དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 23 October 2012
༄༅།།དབུས་བཟའ་མཁའ་འགྲོའི་རྣམ་ཐར་བཀླགས་པའི་མྱོང་ཚོར་བདེན་གཏམ་རྣ་བའི་བདུད་རྩི།
ན་མོ་གུ་རུ་པདྨ་ཀ་ར་ཛྙཱ་ན་ཌཀྐི་སཾ་ག་ར། ༡༽ ངོ་མཚར་རྣམ་ཐར་རྒྱ་མཚོའི་ཁྲོད་ན་ལྷང་ལྷང་འཚེར་བའི་འོད་ཆེན་ཞིག། བོད་ཀྱི་བུད་མེད་མཛངས་མའི་ཁྱུ་ན་ཁྱད་པར་འཕགས་པའི་མི་མོ་ཞིག། རང་གཞན་ཀུན་གྱིས་བླ་རུ་བཀུར་འོས་ཡོན་ཏན་སྤོབས་པའི་མཛེས་པ་གང་།། དབུས་ནས་འཁྲུངས་ཡང་ཁམས་སུ་བསྐྱལ་བའི་མཁའ་འགྲོ་ཞིག་གི་མི་ཚེ་གླེང་།། ༢༽ དབུས་འགྱུར་ལྷ་ས་ཆོས་ཀྱི་ཞིང་ནས་རིགས་ཀྱི་མེ་ཏོག་དང་པོར་བཞད།། ཨམ་བན་ཨ་ཕའི་བཀའ་ལ་ཉན་ཏེ་མི་འདོད་བཞིན་དུ་རྒྱ་ཡིག་སྦྱངས།། ཨ་མ་ཆུང་ངུའི་དུས་ནས་གཤེགས་པས་མ་མེད་བུ་མོའི་སེམས་པ་སྐྱོ།། ངེས་འབྱུང་བློ་ཡི་རྟ་རྒོད་སྲབ་ཐག་བཙན་པོའི་ཕ་ཡིས་རེ་ཞིག་བཟུང་།། ༣༽ སྐུ་དྲག་མཐོན་པོའི་གདུང་ལ་མི་མཛའ་ཐུགས་རྗེ་ལྷག་པར་དམན་ལ་བྱམས།། བཅུ་དྲུག་འདབ་མའི་དྲི་བསུང་འཐུལ་བས་སྣ་ཚོགས་སྦྲང་མའི་ཁྱུ་འཁོར་ཡང་།། འཁོར་བའི་འདམ་ན་སྐྱོན་གྱིས་མ་གོས་ཁྱེད་ཀྱི་ལང་ཚོའི་དཔལ་ཡོན་འདི།། ནམ་ཞིག་དུས་ན་སུ་ཡིས་བདག་བྱེད་དེ་ལ་བསོད་ནམས་ཚོགས་ཟུང་རྒྱས།། ༤༽ མདོ་སྨད་གནས་མཇལ་བྱེད་པའི་ཁྱུ་ཚོགས་གཞིས་ཀ་དེ་རུ་གནས་ཚང་གཡར།། སྒེའུ་ཁུང་ནང་ནས་ཕྱི་རུ་བལྟ་སྐབས་ཚེ་རབས་གཏན་གྱི་གྲོགས་དེ་མཇལ།། བླ་མ་སྔགས་པ་ར་སྐོར་ནང་དུ་ཡར་མར་འཆམ་འཆམ་བྱོན་པའི་ཚེ།། སུ་ཡིས་ཤེས་ཏེ་བུ་མོ་ཞིག་གི་རྣམ་ཤེས་དབང་མེད་ཁྱེད་ལ་འཁོར།། ༥༽ ཟླ་བ་འགའ་ལ་ཕྱོགས་མེད་ཉུལ་བས་བླ་མའི་གཟུགས་དེ་རྒྱང་དུ་ཡལ།། རྒྱང་དུ་ཡལ་བའི་འཇའ་རིས་དེ་ཡང་ཁྱེད་ཀྱིས་ད་དུང་བདེན་པར་བཟུང་།། མཆི་མའི་ཆར་རྒྱུན་དྲག་ཏུ་འབབ་ཅིང་མི་འབྲལ་འགྲོགས་པའི་སྨོན་ལམ་བཏབ།། སྡོད་མི་ཚུགས་པའི་དུས་སྐབས་དེ་ལ་ཁྱེད་རང་ཕལ་ཆེར་སྨྱོ་བ་བཞིན།། ༦༽ གནས་མཇལ་རུ་ཁག་ཕྱི་རུ་སླེབས་པས་བླ་མའི་གསེར་ཞལ་སླར་ཡང་མཇལ།། ཕ་དང་མིང་པོ་གཞིས་ཀ་དེ་ཡིས་ཆོས་ཀྱི་ཕ་ཕོག་ཅི་དགར་བླང་།། རང་ཉིད་གནས་ལ་འགྲོ་བའི་དུས་ཚོད་མི་རིང་ཐོན་པའི་སྣང་བ་དང་།། བླ་མའི་ཞབས་ཟུང་སྔོན་དུ་བསྐྱོད་པའི་སྙིང་གི་ཟུག་གཟེར་འཇགས་ཐབས་བྲལ།། ༧༽ རང་ལོ་བཅུ་དྲུག་སོན་པའི་དུས་སུ་ཁེར་རྐྱང་གཅིག་པུར་ལམ་ལ་ཆས།། མགོ་ལོག་མི་ཡི་གཤིས་རྒྱུད་རྩུབ་པས་དཀའ་སྡུག་བརྒྱ་དང་བརྒྱད་ལ་ཐུག། ཁོ་ཚོའི་ཕྱི་བཞིན་ད་དུང་ཡོང་ན་མེ་མདའི་འབེན་ལ་འཇོག་རྒྱུ་ཡིན།། གདུག་རྩུབ་ཅན་གྱི་མི་ཡི་མིག་ན་ཨུ་དུམ་ཝ་ར་ཚེེར་མར་སྣང་།། ༨༽ འཚོ་བའི་ཡོ་བྱད་ཅི་ཡང་མེད་པས་མཛོ་མོའི་ནུ་ཤིང་ཟ་བཞིན་འོང་།། བླ་མའི་ཞལ་ལ་བལྟ་བཞིན་བལྟ་བཞིན་དགའ་དད་སྟོང་གིས་མྱོས་བཞིན་འོང་།། སུ་དང་གང་གིས་བྱམས་བརྩེ་མེད་པས་ས་མཐའི་ཚོར་སྣང་རྒུམ་བཞིན་འོང་།། འདི་འདྲའི་སྙིང་སྟོབས་འདི་འདྲའི་བྱམས་སེམས་སུ་ལ་མངའ་ན་དེ་ལ་འདུད།། ༩༽ སྐྱེ་རྒུ་གྲོང་ནས་བསྐུལ་བའི་ངོ་ལ་ཆོས་ཀྱི་གསུང་གླེང་འདོད་རྒུར་གནང་།། བོད་ཡིག་གསལ་བྱེད་སྦྱངས་པ་མེད་ཀྱང་མགུར་དང་གཏེར་གྱི་ཆོས་ཀྱང་སྤེལ།། རྩ་རླུང་གཏུམ་མོའི་མེ་དྲོད་བསྟེན་ནས་འཁྱགས་གྲང་ཁ་བ་ཡོངས་སུ་བཞུས།། ཁ་བའི་ལྗོངས་ན་སུ་ལའང་འགྲན་བཟོད་ཁྱེད་ཀྱི་རྣམ་ཐར་ཅིས་མི་གླེང་།། ༡༠༽ ད་དུང་གཏམ་རྒྱུད་འདི་ཡི་མགོ་ནས་ཅུང་ཟད་མར་ལ་བཀླགས་པ་ཡིན།། དེ་ཕྱིར་ཅུང་ཟད་ཅུང་ཟད་བསྡུས་ཏེ་ཞུ་བའི་སྤོབས་པ་ཉུང་ངུར་གྱུར།། ཅིས་ཀྱང་མི་ཚེ་དོན་ལྡན་བྱེད་ན་འདི་འདྲའི་རྣམ་ཐར་བཀླགས་ན་དགའ།། ཕལ་ཆེར་བུ་མོ་དག་གིས་བཀླགས་ན་སུ་དང་གང་ལས་འཚམས་པ་ཡིན།། འདིའང་གངས་ཅན་གྱི་ལྗོངས་སུ་དངོས་གནས་དྲང་གནས་ཀྱིས་བཤད་ན་ཡོན་ཏན་གྱི་ལྗིད་ཚད་མཁས་གྲུབ་སུ་ལས་ཀྱང་དམའ་བར་མ་གྱུར་བའི་ངེས་དོན་གྱི་མཁའ་འགྲོ་མ་ཡོངས་གྲགས་སུ་དབུས་བཟའ་མཁའ་འགྲོ་སུ་འབོད་པའི་དམ་པ་དེ་ཉིད་ཀྱི་རྣམ་ཐར་བཀླགས་པའི་ཚོར་སྣང་ཞིག་གིས་བྲིས་སོ།། ༢༠༡༢/༩/༤

0 comments:

ཟིན་བྲིས་འཚོལ་ཡུལ