དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Sunday, 6 November 2011
༄༅། །ཟླ་རྒྱུད་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལ་བསྟོད་གསོལ་རྟགས་བརྒྱད་ཀྱི་ཁ་བཏགས་དཀར་པོ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཕྱོགས་དུས་རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པ། །
མཁྱེན་བརྩེ་ནུས་པའི་མངའ་བདག་རྡོ་རྗེ་འཆང་། །
རིག་འཛིན་འཇིགས་མེད་ཕྲིན་ལས་རྣམ་རྒྱལ་ལ། །
སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །
གཟུར་གནས་དྲང་བདེན་ཉི་མའི་མཁྱེན་རབ་འབར། །
བློ་ལྡན་ཟླ་བ་གཞོན་ནུའི་བརྩེ་ཆེན་ཚེས། །
དོན་གཉེར་སྐར་ཚོགས་འདྲེན་པའི་ནུས་མཐུའི་དཔལ། །
སྨིན་གྲོལ་གསལ་བའི་སྒྲོན་མེ་འདི་ན་སྤྲོ། །
བོད་ཁམས་ཡིད་ལ་བརྗེད་གཉིད་རྨོངས་སེལ་ཕྱིར། །
ལུགས་གཉིས་སྨྲ་བའི་སྤྲིན་གྱི་རོལ་མོའི་སྒྲས། །
ཡུད་ཀྱིས་སད་བསྐུལ་རྨད་བྱུང་ཕོ་ཉ་བས། །
བཀྲ༵་ཤིས༵་ཆོས༵་དུང༵་དཀར་པོའི་སྙན་དབྱངས་སྒྲོག །
གནའ་དེང་རིག་པའི་ཤེས་བྱའི་ཡོན་ཏན་རྣམས། །
མཐའ་དག་དབང་བོའི་གཞི་རིས་ཇི་བཞིན་གཟིགས། །
མ་འདྲེས་ཡོངས་སུ་གསལ་མཛད་རིན་པོ་ཆེས། །
བཀྲ༵་ཤི༵ས་དཔ༵ལ་གྱི་བེ༵འུའི་རི་མོ་མཛེས། །
དངོས་པོ་སྨྲ་བ་སོར་སྐྱེའི་རྟོག་གེ་དང་། །
ས་མཚམས་དམན་པ་གྲུབ་མཐའི་རྟོག་གེ་ཡི། །
རྟོག་དཔྱོད་ལས་ལྷག་བདེན་གཏམ་སྨྲ་མཁས་པས། །
བཀྲ༵་ཤི༵ས་བསྟན་པའི་རྒྱ༵ལ་མཚ༵ན་གསར་དུ་བསྒྲེངས། །
འཛམ་གླིང་ཁོར་ཡུག་ཀུན་ཁྱབ་ཕན་བདེའི་གཏམ། །
དུས་གསུམ་རྒྱལ་བ་མ་ལུས་གཤེགས་ཤུལ་ལམ། །
ཇི་བཞིན་མ་ནོར་རྟེན་འབྱུང་སྟོན་མཛད་པའི། །
བཀྲ༵་ཤི༵ས་ཆོ༵ས་འཁོ༵ར་འགྲོ་བློའི་རྒྱན་ཏུ་ཤར། །
བཅོས་མིན་ངེས་འབྱུང་དཔག་བསམ་ལྗོན་བཟང་ལ། །
གཞན་ཕན་བྱང་ཆུབ་སེམས་ཀྱི་ཁོ་ལག་རྒྱས། །
དག་མཉམ་བདེན་པའི་ལྟ་དགོངས་འབྲས་བུས་དུད། །
བཀྲ༵་ཤི༵ས་གདུག༵ས་དཀར་སྡོམ་གསུམ་རྣམ་པར་མཛེས། །
ཞི་བདེ་རིས་མེད་བསྟན་པ་མཐའ་དག་ལ། །
ཀུན་ཕན་འགྲོ་མང་ཕན་བདེ་སྦྱིན་པའི་བདག །
མང་ཐོས་ལུང་རིགས་སྨྲ་བའི་ཚངས་དབྱངས་ཀྱིས། །
བཀྲ༵་ཤི༵ས་གསེ༵ར་ཉ༵འི་མཛའ་མཐུན་གཅིག་ཏུ་འབྲེལ། །
དབུལ་ཕོངས་འཚོ་བར་ཟས་གོས་ལོངས་སྤྱོད་སྟེར། །
མ་རིག་རྨོངས་པར་བདེན་པའི་ལམ་མཆོག་སྟོན། །
རིས་མེད་འགྲོ་ཀུན་སྨན་པའི་གཏེར་ཆེན་པོ། །
བཀྲ༵་ཤི༵ས་བུ༵མ་པ༵་དགོས་འདོད་ཀུན་ཏུ་འབྱུང་། །
འཚེ་མེད་ཞི་བདེའི་ལུགས་སྲོལ་འཛིན་སྐྱོང་སྤེལ། །
མ་ལུས་འགྲོ་ཀུན་བྱམས་པའི་སྐྱབས་མགོན་རྗེ། །
གནའ་དེང་རིག་འཕྲུལ་ཡང་དག་ལེགས་མཁྱེན་པས། །
བཀྲ༵་ཤི༵ས་པ༵ད་མ༵འི་དགའ་ཚལ་གསར་དུ་བསྐྲུན། །
པན་ཆེན་བླ་མས་མཁན་པོའི་གོ་སར་གནང་། །
བྱ་བྲལ་བླ་མས་བརྩེ་བས་རྗེས་སུ་བཟུང་། །
ཏྰ་ལས་བླ་མས་དམིགས་བསལ་རྒྱ་ཡུལ་མངགས། །
མཁས་བཙུན་བཟང་པོའི་བཀྲ་ཤིས་ཚེ་རིང་རྒྱལ། །
རྨི་ལམ་ཞིག་གིས་བསྐུལ་བ་ལྟར་ཅི་དྲན་དུ་རྫ་ཚེ་རིང་བཀྲ་ཤིས་ལ་ཤྲྰིས་གུས་ཕུལ། །
Subscribe to:
Post Comments (Atom)
0 comments:
Post a Comment