དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 11 November 2011
ཨ་ཕ་ལོ་ལོ་ལ་མ་ཎི་བསྔོ་སྨོན་ཞུ།
ཨ་ཕ་ལོ་ལོ་ཞེས་འབྲོག་བདག་རྒད་པོ། །
རེ་གསུམ་ལོ་འཇུག་ལ་རང་ཡུལ་སྐྱུར་ནས། །
བར་དོའི་སྣང་བ་ཡི་རེ་དོགས་འཕྲང་ལ། །
ག་འགྲོ་དབང་མེད་འདི་སྙིང་རེ་རྗེའོ།
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
མི་ཚེའི་ཚ་གྲང་གི་དཀའ་སྤྱད་བཟོད་ནས། །
བསགས་བསྲུང་བརླགས་སྡུག་གི་ཚོར་བ་དྲག་པོས། །
མི་ལུས་རིན་ཆེན་ཉིད་དོན་མེད་ཟད་ཀྱང་། །
མི་འདོད་འཆི་བ་འདི་སྙིང་རེ་རྗེའོ། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
དཔྱིད་ཀྱི་རྒྱལ་མོ་ལ་རེ་སྒུག་བྱས་ཀྱང་། །
སྙན་པའི་དུས་གཏམ་དེ་རྒྱང་ཐག་རིང་བས། །
མེ་འབར་བསད་ཁྱེར་གྱི་སྙིང་ནད་དྲག་པོས། །
ལོ་ལོའི་ཚེ་སྲོག་གི་རྒྱུ་བ་ཆད་འདུག །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
དབྱར་གྱི་སྤང་ལྗོངས་ཀྱི་མེ་ཏོག་བཀྲ་འདྲ། །
རྟ་ནོར་ལུག་སོགས་ཀྱི་གཡང་ར་གྲུ་བཞི། །
ཨ་ཕ་ལོ་ལོ་ཡི་ཕ་གསོགས་རྒྱུ་ནོར། །
ནང་གྲོགས་ཁྲེལ་མེད་ཚོས་ཐོབ་ཁྱེར་བྱས་འདུག །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
སྟོན་ཟླ་རྒྱ་མཚོ་ཡི་ངོགས་སུ་ལྷུང་འདྲ། །
ཆུང་འདྲིས་ཚེ་ལྷ་ཡིས་སྒོ་གསུམ་དུད་ནས། །
སྐྱོ་སྡུག་ངུ་འབོད་ཀྱི་གནམ་ས་བསྐང་ཡང་། །
འཆི་བདག་གཤིན་རྗེ་འདི་གཟུར་ཐབས་མི་འདུག །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ལྷ་ཀླུའི་ལོངས་སྤྱོད་ཀྱི་དཔལ་ལ་འགྲན་ཡང་། །
ཁབ་སྐུད་ཁྲ་མོ་ཞིག་ཁྱེར་དབང་མེད་པར། །
གཅེར་བུ་ལག་སྟོང་དུ་འཁྱམ་དགོས་ཐུག་པས། །
ཨ་ཕ་ལོ་ལོ་ལ་མ་ཎི་བསྔོ་ཡ། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
དགུན་གྱི་ཁ་བ་ཡི་ལྷགས་ངར་ཁྲོད་ནས། །
ཟ་འདོད་རི་སྤྱང་ཚོས་སྐྱིད་གླུ་འཐེར་ཞོར། །
ཨ་ཕ་ལོ་ལོ་སང་དམར་བཟོས་བྱས་ཐལ། །
རྒད་པོ་མི་འདོད་རུང་འདི་ཕྱིའི་སེམས་ནད། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
རྨི་ལམ་ཟང་ཟང་གི་སྣང་བ་ཞིག་ལ། །
དངོས་ཆས་རྩ་ཆེན་འགའ་བདག་འབུལ་ནས། །
འདི་ཕྱི་བར་དོ་ལ་སྐྱོབས་དགོས་སྨྲ་བཞིན། །
གུས་གུས་དགའ་དགའ་ཡི་སྣང་བ་འཆར་སོང་། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
རྒྱལ་བ་སྲས་བཅས་ལ་ར་མདའ་སྦྲན་ནས། །
ཨ་ཕ་ལོ་ལོ་ཡི་བར་དོའི་འཇིགས་སྐྲག །
ཞི་ནས་བདེ་ལྡན་གྱི་ཞིང་དུ་སྐྱེ་བའི། །
སྨོན་ལམ་བསྔོ་བ་སོགས་ཅི་ནུས་བྱས་སོ། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཞེས་པ་འང་རྨི་ལམ་ཞིག་ལས་ཨ་ཕ་ལོ་ལོ་ཤི་བ་རྨིས་ནས་དེ་མ་ཐག་ཏུ་བྲིས་སོ། ། དེ་བཞིན་དངོས་ཡོད་ཕལ་ཆེར་རེད་འདུག་པས་གྲོགས་པོ་བོད་རིགས་དྲ་ཀླད་ཞུགས་པ་ཚོས་བསྔོ་སྨོན་རེའི་ཆེད་དུ་ཕུལ་བ་དགེའོ། །
ཨོཾ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
Subscribe to:
Post Comments (Atom)
0 comments:
Post a Comment