དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Monday, 14 November 2011
སྦས་པའི་རྣལ་འབྱོར་པ་བླ་མ་ལོ་དགའི་གདུང་མཆོད་དུས་དྲན་དུ་ཕུལ་བ་དཀོན་མཆོག་མཆོད་པའི་སྤྲིན་ཕུང་ཞེས་བྱ་བ། །
སྦས་པའི་རྣལ་འབྱོར་པ་བླ་མ་ལོ་དགའི་གདུང་མཆོད་དུས་དྲན་དུ་ཕུལ་བ་དཀོན་མཆོག་མཆོད་པའི་སྤྲིན་ཕུང་ཞེས་བྱ་བ། །
ན་མོ་གུ་རུ་བུདྡྷྰ་ཛྙྰ་ན་ཡེ། །
ཆོས་དབྱིངས་དགོངས་པའི་དེ་ཉིད་མངོན་གཟིགས་ནས། །
ཆོས་ཅན་སྒྱུ་འཕྲུལ་དྲ་བའི་ཕྱག་རྒྱའི་གར། །
སྟོན་པ་མཉམ་མེད་པདྨ་ཀ་ར་དང་། །
སངས་རྒྱས་ཡེ་ཤེས་ཞབས་ལ་གུས་པས་འདུད། །
བྱམས་དང་སྙིང་རྗེ་ཆེན་པོའི་རང་གཟུགས་ཅན། །
དད་དང་བྱང་ཆུབ་སེམས་ཀྱི་མངའ་བདག་མཆོག །
ཐབས་དང་ཤེས་རབ་ལྷན་སྐྱེས་རྩལ་རྫོགས་པའི། །
སྦས་པའི་རྣལ་འབྱོར་རྗེས་དྲན་མདོར་བསྡུས་འབྲི། །
གངས་དཀར་ཤེལ་གྱི་མཆོད་རྟེན་བརྩེགས་པའི་གནས། །
གངས་སེང་སྙན་པའི་གྲགས་པ་འཕེལ་བའི་ཡུལ། །
གངས་ལྗོངས་སྒ་སྟོད་ཇོ་བོ་ཞལ་དཀར་ལ། །
གངས་ཅན་རྣལ་འབྱོར་བླ་མ་ལོ་དགའ་བཞུགས། །
སྦས་པའི་རྣལ་འབྱོར་བླ་མ་ལོ་དགའ་ཞེས། །
མཁས་གྲུབ་རྒྱལ་བའི་གདུང་འཛིན་དམ་པའི་སྲས། །
སྐྱེན་བླ་ཆོས་ཀྱི་རྒྱལ་མཚན་མ་ཎི་ཀ །
སླར་ཡང་ཞིང་འདིར་བྱོན་པ་སྐལ་བ་བཟང་། །
ལྷན་སྐྱེས་ཤེས་རབ་ཟབ་རྒྱས་ཕུལ་བྱུང་དང་། །
སྦྱོང་སྟོབས་རིག་པའི་གནས་ལ་ལྷོད་མེད་པས། །
མདོ་སྔགས་རབ་འབྱམས་ཤེས་བྱར་བྱང་ཆུབ་པའི། །
འཇམ་དཔལ་འོད་ཟེར་མཐའ་ཡས་གུས་ཕྱག་འཚལ། །
རྒྱལ་ཀུན་འདུས་པའི་བདག་ཉིད་བླ་མ་རྗེས། །
དམ་པའི་བཤེས་གཉེན་དུ་མར་ལེགས་བསྟེན་ནས། །
གསང་གསུམ་བསྟན་དང་འགྲོ་ལ་སྨན་མཛད་པ། །
རྒྱལ་མཆོག་ལོ་དགའ་རིན་ཆེན་སླར་ཡང་དྲན།
ཁྱད་པར་གཏེར་ཆེན་དྲག་སྔགས་གླིང་པ་ཡིས། །
རིག་པ་རྩལ་གྱི་དབང་ཆེན་བསྐུར་བའི་ཚེ། །
ཡེ་ཤེས་བླ་མའི་དེ་ཉིད་མངོན་རྟོགས་པས། །
ཡབ་སྲས་ཐུགས་དགོངས་དབྱེར་མེད་རོལ་གཅིག་གྱུར། །
གུ་རུ་དྲག་པོའི་བཀའ་བབས་དགོངས་པ་བརྙེས། །
ཡི་དམ་རྡོར་སེམས་སྒྲུབ་པ་ཚད་དུ་ཕྱིན། །
མཁའ་འགྲོ་མཚོ་རྒྱལ་སྒྲོལ་མས་ཞལ་གཟིགས་ཐོབ། །
ཆོས་སྐྱོང་གླིང་དཀར་དཔའ་ཐུལ་འབྲལ་མེད་འགྲོགས། །
ང་བརྒྱད་དུ་རུ་ཀ་ཡི་གནོད་པས་ཀྱང་། །
སྐྱོན་གྱིས་མ་གོས་རྩ་གསུམ་སྲུང་མར་བཅས། །
བསྙེན་སྒྲུབ་མ་ཆད་བསྟན་འགྲོའི་དོན་དུ་བརྩོན། །
ཉམ་ཐག་འགྲོ་བ་འདྲེན་པའི་སྐྱབས་མགོན་དངོས། །
རྒྱལ་བ་དགྱེས་པའི་མཛད་བདག་གིར་བཞེས། །
སྦས་པའི་བརྟུལ་ཞུགས་རྣལ་འབྱོར་བླ་མེད་དོན། །
ཚུལ་བཞིན་ཉམས་སུ་ལེན་པའི་མཁས་གྲུབ་རྗེ། །
གསང་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་བཞུགས། །
བཟོ་གནས་གསེར་དངུལ་རྡོ་གཟི་སྤོས་ཤེལ་དང་། །
གསོ་བྱེད་ཡན་ལག་བརྒྱད་པར་བྱང་ཆུབ་པས། །
རྗེས་འཛིན་སྲིད་པའི་དཔལ་གྱི་དབང་ཕྱུག་ཆོས། །
ཚོགས་བསགས་དད་པའི་བརྟེན་གྱི་རྒྱན་དུ་ཕུལ། །
སྐུ་གསུང་ཐུགས་རྟེན་ཚད་ལྡན་གཟུངས་འབུལ་དང་། །
དཀྱིལ་འཁོར་ཚོམ་བུ་སྒྱུ་འཕྲུལ་དགོངས་དོན་བཞིན། །
མཆོད་རྟེན་དཔལ་བཀོད་སྦྲ་གུར་ཆེ་ཆུང་གི །
དབྱིབས་གཟུགས་གསར་བཟོ་ཕྱི་རབས་དོན་ལ་སྤེལ། །
སྒྲ་ཚད་དོན་གྱི་མཁས་པའི་གཏན་ཚིགས་ཀྱིས། །
ཕྱི་རོལ་རྟག་ཆད་མུན་པའི་གཡེང་ལས་སྐྱོབ། །
རྟེན་འབྲེལ་དབུ་མའི་ལམ་སྟོན་སྤྲུལ་པའི་སྐུ། །
སྐྱེན་བླ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ། །
ཉམ་ཆུང་འགྲོ་བར་སྐྱོབ་པའི་ཕ་མ་དངོས། །
ནད་གདོན་བར་ཆད་བསལ་བའི་བདུད་རྩི་སྨན། །
བདེན་དྲང་བསླུ་མེད་མཛད་པ་རྒྱལ་བ་བཞིན། །
མདོ་སྟོད་འཛིན་མའི་རྣལ་འབྱོར་གཙུག་ན་རྒྱལ། །
སྒྲུབ་བརྒྱུད་དགོན་པའི་མཁན་པོ་ལོ་དགའ་དང་། །
སྐྱེན་པོ་དགོན་གྱི་བླ་མ་ལོ་དགའ་ལགས། །
ཟེ་དཀར་ཕྱོགས་ནས་སྨན་པ་ལོ་དགའ་ཞེས། །
ཀུན་གྱིས་བསྐུར་བའི་ཨ་ཞིང་ལོ་དགའ་གྲགས། །
ངེས་འབྱུང་རྣལ་མའི་སོ་ཐར་དགེ་བའི་བཤེས། །
བྱང་ཆུབ་སེམས་ཅན་ངེས་དོན་རྒྱལ་བའི་སྲས། །
དག་རྫོགས་སྨིན་གྲོལ་དབང་ཕྱུག་རིག་པ་འཛིན། །
གསུམ་ལྡན་རྡོ་རྗེ་འཆང་ཆེན་ཁྱེད་མིན་སུ། །
དུས་གསུམ་མཁྱེན་པའི་རྩིས་རིག་རབ་འབྱམས་པ། །
གསང་གསུམ་ཀ་ལ་ཙཀྲའི་དཔལ་ཤར་བའི། །
གསང་ཆེན་བསྟན་པའི་རྣལ་འབྱོར་བྱ་བྲལ་བ། །
ངེས་དོན་བླ་མ་ལོ་དགའ་ཡང་ཡང་དྲན། །
དྲན་པའི་མཛུབ་མོ་ནང་དུ་འགུགས་པའི། །
བྱམས་བརྩེ་མཁྱེན་པའི་མངའ་བདག་ཁྱེད་ཉིད་ནི། །
མདོ་རྒྱུད་གཞུང་ལས་བཤད་པའི་མཚན་ལྡན་ཉིད། །
དེང་དུས་ས་སྟེང་འདི་ན་རེ་ཟུང་ཙམ། །
དམན་ས་བཟུང་ནས་འགྲོ་ཀུན་སྤྱི་བོར་བཀུར། །
མཐོ་ས་སྤངས་ནས་སྐུ་ལུས་བྲན་དུ་བཀོལ། །
ཆོས་བརྒྱད་རེ་དྭོགས་བྲལ་བའི་བླ་མ་ཉིད། །
བཅོས་མིན་སེམས་ཀྱི་སྟེང་ནས་རྗེས་ཡི་རང་། །
བླ་སློབ་དམ་ཚིག་མ་ཉམས་རྡོ་རྗེའི་སྐུ། །
ལོ་འདིར་མཇལ་བའི་ཞལ་གདམས་དངོས་ཡོད་ཀྱང་། །
ཕྱི་ནང་འགལ་རྐྱེན་ངན་པའི་གཞན་དབང་གིས། །
མཇལ་བའི་སྐལ་བཟང་དབེན་པ་ང་རེ་སྡུག། །
བན་བོན་མཁན་སྤྲུལ་བླ་མ་དུ་མ་ཡིས། །
ཕྱག་གིས་ཐལ་སྦྱར་སྙིང་ནས་གདུང་འབོད་ཀྱིས། །
ངུ་ངག་གདངས་གིས་ཞབས་བརྟན་གསོལ་འདེབས་སུ། །
ཡུན་རིང་བཞུགས་ཞུས་སྨོན་ལམ་ཡང་ཡང་བཏབས། །
ཨེ་ཝྃ་ཆོས་སྨན་གླིང་གི་བསྟན་བདག་ཏུ། །
བཞུགས་པའི་བགོ་སྐལ་ཐོབ་པ་རྟེན་འབྲེལ་ལེགས། །
ལྷ་བབས་ཟླ་བའི་དུས་བཟང་དགེ་བའི་ཆར། །
ཨ་དབྱངས་འཛུམ་པའི་མདངས་བཅས་ཐུགས་དམ་བཞུགས། །
དོན་གྱི་སྐྱེ་འཇིག་བགྲེས་རྒུད་ཀུན་བྲལ་བ། །
རྒྱལ་དབང་པདྨ་ཀ་ར་དང་མཚུངས་ཀྱང་། །
སྙིགས་ལྔའི་བསོད་ནམས་དམན་པའི་ལས་དབང་གིས། །
རེ་ཞིག་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས། །
གསེར་གཤིས་ས་སྤྱོད་ལྷ་ཡི་ཞིང་ཁམས་ན། །
འཇའ་སྤྲིན་དྲི་བཟང་ཐུལ་བའི་ཡ་མཚན་དང་། །
རྨི་ལམ་འོད་གསལ་བརྡ་དོན་རྟགས་གསུམ་ལས། །
ཟངས་མདོག་དཔལ་རིའི་ཞིང་སྣང་རྩལ་དུ་ཤར། །
དགའ་ཡང་དགའ་སྟེ་རང་སྣང་དག་པར་ཤར། །
སྐྱོ་ཡང་སྐྱོ་སྟེ་དམ་པ་ཞིང་དུ་གཤེགས། །
དགའ་སྐྱོ་སེམས་ཀྱི་གནས་ལུགས་རིག་པའི་ངང་། །
དྲིན་ཆེན་བླ་མ་སྙིང་གི་དཀྱིལ་དུ་སྒོམ། །
མི་ཚེའི་ཉི་མ་འཆི་བའི་ཕྱོགས་སུ་ཟད། །
དལ་འབྱོར་སྙིང་པོ་ལོན་པའི་ཐབས་ལ་འབད། །
དཀར་ནག་ལས་འབྲས་གནས་ལ་ཕྲ་ཞིབ་ནས། །
ཁམས་གསུམ་སྲིད་པའི་གཡུལ་ལས་རྒྱལ་བར་མཛོད། །
སངས་རྒྱས་ཆོས་ཚོགས་སྐྱབས་ཀྱི་ཡུལ་དུ་བཟུང་། །
ཕྱི་ནང་གསང་བའི་མཆོད་སྤྲིན་ཡིད་སྤྲུལ་བཅས། །
ཚོགས་བསགས་སྒྲིབ་སྦྱོང་གནད་ལ་ལེགས་འབད་ནས། །
ཟབ་རྒྱས་བླ་མའི་རྣལ་འབྱོར་སྙིང་ནས་འབོད། །
སོར་བྱང་སྔགས་ཀྱི་བླ་མའི་རྣལ་འབྱོར་བརྩོན། །
ཁྱད་པར་གསང་ཆེན་བསྟན་པའི་སྙིང་པོའི་དོན། །
དབང་བཞི་བླངས་ཤིང་ཐུགས་ཡིད་མཉམ་བསྲེས་ན། །
བརྒྱུད་གསུམ་བརྡ་དོན་རྟགས་ཀྱི་རྟེན་འབྲེལ་འཆར། །
སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །
བླ་མ་དམ་པའི་ཆོས་དང་མི་འབྲལ་ཞིང་། །
ས་ལམ་ཡོན་ཏན་མ་ལུས་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
ཅེས་པའང་རབ་རྒྱ་ལྕགས་ཡོས་ལྷ་བབས་ཟླ་བའི་ཚེས་བཅུ་དགུའམ་ཕྱི་ལོ་༢༠༡༡ ༡༡ ༡༤་ཉིན་ལ། སྦས་པའི་རྣལ་འབྱོར་བ་བླ་མ་ལོ་དགའ་འམ་འོད་ཟེར་མཐའ་ཡས་ཉིད་དགོངས་པ་ཆོས་དབྱིངས་སུ་རྫོགས་པས་ཨ་སྐྱ་བླ་མས་གསོལ་འདེབས་རྗེས་དྲན་ཞིག་དགོས་པར་བསྐུལ་བ་བཞིན་ཅི་དྲན་དུ་ཤྲྰི་སྨྱོན་པས་ཝ་ཡེལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་སྐབས་སུ་སྙིང་ནས་གསོལ་བ་འདེབས་པ་དགེའོ། དགེའོ། དགེའོ།། །།
Subscribe to:
Post Comments (Atom)
0 comments:
Post a Comment