དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 23 October 2012
ཚེ་རབས་རྗེས་འཛིན་གྱི་སྨོན་ལམ།
ན་མོ་གུ་ར་ཝེ། ༡༽ ཆོས་དབྱིངས་བརྡལ་བ་ཆེན་པོའི་ཀློང་ཡངས་པོར།། དབྱིངས་རིག་དབྱེེར་མེད་ཀུན་བཟང་ཡབ་ཡུམ་ལ།། གསོལ་བ་འདེབས་སོ་འཁོརའདས་གཞི་གྲོལ་ཀློང་།། གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་རློབས།། ༢༽ འོད་གསལ་ཡེ་ཤེས་འབྱམས་སུ་ཀླས་པའི་དབྱིངས།། དབྱེར་མེད་ཁ་སྦྱོར་རྡོར་སེམས་སྙེམ་མ་ལ།། གསོལ་བ་འདེབས་སོ་ཡན་ལག་བདུན་ལྡན་ངང་།། སྒྱུ་འཕྲུལ་དྲྭ་བ་ཆེན་པོར་བྱང་ཆུབ་ཤོག། ༣༽ སྤྲུལ་བའི་ཞིང་མཆོག་དཔལ་གྱི་བསམ་ཡས་སུ།། མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་མཚོ་རྒྱལ་མར།། གསོལ་བ་འདེབས་སོ་རྫོགས་པ་ཆེན་པོའི་ངང་།། ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས།། ༤༽ ས་སྤྱོད་ཞིང་མཆོག་དེ་ཝི་ཀོ་ཊ་རུ།། ཐུགས་ཀྱི་རིག་འཛིན་ནམ་སྙིང་རྡོ་རྗེ་མཚོར།། གསོལ་བ་འདེབས་སོ་ཡང་དག་ཡེ་ཤེས་ངང་།། ཟུང་འཇུག་རྒྱལ་སར་བྱིན་པར་བྱིན་གྱིས་རློབས།། ༥༽ ཕྱག་ཆེན་དག་པ་ཡེ་ཤེས་ཤིང་རྟ་ཆེ།། སུ་ཁ་སི་དྡྷི་གྲུབ་ཆེན་ས་ར་ཧར།། གསོལ་བ་འདེབས་སོ་སེམས་ཉིད་གཅིག་པའི་སྟེང་།། ཡེངས་མེད་འབྲས་བུ་མཆོག་ལ་སྦྱོར་བར་ཤོག། ༦༽ ཕར་ཕྱིན་མན་ངག་ཞི་བྱེད་གཅོད་ཀྱི་སྲོལ།། འབྱེད་མཛད་དམ་སངས་རྒྱས་ལབ་སྒྲོན་མར།། གསོལ་བ་འདེབས་སོ་སྡུག་བསྔལ་འཛིན་ཞེན་ཞི།། བདུད་བཞི་ཚར་གཅོད་བདག་མེད་དོན་མཐོང་ཤོག། ༧༽ བཅོ་བརྒྱད་གཏེར་དང་མཁའ་འགྲོ་གསང་བ་འདུས།། སྤེལ་མཛད་གུ་རུ་ཆོ་དབང་ཇོ་མོ་སྨན།། གསོལ་བ་འདེབས་སོ་ཟབ་ལམ་ཆོས་དྲུག་གིས།། ཚེ་འདིར་གྲོལ་བ་ཐོབ་པར་བྱིན་གྱིས་རློབས།། ༨༽ དག་སྣང་སྤྲུལ་བའི་རྒྱལ་ཁབ་གླིང་དཀར་སྟོད།། རྒྱལ་སྲས་གཡུ་ལྷ་སྨན་བཙུན་ནེའུ་ཆུང་མར།། གསོལ་བ་འདེབས་སོ་དྲག་པོའི་བརྟུལ་ཞུགས་ཀྱིས།། སྨོན་ལོག་དམ་སྲི་འདུལ་བར་བྱིན་གྱིས་རློབས།། ༩༽ གངས་རིའི་ལྗོངས་ཀྱི་ངེས་དོན་རྡོ་རྗེ་འཆང་།། ཏཱ་ར་ནཱ་ཐ་འཕྲིན་ལས་དབང་མོ་ལ།། གསོལ་བ་འདེབས་སོ་ཐབས་ཤེས་དབྱེར་མེད་ངང་།། རིམ་གཉིས་མཐའ་རུ་བྱིན་པར་བྱིན་གྱིས་རློབས།། ༡༠༽ མགོ་ལོག་ཡུལ་གྱི་གཏེར་གསུམ་བསྟན་པའི་བདག། དྲི་མེད་འོད་ཟེར་བདེ་སྐྱོང་དབང་མོ་ལ།། གསོལ་བ་འདེབས་སོ་པདྨའི་ཕྲིན་ལས་འགྲུབ།། ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས།། ༡༡༽ གུ་རུའི་ཆོས་གཏེར་རྒྱ་མཚོའི་འཁོར་ལོའི་བསྒྱུར།། ནམ་མཁའ་གླིང་པ་ཏཱ་རེ་དེ་ཝི་ལ།། གསོལ་བ་འདེབས་སོ་དགོངས་བརྒྱུད་བྱིན་རླབས་འཕོས།། འཕོ་ཆེན་འོད་སྐུར་གྲོལ་བར་བྱིན་གྱིས་རློབས།། ༡༢༽ སྣང་སྟོང་ཟུང་འཇུག་ནམ་མཁའི་ཉི་ཟླའི་ཚུལ།། ཐབས་ཤེས་དབྱེར་མེད་ཆུ་དང་རླན་གྱི་དཔེ།། ཡབ་ཡུམ་འབྲལ་མེད་ཐུགས་བསྐྱེད་བཙན་པོའི་སྟོབས།། དད་དམ་གཙང་མའི་ངོས་སུ་འཆར་བར་ཤོག། ༡༣༽ རྟེན་ཅིང་འབྲེལ་འབྱུང་བཟོ་བོའི་འདུ་བྱེད་ཀྱིས།། ས་ལམ་རི་མོ་ཇི་ལྟར་བཀོད་པའི་ངོར།། ཡབ་ཡུམ་བྱིན་རླབས་འོད་སྣང་རྟག་ཤར་ཤིང་།། འགྲོ་འདུལ་ངོ་མཚར་ལྟད་མོ་འབུམ་འགྱེད་ཤོག། ༡༤༽ ཚེ་རབས་ཀུན་ཏུ་གཏེར་ཆེན་ཡབ་ཡུམ་གྱི།། ཕྱག་གིས་འཆང་བར་འཛིན་པའི་དམ་བཅའ་འདི།། དྲན་ཆོག་སྐྱབས་གཅིག་བླ་མས་བྱིན་རླབས་ཤིང་།། བདེན་འབྲས་མངོན་དུ་འགྱུར་བའི་དཔལ་སྩོལ་ཅིག། ༡༥༽ འདི་ཉིད་འབྲི་ཀློག་འཆང་སོགས་འབྲེལ་ཐོགས་ལ།། སྤྱན་གཅིག་ཟུམ་མེད་གདངས་བའི་སྔགས་སྲུང་མ།། འཇིགས་རུང་ལྟོ་ཞལ་ངོམ་པའི་དྲང་སྲོང་ཆེ།། ཕྱག་ན་རྡོ་རྗེ་ཕྱར་བའི་ལྷ་ཡིས་སྲུངས།། ༡༦༽ མཐོང་ཐོས་དྲན་རེག་མ་ལུས་ཚེ་འདིའམ།། ཕྱི་མའི་དུས་སུ་གཏེར་ཆེན་བླ་མ་དང་།། དཔའ་བོ་མཁའ་འགྲོས་རྡོ་རྗེས་གླུ་གར་བཅས།། འོག་མིན་ཟང་མདོག་དཔལ་རིར་འཁྲིད་པར་ཤོག། ༡༧༽ དེ་ལྟར་སྨོན་པས་མཐུ་ཡིས་ཚེ་རབས་ཀྱི།། ལན་ཆགས་རྟོག་སྒྲིབ་ལྷག་པ་མེད་པར་བྱང་།། མཚོ་སྐྱེས་ལུགས་བཟང་རྣམ་རྒྱལ་རྔ་སྒྲ་ཡིས།། སྲིད་པའི་ཁྱོན་ཀུན་འགེངས་པའི་བཀྲ་ཤིས་ཤོག། ཀཿཐོག་རིག་འཛིན་ཆེན་པོ་པདྨ་དབང་ཆེན་དགྱེས་པའི་རྡོ་རྗེ་ལགས་ཀྱི་གསུང་བྱིན་རླབས་ཅན་འདི་བླ་མའི་འདས་མཆོད་དུ་ཐོན་ལ་ཉེ་བས་ཆོས་གྲོགས་རྣམས་ལ་ཕན་པའི་ཕྱིར་སྤེལ་བ་ཡིན།

0 comments:

ཟིན་བྲིས་འཚོལ་ཡུལ