དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Thursday, 16 February 2012
༄༅། །ཆུ་འབྲུག་ལོ་སར་ངེས་པར་བྱས་ན་བཟང་། །
ན་མོ་གུ་རུ་བུདྡྷ་ཛྙ་ན་ཡེ། །
གནས་ཆགས་སྲིད་སྤྲུལ་བཤད་པའི་རུས་སྦལ་ལས། །
ཤིང་མེ་ས་ལྕགས་ཆུ་ལྔར་འབྱུང་བའི་འགྲོས། །
བཅུ་གཉིས་ལོ་འཁོར་རྟེན་འབྲེལ་སྐྱེ་མཆེད་གར། །
གཟའ་སྐར་གོ་ལའི་བགྲོད་ཚུལ་དུས་ལ་ཚེས། །
གནས་ལུགས་དོན་གྱི་ཀུན་གཞི་བདེ་གཤེགས་ལ། །
དག་གཟིགས་བདེན་པའི་བྱང་སེམས་བདེ་བ་ཆེ། །
འདོད་ཡོན་ལོངས་སྤྱོད་རོལ་བའི་བདེ་སྐྱིད་ཚོགས། །
སྐྱེས་བུ་གསུམ་གྱི་ལོ་སར་བདེ་ལེགས་ཚེས། །
ཆུ་ཚོད་ཆུ་སྲང་དབུགས་དང་ཆ་ཤས་རྣམས། །
ཉིན་མཚན་དུས་ཀྱི་འཕོ་འགྱུར་རིམ་གྱིས་ཟད། །
ཉིན་ཚེས་ཞག་གི་ཟླ་བའི་འཕེལ་འགྲིབ་བཞིན། །
ལོ་འཁོར་རྟེན་འབྲེལ་བཟང་ངན་ཀུན་ལ་འཆར། །
དཀར་གསུར་ཞིང་ཁམས་ཀུན་ཁྱབ་མགྲོན་ལ་བརྔན། །
དམར་གསུར་འདོད་ཡོན་རྒྱ་མཚོ་བགེགས་ལ་བསྔོ། །
དགུ་གཏོར་དམར་ཆེན་གཏོར་མ་དགྲ་ལ་རྒྱོབས། །
ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་འབོད། །
ཆོས་རྒྱལ་གོང་མས་དགེ་སྒྲུབ་དུས་ཆེན་གཅིག །
ཙོང་ཁ་བླ་མས་སྨོན་ལམ་དུས་ཆེན་གཉིས། །
ཆོས་རྗེ་དམ་པས་རིག་འཛིན་འབུམ་ཚོགས་གསུམ། །
གངས་རིའི་བསྟན་སྲིད་རྒྱས་པའི་ཐབས་ཤེས་ལགས། །
ཆོ་འཕྲུལ་དུས་ཆེན་རིག་འཛིན་འབུམ་ཚོགས་དང་། །
གར་དབང་སྒང་པ་བོད་ཀྱི་སྨོན་ལམ་དག །
བསྙེན་སྒྲུབ་ཡན་ལག་རྣམ་བཞི་ལྡན་པ་ཡིས། །
བསྟན་འགྲོར་ཕན་བདེའི་ཆེད་དུ་ངེས་པར་དགོས། །
དེ་མིན་དུད་ཆང་ཤ་ཁྲག་ལོངས་སྤྱོད་དང་། །
ཚུལ་མིན་སྤྱོད་པ་སྣོད་བཅུད་ཉམས་པའི་རིགས། །
རྒྱ་ཧོར་ར་མ་ལུགས་ཀྱི་སྲོལ་རྒྱུན་དག །
འབུམ་འགྱུར་ཟླ་འདིར་ངེས་པར་སྤོངས་པར་མཛོད། །
ཐེག་པ་རྣམ་ལྔའི་ཆོས་སྤྱོད་ཡང་དག་ངང་། །
དགེ་སྒྲུབ་སྡིག་སྤོང་དགེ་འདུན་སྡེ་དགོན་གྱིས། །
བསོད་ནམས་ཡེ་ཤེས་ཚོགས་ལ་རབ་འབད་ནས། །
འདི་ཕྱིའི་མི་ཚེ་དོན་དང་ལྡན་པར་མཛོད། །
ལྷ་མིའི་དགེ་བས་འཇིག་རྟེན་བདེ་ཞིང་སྐྱིད། །
ཉན་རང་ཐར་པའི་གོ་འཕང་རིམ་གྱིས་བགྲོད། །
བྱང་ཆུབ་སེམས་དཔས་འགྲོ་ཀུན་རྗེས་བཟུང་ནས། །
གསང་ཆེན་བསྟན་པའི་ཉི་མ་རྟག་འཆར་ཤོག །
ཅེས་པ་འང་རབ་རྒྱན་ལྩགས་ཡོས་རྒྱལ་ཟླའི་དབང་ཚེས་དགེ་བར་རྫོགས་སྤྲུལ་དབང་ཆེན་གྱིས་བསྐུལ་བ་ལྟར་ཡོངས་གྲགས་ཀྱི་བོད་ཆུ་འབྲུག་ལོ་སར་དགོས་ཚུལ་དུ་ཤྲྰི་སྨྱོན་པས་བྲིས་པ་དགེའོ། ། ། །
Subscribe to:
Post Comments (Atom)
0 comments:
Post a Comment