དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Monday 8 October 2012
བོད་ཀྱི་ལྷ་རིས་པ་ལེགས་སྨོན་ངོ་སྤྲོད།
[ 2012-10-9 0:35:31 | By: wubao ]


བོད་ཀྱི་ལྷ་རིས་པ་ལེགས་སྨོན་ངོ་སྤྲོད།
བོད་ཀྱི་དཔའ་བོའི་མི་སྣ་གླིང་རྗེ་གེ་སར་གྱི་རི་མོ་ཆེད་མཁས་པ་ལེགས་སྨོན་ལགས་ནི་བོད་མདོ་ཁམསགསེར་རྟ་རྫོང་རྙན་ལུང་ཡུལ་ཚོ་རུ་ཕ་ཏོག་ཚ་དངོས་བཀྲ་དང་། མ་འགྲོ་བ་བཟང་མོ་ཟུང་གི་གཅེས་ཕྲུག་ཏུ་ཕྱི་ལོ ༡༩༦༧ ལོར་སྐྱེས། ཁོང་ལོ་ན་ཆུང་སྐབས་ཡུལ་དུས་གནས་བབ་མང་པོ་ཞིག་གི་དབང་གིས་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ་ཀྱང་། བྱིས་དུས་ནས་རྩམ་པ་དང་ས་སོགས་ཀྱིས་གཟུགས་བརྙན་སྣ་ཚོགས་བཅའ་བཟོ་བྱེད་རྒྱུར་དགའ་བའི་གཤིས་ཀ་ལྷན་སྐྱེས་སུ་མངའ་བ་དང་། ལོ་༡༣ ཙམ་གྱི་དུས་ནས་ཕ་ལགས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་རི་མོ་སྦྱང་བའི་མགོ་བརྩམས། རིམ་བཞིན་མགོ་ལོག་གི་དགེ་རྒན་ཨ་ཁུ་རབ་དགྱེས་ཚང་ནས་ཡིག་གཟུགས་དང་། ཨ་མདོའི་ལྷ་རིས་པ་འཇམ་དབྱངས་བློ་བཟང་ཚང་། ལྷ་བཟོ་རྟ་མགྲིན་སོགས་ཀྱི་མདུན་ནས་ལྷ་རིས། འཇིམ་འབག་བཟོ་སྦྱོང་གི་གོ་སྐབས་བཙལ་ཏེ་མཚོ་སྔོན་དང་སི་ཁྲོན་གྱི་ས་ཁུལ་མང་པོར་ཕྱིན་ཏེ་ལྷོད་མེད་བརྩོན་པ་ཆེན་པོས་མཛེས་རིས་སྣ་ཚོགས་དང་ཐང་སྐུ། འཇིམ་སྐུ་འབག་བཟོ་ལ་འབད་པ་བྱས་པའི་བརྒྱུད་རིམ་ཁྲོད་ནས་ཁོང་གིས་དཀའ་སྡུག་གི་རྔུལ་ཆུ་ཡང་མི་ཉུང་བ་ཞིག་བཏོན་མྱོང་བ་དང་། སྐབས་དེའི་སྤྱི་ཚོགས་འཚོ་བའི་ཁྲོད་ཟབ་ཞུགས་ཀྱི་ཉམས་མྱོང་ཡང་མི་ཉུང་བ་ཞིག་བསགས། རིམ་བཞིན་ཁོང་གི་དཀའ་སྡུག་གི་འབྲས་བུར་བོད་ཀྱི་བཟོ་རྩལ་རྨང་གཞི་བྱས་ཐོག་རྒྱལ་ཕྱི་ནང་གི་མཛེས་རྩལ་གྱི་ལེགས་ཆ་སྡེབ་སྦྱོར་བྱེད་ཐབས་ལ་ཚོད་ལྟ་ཐུབ་པའི་སྐྱེས་སྟོབས་རྒྱས་ཏེ་རི་མོའི་སྒྱུ་རྩལ་གྱི་ཕྱོགས་ནས་མི་ཚེའི་ལམ་བུ་ངེས་ཅན་ཞིག་རྙེད་དེ། རང་རིགས་ཀྱི་སྲོལ་རྒྱུན་ཀརྨ་སྒར་བྲིས་ཀྱི་སྲོག་ལ་ཕྱི་གླིང་བའི་མཛེས་རྩལ་དང་གསོན་ཉམས་གསར་གཏོད་ཀྱི་ཐབས་ལམ་བཀོལ་ཐུབ་པའི་རང་ལུགས་ཚུགས་ཐུབ་ཞིག་ཆགས་མགོ་བརྩམས། དེ་ནས་བཟུང་ཁོང་གིས་རི་མོ་འབྲི་སྦྱང་ལག་ལེན་གྱི་གཞི་རྐང་སྲ་བརྟན་དུ་སོང་བར་མ་ཟད། སྐྱ་ཚོན་ཟུང་སྡེབས་ཀྱི་ལག་རྩལ་ལ་གསོན་ཤུགས་ཐུན་མོང་མ་ཡིན་པ་བསྣན་ཏེ་བྲིས་བཞེངས་གནང་བའི་སྒྱུ་རྩལ་བརྩམས་ཆོས་ཀྱི་སྐོར་ནི།
༡ ལྷ་སྐུ་ཐང་གའི་སྐོར་ལ། ཁོང་གི་མི་ཚེའི་ནང་ཆེས་རྟེན་འབྲེལ་ལེགས་ཤིང་མཐོང་ཆེན་གནང་ཡུལ་གྱི་ཐང་སྐུ། གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་ཐང་སྐུ་བརྗིད་ལྡན་ལེགས་སྨོན་གེ་སར་ཞེས་གྲགས་པ་དེ་དང་། བཀའ་བསྟན་དཔེ་བསྡུར་མའི་མཆོག་ལྷ་ཚོན་ལྡན་དུ་མ། ལྷ་མོ་དབྱངས་ཅན་མའི་སྐུ་བརྙན་གྲགས་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་དཔའ་མོ་སོགས་ལྷ་ཞི་དྲག་གི་སྐུ་གཟུགས་སྣ་ཚོགས། ཡུལ་སྐྱོང་རྨ་རྒྱལ་སྤོམ་ར་སོགས་ཡུལ་ལྷ་སྣ་ཚོགས་ནས་བཟུང་བརྒྱུད་པའི་ཕྱག་བཞེས་ཀྱི་རྨང་དང་མཛེས་རྩལ་དུང་མཚོན་གྱི་གསོན་ཉམས་ཟུང་དུ་སྡེབ་པའི་ལྷསྐུ་ཆེ་ཆུང་སྟོང་ཕྲག་ཙམ་འབྲི་བཞེངས་གནང་ཡོད།
བླ་སྐུ་འདྲ་རིས་ཀྱི་སྐོར་ལ། པཎ་ཆེན་སྐུ་ཕྲེང་བཅུ་བ རྗེ་བཙུན་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་སྐུ་པར་འདྲ་བཞེངས་བྱས་པ་དེའི་གསོན་བརྗིད་རང་བཞིན་དང་། ཕུལ་བྱུང་སྒྱུ་རྩལ་གྱིས་བོད་རིགས་དད་ལྡན་ཚོའི་ཡིད་ངོར་སྐུ་དངོས་སུ་མཇལ་འདྲའི་དགའ་དད་ཀྱི་མྱོང་ཚོར་དང་། རླབས་ཆེན་གྱི་མཛད་པ་བཟང་པོ་བསྐལ་བའི་བར་མི་བརྗེད་པའི་དྲན་ཤིང་གི་རྡོ་རིང་ཞིག་ཏུ་གྲུབ་ནས་ལྷ་རིས་པ་ཁོང་ལ་སྙིང་ཐག་པ་ནས་བསྟོད་བསྔགས་དང་དགའ་བསུ་ཐོབ་། དེ་བཞིན་དུ་ཉེ་ཁོར་གྱི་བླ་ཆེན་ཀྱི་སྐུ་འདྲ་ལ། བདུད་འཇོམས་ང་འདྲ་མ། རྡོ་གྲུབ་ཆེན་སྤྲུལ་སྐུ་རིག་ལོ་འམ་གླིང་སྤྲུལ་ཚང་དང་། སེ་ར་ཡང་སྤྲུལ། མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། ཨ་སྐྱོང་རྒྱ་བླ་མ་པདྨ་རྣམ་རྒྱལ། མཁན་ཆེན་མུན་སེལ་ཚང་། ༧ཆོས་རྗེ་ཡིད་བཞིན་ནོར་བུའི་མཛད་རྣམ་ཞལ་ཐང་སོགས་དད་ལྡན་དག་གི་ཡིད་དབང་འགུག་ཐུབ་པའི་གསོན་ཉམས་འབུར་ཐོན་གྱི་བླ་སྐུ ༤༠ ལྷག་འདྲ་བྲིས་མཛད་པས་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ལ་ཆེས་ཆེར་བབས་ཏེ་ཁོང་ལ་སྤྲུལ་བའི་ལྷ་བཟོ་ཞེས་འབོད་པའི་ཚད་དུ་བྱུང་།
༣ མཛེས་རྩལ་གྱི་སྐོར་ལ་རོང་འབྲོག་གི་ཁང་བའི་མཛེས་བཟོ་དང་། དགོན་སྡེ་དང་ཚོགས་པའི་ཐོབ་རྟགས། གཞུང་དང་མི་སྒེར་གྱི་ལས་རྟགས་འདྲ་མིན་། ཁ་བཏག་གི་རི་མོ་སོགས་བོད་ཀྱི་རྟེན་འབྲེལ་མཚོན་ཐབས་ཀྱི་དོན་འབྲེལ་མཛེས་རིས་སྣ་ཚོགས་འཆར་བཀོད་གསར་བྲིས་གནང་བ་ལ་ཐུན་མིན་གྱི་ཁྱད་ཆོས་དང་ཕུལ་བྱུང་གི་བྱང་ཆ་མངའ་བས། རྒྱ་ཆེའི་མང་ཚོགས་ཀྱིས་ཆེས་དགའ་བསུ་དང་མཐོང་ཆེན་བྱེད་ཡུལ་ཞིག་ཏུ་གྱུར།
༤ ཡུལ་ལྗོངས་ཀྱི་སྐོར་ལ་གླིང་སྒྲུང་དང་འབྲེལ་བའི་ཡུལ་ལྗོངས་འཆར་ཡན་མའི་སྐོར་དང་། ཕ་ཡུལ་གྱི་འབྲོག་པའི་འཚོ་བར་ཁ་ཐག་ཉེ་བའི་འདྲ་རིས། རི་དྭགས་དང་གཡུང་དྭགས་ཀྱིས་བརྒྱན་པའི་རི་ཆུའི་མཛེས་ལྗོངས། བྱ་རིགས་དང་ཆུ་གནས་ཀྱིས་མཛེས་པའི་མཚོ་རྫིང་སོགས ༥༠ ལ་ཉེ་བ་ཞིག་བྲིས། བརྒྱུད་རིམ་འདི་དག་གི་འོག་ནས་ཁོང་གི་མཛེས་དཔྱོད་ཀྱི་ལྟ་བ་དང་སོར་མོའི་སྒྱུ་རྩལ་ཁོར་ཡུག་ལས་བརྒལ་ཏེ་མི་རིགས་གཞན་གྱིས་ཀྱང་དགའ་བསུ་མཐོང་ཆེན་ཐོབ་པའི་གནས་སུ་གྱུར་ནས། རྒྱ་ནག་གི་ཀོང་ཀྲིག་དང་ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་གྲས་དུ་མའི་ཕྱོགས་ནས་ཀྱང་ལྷ་རིས་དང་འབག་མགོ་བཟོ་སྐྲུན་པར་གདན་འདྲེན་ཡང་ཡང་བྱས་མྱོང་བ་དང་།
༥ མུ་འབྲེལ་ཐང་གའི་སྐོར་ནས། སྤྱི་ལོ ༢༠༠༣ ལོ་ནས་བཟུང་ཁོང་གིས་འཛམ་གླིང་ན་སྐད་གྲགས་མཐོ་བའི་གླིང་གེ་སར་སྟོང་ཐང་ཆེན་མོའི་སྤྱིའི་མཛེས་བཀོད་པ་དང་། སྤྱི་ཁྱབ་བློ་འདོན་པ་སོགས་ཀྱི་གཙོ་འགན་བཞེས་ཏེ། བོད་མི་རིགས་རང་གི་སྲོལ་རྒྱུན་ཀརྨ་སྒར་བྲིས་ཀྱི་རྨང་གཞིའི་སྲོག་རྩ་ལ་དུས་རབས་ཀྱི་མིའི་བསམ་བློའི་མཛེས་དཔྱོད་དང་མཐུན་པའི་འཚོ་བ་དངོས་ཀྱི་གསོན་ཉམས་བསྣན་ཏེ་འཛམ་གླིང་རིག་པའི་བང་མཛོད་ཀྱི་ནོར་བུ་ཞིག་བཞེངས་གྲུབ་ཀྱི་བཀའ་དྲིན་བསྐྱངས་པས་ཁོང་ལ་གླིང་གེ་སར་རི་མོ་ཆེད་མཁས་པ་ཞེས་སྙན་པའི་གྲགས་པ་རྒྱས། དེ་བཞིན་དུ་རྗེ་བཙུན་མི་ལའི་དངོས་སློབ་རས་ཆུང་རྡོ་རྗེ་གྲགས་པའི་རྣམ་ཐར་མི་འབྲེལ་མཛེས་རིས་ཀྱི་བློ་འདོན་མཛེས་བཀོད་པ་མཛད་ནས་འགྲེམ་སྤེལ་མཛད་དང་། གཞན་ཡང (གུ་རུ་ཨོ་རྒྱན་གླིང་བའི་གཏེར་བྱོན་བཀའ་ཐང་ཤེལ་བྲག་མས་བསྟན་དོན་ལ་གཞི་བྱས།) དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་སྟོང་ཐང་ཆེན་མོའི་སྤྱི་ཁྱབ་མཛེས་བཀོད་པ་དང་། སྤྱི་ཁྱབ་བློ་འདོན་པ་སོགས་ཀྱི་ཐུགས་འགན་གཅིག་ལྕོག་ཏུ་བཞེས་ཏེ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་འགྲུབ་ལ་ཉེ་བ་དང་། ཉེ་བའི་ཆར་གླིང་དཔའ་བརྟུལ་གྲུབ་ཆེན་(<<གླིང་དཔའ་བརྟུལ་ངོ་སྤྲོད་ཀྱི་གླུ་དབྱིངས་ཕྱུག་མཁའ་འགྲོའི་ཞལ་ལུང་།>>ཞེས་པའི་ནང་དོན་གཞིར་བཟུང་སྟེ། )བརྒྱད་ཅུའི་སྐུ་ཐང་ཁེར་བྲིས་མཛེས་བརྗིད་རྔམ་ཟིལ་གྱི་ཁྱད་ཆོས་སྔོན་མེད་འབུར་དུ་ཐོན་པ་ཞིག་འབྲི་བཞེང་གི་ཕྱག་ལས་གནང་མུས་སུ་མཆིས།
མདོར་ན་ཁོང་གི་མི་ཚེའི་ཆེད་ལས་ཀྱི་ཁ་ཕྱོགས་བོད་ཀྱི་མཛེས་རྩལ་རི་མོ་ཁོ་ན་ལ་གཏད་དེ། མི་རིགས་ཀྱི་མཛེས་རྩལ་ཁྱད་ཆོས་བརྒྱུད་སྒྲོག་དང་བཤམས་སྟོན་ལ་ཕྱག་རྗེས་མི་དམན་པ་བཞག་པ་དང་། དེ་ལས་ཀྱང་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་མཛད་པ་རྣམ་ཐར་འབྲི་བཞེང་ལ་བཀའ་དྲིན་གཞན་ལས་ཀྱང་ཆེ་བའི་ཆེད་ལས་དོན་གཉེར་གྱི་ཞོར་དུ། སྔ་རྗེས་བྱས་ཏེ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གླིང་སོགས་སུ་བཟོ་རྩལ་ཤམ་སྟོན་དང་འབྲི་རྩོམ་ཇུས་འགོད། སློབ་ཁྲིད་དང་ཉམས་མྱོང་བརྗེ་རེས་སོགས་ཅི་རིག་པ་གནང་མྱོང་བ་དང་། ད་ལྟ་ཆེད་དུ་སྒེར་གཉེར་གྱིས་<<དཀར་མཛེས་ཁུལ་ལེགས་སྨོན་བཟོ་རྩལ་གསོ་སྦྱོང་འཛིན་གྲྭ>>རྒྱུན་སྐྱོང་གིས་བོད་ཀྱི་རི་མོ་བ་གསོ་སྐྱོང་གི་སློབ་ཁྲིད་ཀྱང་གནང་དང་གནང་བཞིན་པའོ། །

0 comments:

ཟིན་བྲིས་འཚོལ་ཡུལ