཁྲ་ཡག་རྫ་ལམ་མཛའ་རབས་མེད།། ད་སྟག་ཕྲུག་ལངས་ནས་བར་ཞིག་འབྱེད།།
ཕ་ཨ་ཁུའི་ཁ་ལྕེ་གློག་ཞགས་རེད།། སྤུན་ན་ཟླའི་རིག་པ་མེ་ལོང་རེད།། ཤགས་ཕུ་ནུའི་བར་ལ་མཛའ་རབ་མེད།། ང་བུ་ཆུང་ལངས་ནས་བར་ཞིག་འབྱེད།།

དགུ་བ། བཀྲ་ཤིས་ཞུ་བའི་སྐོར།
ཇ་ཐབ་དཀར་མོ་གཡང་འཛིན་ན།། མེ་ཏོག་གཡང་འཛིན་ཇ་ཕུད་གཅིག། ཚང་མཛོད་ཀླུ་ཚང་ཕྱུག་མོ་ན།། ལོ་ཆང་མངར་མོའི་ཆང་ཕུད་གཉིས།། དེ་རིང་ཕ་དང་ཨ་ཁུར་འབུལ།། རྒས་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག།
གོ་མཛོད་ལྕགས་མཁར་ཁྲ་མོ་ནས།། རྣོ་དཔལ་རལ་གྲི་འོད་འབར་གཅིག། རྟ་ར་སྟོང་ཤོང་གྲུ་བཞི་ན།། རྟ་འདོ་བ་གསེར་སྒ་འཕྲོ་མ་གཉིས།། དེ་རིང་སྤུན་དང་ན་ཟླར་འབུལ།། བུ་དཔའ་རྩལ་རྒྱས་པའི་བཀྲ་ཤིས་ཤོག།
རིན་ཆེན་གསེར་མཛོད་གོང་མ་ནས།། གོས་ཆེན་འབྲུག་མའི་གཟི་མདངས་གཅིག། དགོས་འདོད་ནོར་བུའི་བང་མཛོད་ནས།། གཡུ་དྲུག་དཀར་བྱུ་རུའི་རྒྱན་ཆ་གཉིས་།། དེ་རིང་མ་དང་སྲུ་མོར་འབུལ།། བུ་འདབ་ལག་རྒྱས་པའི་བཀྲ་ཤིས་ཤོག།

0 comments:

ཟིན་བྲིས་འཚོལ་ཡུལ