ད་ནས་བཟུང་སྟེ་དྲ་ངོས་འདིར།
ངས་དུས་ཐོག་ཆར་པ་མུ་འགོད་བྱེད་རྒྱུ་ཡིན་ཞིང་།
ལེ་ཚན་སོ་སོའི་ཁ་བྱང་གཙོར་བཟུང་ཐོག་བསྡུས་མིང་དུས་ཆར་ཞེས་འབོད་རྒྱུ་ཡིན།
འདི་ནི་ཞུས་དག་བསྐྱར་མ་བྱས་ཟིན་པའི་མ་དཔེ་གསར་ཤོས་ཤིག་ཡིན།
(ཕབ་སྒྲིག་ཅེས་པའི་ཐ་སྙད་འདི་ལ་འོས་ཤིང་འཚམས་པའི་ཚིག་ཅིག་རྙེད་རྒྱུར་བསམ་བློ་གང་མང་བཏང་མཐར།༸རིན་པོ་ཆེའི་བཀའ་སློབ་ཡི་གེར་ཕབ་པ་ཁག་ཅིག་གི་མཇུག་ཏུ་ཕབ་སྒྱུར་ཞེས་བྲིས་པ་མཇལ་ཞིང།རྒྱ་ཡིག་ཏུ་ལེགས་སྒྲིག་ཅེས་པའི་ཐ་སྙད་བེད་སྤྱད་པ་སོགས་ཅི་རིགས་ཤིག་སྣང་མོད།ཕབ་སྒྱུར་ནི་སྐད་ཡིག་གཉིས་པ་ཞིག་བརྒྱུད་ནས་བསྒྱུར་རམ་སྙམ་དུ་འཁྲུལ་ཉེན་ཆེ་བ་དང།ལེགས་སྒྲིག་ནི་རྩོམ་སྒྲིག་ཙམ་ལས་དངོས་སུ་སྒྲ་ལས་ཡི་གེར་ཕབ་པ་བསྡུ་ངེས་སུ་མ་མཐོང་ཞིང་།ཕབ་རྐྱང་པའང་བྱ་ཚིག་གི་སྐབས་སུ་འགྲིག་ན་ཡང་མིང་ཚིག་ལ་སྤྱོད་མི་བདེ་བ་སོགས་ཀྱིས།སྒྲ་ལས་ཡི་གེར་ཕབ་སྟེ་འཁྲུག་པ་གོ་བསྡེབས་ཤིང་ལེགས་པར་བསྒྲིགས་པའི་ཆ་ནས་ཕབ་སྒྲིག་ཅེས་པའི་ཐ་སྙད་འདི་ཆེད་སྤྱོད་ཐ་སྙད་དུ་སྐབས་འདིར་ཆེདདུ་བཟོས་པའི་མིང་ཚིག་གསར་པ་ཞིག་ཡིན་པས་དཔྱོད་ཅིག)
༄༅།།སངས་རྒྱས་ལ་ཕྱག་འཚལ་ལོ།
གླེང་གཞི།
དེ་ཡང་གུས་པ་རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་ཀྱི་ངོགས།འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞི་བའི་སྤྲིན་རྣམ་པར་བཀོད་པའི་ཆོས་ཀྱི་སྐྱེད་མོའི་ཚལ་གྱི་ཉེ་འགྲམ་གྱི་བཤད་གྲྭ་ཆེན་པོ་རྫོང་སར་དུ་ཡོད་སྐབས་མཁན་ཆེན་མཁས་པའི་དབང་པོ་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་བཀའ་སློབ་《དུས་ཐོག་ཆར་པ》འདི་ཉིད་ཀྱི་མ་ཕྱིའི་ཟེར་སྡེར་དང་མཇལ།དེ་རྗེས་ངེས་པར་བཀའ་སློབ་འདི་ཧ་ཅང་རྩ་ཆེན་པོ་དང་ཚང་མས་མ་གོ་ཐབས་མེད་ཅིག་རེད་འདུག་སྙམ་པའི་བསམ་བློ་འཁོར་ཞིང་།ཡི་གེར་འགོད་རྒྱུའི་སེམས་ཐག་ཀྱང་དེ་དུས་བཅད་པ་ཡིན་ནོ།།
གཞི་རྩའི་རྩ་འཛིན།
ངས་བཀའ་སློབ་འདི་ཡིག་ཐོག་ལ་འགོད་མགོ་རྩོམ་སྐབས་གལ་གནད་ཆེ་བའི་རྩ་འཛིན་ཁ་ཤས་ཀྱི་ཐོག་ལ་དང་པོ་ནས་བསམ་བློ་བཏང་ཡོད་དེ།
དང་པོ།ངེས་པར་དུ་མཁན་ཆེན་མཆོག་གི་གསུང་གི་གཤིས་དང་བརྡ་སྤྲོད་ཁྱད་ཆོས་མ་ཉམས་སོར་འཇོག་བྱེད་དགོས་པ།
གཉིས་པ།ངེས་པར་ཚིག་རེ་རེ་ནས་བརྡ་སྤྲོད་རིག་པའི་གཞུང་དང་ཡང་མི་འགལ་བ་ཞིག་དགོས་པ།
གསུམ་པ།བོད་སྐད་སྨྲ་བ་ཡོངས་ཀྱིས་གང་ལེགས་གོ་ཐུབ་པ་ཞིག་དགོས་པ།
བཞི་པ།སྙན་གྲགས་ཅན་གྱི་མཁས་དབང་ཞིག་གི་བཀའ་སློབ་ཡིན་པའི་ཆ་ནས་ཚིག་དོན་གྱི་ཆ་ཕྲ་མོ་ཙམ་ལ་ཡང་ཚད་མཐོའི་འགན་འཁྲི་ཡོད་པ་དྲན་དགོས་པ།
ལྔ་པ།བརྗོད་གཞི་གཅིག་ལ་བསྐྱར་ཟློས་ཀྱིས་གསུངས་པ་དང་།བརྗོད་གཞི་གཅིག་ལ་གསུང་སྟངས་མི་འདྲ་བའི་ཚིག་གིས་ཡང་ཡང་གསུང་གནང་བ་སོགས་དགོས་ངེས་གྱི་འཕྲི་སྣོན་དང་མཚམས་སྦྱོར་གང་དགོས་ལ་ངེས་པར་དུ་བླཁོག་བསྐྱེད་ནས་ལས་སྣོན་བྱེད་དགོས་པ།
དྲུག་པ།ལེགས་སྒྲིག་བྱེད་པའི་གོ་རིམ་ཁྲོད་ནས་ཁོང་གི་དགོངས་དོན་ལ་སྒེར་གྱི་བསམ་བློའི་ལྷད་མ་ཞུགས་པ་ཞིག་ངེས་པར་དུ་དགོས་པ་བཅས་ཏེ།གནད་དོན་དྲུག་གི་ཐོག་ལ་བསམ་བློ་ཞིབ་ཚགས་དང་ཆོད་སེམས་བརྟན་པོ་དགོས་པའི་ངོས་འཛིན་བྱས་པ་ཡིན།
དུས་མཚུངས་ངས་བོད་ཡིག་གི་ཐོག་ཏུ་ཕབ་སྐྲུན་བྱས་ཡོད་པའི་འབྲེལ་ཡོད་བཀའ་སློབ་དག་ལ་ལྟ་རྟོག་བྱས་ཤིང།དེ་དག་ནི་སྐབས་འདིའི་གལ་གནད་ཆེ་ཤོས་ཀྱི་ཟུར་ལྟའི་ཡིག་ཆར་བདམས་པ་ཡིན།འོན་ཀྱང་བཀའ་སློབ་ཕབ་སྒྱུར་སྐོར་ཁ་གསལ་འཆད་པའི་རྩོམ་རིག་གི་རྣམ་བཤད་ལྟ་བུའི་ཟུར་ལྟའི་གཞུང་ལུགས་དངོས་ཤིག་ང་ལ་ཐོབ་མེད།
འོན་ཀྱང་རང་ཉིད་གསེར་རྟའི་འབྲོག་སྐད་ལ་ཆ་རྒྱུས་གང་ལེགས་ཡོད་པ་དང།ཆོལ་གསུམ་གངས་ཅན་སྤྱིའི་རང་བཞིན་དང་ལེགས་པར་སྦྱར་བའི་སྐད་ཀྱི་གནས་སྤྱི་ལའང་གོམས་འདྲིས་ཅུང་ཙད་ཡོད་པ་འདི་གཉིས་ཕྲན་བཀའ་སློབ་འདིའི་ཕབ་ག་པར་ཅུང་ཟད་འོས་འཚམས་ཡིན་པའི་ངེས་ཤེས་སྐྱེ་རུ་བཅུག་བྱུང།།
ཕབ་སྒྲིག་དངོས་ཀྱི་བྱེད་ཕྱོགས།
དེ་ཡང་ལོ་ཧྲིལ་པོ་གཅིག་ལྷག་ལ་སློབ་ཞོར་གྱི་དུས་ཚོད་སྤྱད་ནས་ཕབ་སྒྲིག་བྱེད་སྐབས་དང་པོ་བཀའ་སློབ་དབུ་ནས་མཇུག་གི་བར་མཐར་ཆགས་སུ་ཡི་གེར་བ་པ་ལས།ལེ་ཚན་སྔ་མ་སྔ་མ་དག་གི་བརྗོད་གཞི་དང་ཕྱོགས་མཚུངས་པ་དག་བརྗོད་གཞི་སྔ་མ་དག་ལ་ཁ་སྣོན་གྱིས་བརྗོད་གཞི་རིགས་ངེས་པའི་དབྱེ་མཚམས་བཟོས་པ་དང་བས་གཅིགཚིག་དོན་བཟླས་ཏེ་གསུངས་པ་དག་བསྐྱར་ཟློས་མ་བྱས་པར་བཏང་སྙོམས་སུ་བཞག་སྟེ་དེ་ལྟར་རྩ་བའི་མ་ཟིན་གྲུབ་པར་བྱས།
དེ་ནས་སླར་ཡང་ཞིབ་ཆའི་སྒོ་ནས་ཚིག་གི་མཚམས་སྦྱོར་སྟངས་དང་ནང་དོན་གྱི་གོ་བ་ལེན་ཕྱོགས་སོགས་ལ་ཀུན་གྱིས་གོ་བདེ་བ་དང་ཚད་ལྡན་གྱི་ཕྱོགས་སུགཏན་འབེབས་ཐུབ་རྒྱུར་མགོ་ནས་མཇུག་བར་ནན་ཏན་དུ་དཔྱད་དེ།
དེ་ཡང་གློག་བརྙན་མཁན་གྱིས་མི་སྣ་འབྲི་འགོད་བྱེད་ཐབས་དང་བརྩམས་སྒྲུང་མཁན་གྱི་མི་སྣ་འབྲི་འགོད་བྱེད་ཐབས་ལྟར་སྒྲ་ཐོག་དང་ཡིག་ཐོག་གི་གོ་རྡ་སྤྲོད་སྟངས་མི་འདྲ་བའི་ཆོས་ཉིད་ཀྱི་དགོས་མཁོ་བཞིན་སྐབས་དང་སྐབས་སུ་མཚམས་སྦྱོར་གྱི་ཡི་གེ་གང་འོས་སུ་སྦྱར།
ཚིག་གི་ལྷག་མ་བསལ་ནས་སྣ་བསྟུང་དགོས་པའི་རིགས་ཇི་སྙེད་པ་རྣམས་ལ་ཚིག་སྡུད་རྣམ་པ་དྲུག་གི་མན་ངག་ལ་བརྟེན་ནས་གང་དགོས་དགོས་སུ་བསྟུང།
ཅ་དངོས་སོགས་ཀྱི་ཐ་སྙད་གསར་པའི་རིགས་ཀྱི་མིང་ཚིག་དག་བཀའ་སློབ་ཀྱི་སྐབས་སུ་དངོས་སུ་བེད་སྤྱོད་གནང་ཡོད་མེད་ལ་མ་ལྟོས་པར་ཕུགས་རྒྱང་རིང་ོར་དམིགས་ནས་<<གསར་བྱུང་རྒྱུན་བཀོལ་མིང་མཛོད་>>ལས་བྱུང་བའི་བརྡ་ཆད་དག་ལྷུ་འཕྲོད་འཕྲོད་དུ་སྤྱད།
འབྲོག་སྐད་ལྟ་བུ་ཡུལ་དང་ལུང་པ་བྱེ་བྲག་པར་གྲགས་པ་ཤུགས་ཆེ་བས་དེ་ཙམ་ཡོངས་སུ་མ་གྲགས་སྙམ་པའི་བརྗོད་ཚིག་དང་ཐ་སྙད་གསར་པར་གཏོགས་པའི་མིང་ིག་གི་རིགས་གལ་ཆེ་བ་ཁག་ལ་གོ་དོན་ངེས་པའི་མཆན་བུ་བཏབ་སྟེ་གོ་དོན་ཇེ་གསལ་དུ་བཏང།
བདག་སྒྲ་དང་གྲོགས་ཚིག་གི་པ་བའི་འཇུག་པ་སོགས་ཚིག་མཛོད་དང་དག་ཡིག་ཁག་འབྲི་སྟངས་མི་མཐུན་པས་དོགས་པ་ཆོད་དཀའ་བའི་རིགས་ལ་མཁན་ཆེན་མཆོག་གི་སུང་རྩོམ་ཁག་གི་འབྲི་སྟངས་སྐུ་ཉིད་ཀྱི་བཞེད་ཕྱོགས་ཡིན་ངེས་སྙམ་པ་ཁག་དང་གང་ཐུབ་ཐུབ་ཀྱིས་བསྟུན།
གཞུང་གཞན་གྱི་ལུང་འདྲེན་གྱི་ཚིག་ཉུང་ཙམ་བྱུང་བ་དག་ཀྱང་བསྟན་འགྱུར་སོགས་ཀྱི་མ་དཔེ་རང་ལ་གང་བྲིས་པ་དེ་ཁོ་ནར་བཏུགས་ནས་ཁུངས་ངེས་ངེས་སུ་ས།ཧ་ཅང་གལ་གནད་ཆེ་ཞིང་བསྡུས་བརྗོད་ཀྱི་རང་བཞིན་གང་ལེགས་ཡོད་པའི་གསུང་དུམ་བུ་ལུང་འདྲེན་ལྟར་བཀོལ་ཆོག་ཆོག་ཏུ་ཡོད་པ་རྣམས་ལ་དམིགས་བསལ་གྱིཡིག་ཚུགས་སྤྱད་ནས་ཀློག་པ་པོའི་ཐུགས་ལ་འཛིན་ཆོག་ཆོག་ཏུ་བཀོད།
བཀའ་སློབ་ཀྱི་ཡིག་ཚད་ཧ་ཅང་མང་བས་དཀར་ཆག་མེད་ན་ཀློག་པ་པོར་ཉོབ་སྣང་སྐྱེ་སྲིད་པ་དང་།བརྗོད་བྱའི་སྤྱི་ཁོག་ངེས་དཀའ་བའི་དཀའ་ངལ་སེལ་བའི་ཆེད།འགྲེམ་བརྡ་(adwertisementརྒྱུན་བཀོལ་མིང་མཛོད་ཀྱི་ཚིག)དང་གསར་འགྱུར་རིག་པའི་ཚིག་བརྗོད་ཀྱི་རིགས་ལམ་སྤྱད་དེ།བཀའ་སློབ་རང་གི་ཚབ་མཚོན་རང་བཞིན་ཆེས་ཆེར་ལྡན་པའི་ཆེད་ལས་ཐ་སྙད་ཁག་ཚུད་པའི་ཐ་སྙད་ཀྱིས་མངོན་གསལ་དོད་པའི་ས་བཅད་གང་འགྲིག་འགྲིག་ཏུ་བསྒྲགས།
ཚིག་ལ་རྟོན་ཅིང་བྱ་རོག་གི་འཁུ་འཁྲིག་དགའ་བ་དང་།རྫི་གསང་དོད་པའི་ཁོར་ཡུག་གི་ཉན་རྣ་ལ་གཟན་པའི་ཟུར་འགའ་ཞིག་ཐབས་ལ་མཁས་ཙམ་དགོས་པ་དག་མཁན་ཆེན་མཆོག་གི་དགོངས་གཞིའི་ལམ་སྟོན་དངོས་སུ་ཐོབ་པདང་གང་མཐུན་མཐུན་དུ་བཅོས་ཏེ་ལེགས་པར་གཏན་ལ་ཕབ་བོ།།
ཁ་སྣོན་སྐོར་གྱི་གསལ་བཤད།
དེ་རྗེས་སླར་ཡང་ཐའེ་ཝན་ནས་མཁན་ཆེན་མཆོག་གིས་ཉིས་སྟོང་བཅུའི་ལོར་《ཉག་རོང་རིག་གཞུང་དར་སྤེལ་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ》འི་གཙོ་སྐྱོང་གནང་སྐབས་ཀྱི་བཀའ་སློབ་བརྙན་འཁོར་མཇལ་ཞིང་།རྩ་བའི་བརྗོད་གཞི་ཆུ་ལ་ཆུ་བཞག་ལྟར་འདུག་ན་ཡང་།དམིགས་བསལ་གྱི་བརྗོད་བྱ་ཁག་གཅིག་ལ་ཞལ་གསལ་གནང་བ་དང།ཁོང་ཉིད་ཀྱིས་དགོན་སྡེ་སློབ་གསོ་ལེགས་བཅོས་ཀྱི་སྐོར་གྱི་དགོངས་པ་བཞེས་ཕྱོགས་སམ།དམིགས་ཚད་ཀྱི་འགྱུར་མཚམས་སོགས་སྔ་མ་དང་མི་འདྲ་བ་ཡོད་པ་དག་བདམས་གསེས་ཀྱིས་ཁ་གསབ་ཀྱི་ཚུལ་དུ་བཅུག་ན་དགེ་མཚན་ཆེ་བར་མཐོང་ནས།
དྲང་བདེན་གྱི་འཚོ་ཐབས།
ཡུལ་ཤུལ་ས་ཡོམ་གྱིས་ཐོབ་པའི་བསླབ་བྱ།
ཁོར་ཡུག་གཅེས་སྐྱོང་དང་གཙང་སྦྲ་འཕྲོད་བསྟེན།
གློག་རྫས་རྐང་གཅིག་གི་མཇུག་འབྲས།
ས་ཕྱོགས་གཙང་མ་དང་ལྗོན་ཤིང་འདེབས་འཛུགས།
མཐའ་གཉིས་སྤངས་པའི་རིས་མེད།
ཆགས་སྡང་མ་ཟད་ཉེ་རིང་ཙམ་ཡང་མེད་པ་བྱེད་དགོས།
ཞེས་པའི་བར་གྱི་རང་སྐྱ་ཐུབ་པའི་ས་བཅད་བདུན་དང་།དེ་བཞིན་གནད་འགག་ཆེ་བའི་བཀའ་མོལ་གྱི་ཟུར་ཁ་ཤས་གོ་རིམ་ངེས་མེད་དུ་སྔར་གྱི་བཀའ་སློབ་ལ་ཁ་སྐོང་གི་ཚུལ་དུ་བཀོད་ཡོད་པ་དཔེར་ན།ཤིང་ལོའི་ཐོག་གི་འབུ་སྲིན་ཞེས་པའི་ས་བཅད་ཀྱི་ཁོངས་ཀྱི།ནགས་ཀྱི་དབུས་ན་སྤྲེའུ་སྐྱིད་སྙམ་སྟེ།།ནགས་མཐའ་མེ་ཡིས་སྐོར་རོ་དིང་རི་བ།།ཞེས་སོགས་ཏེ།འདི་འདྲ་ཅི་རིགས་ཤིག་ཡོད།
མདོར་ན་བཀའ་སློབ་ཕྱི་མ་ལས་བསྣན་པ་ཁྱོན་ཚེགས་ཁྱིམ་བཞི་སྟོང་ལྔ་བརྒྱ་ལྷག་ཅིག་ཡོད་ཅིང་།འདིར་གསལ་བཤད་དགོས་པ་ཞིག་ནི།བཀའ་སློབ་དངོས་གཞིའི་ནང་དུ་རྒྱལ་པོའི་ལམ་ལུགས་ཀྱི་དཔེ་མཚོན་དུ་བལ་ཡུལ་ལྟ་བུའི་རྒྱལ་ཁབ་ཉུང་ཤས་ཞེས་འབྱུང་བ་ནི་བཀའ་སློབ་དངོས་གཞི་གནང་་སྤྱི་ལོ་༢༠༠༧ཙམ་ལ་ཁེལ་གྱི་ཡོད་པས་ཡིན་ཞིང།ཡང་ས་བཅད་རྗེས་མར་༢༠༡༠ལོའི་ཡུལ་ཤུལ་ས་ཡོམ་ཆེན་མོའི་སྐོར་ཡང་འབྱུང་བ་ནི་ཉེ་དུས་ཉག་རོང་དུ་བསྩལ་བའི་བཀའ་སློབ་ཡིན།
དེ་བཞིན་གཞུང་དངོས་གཞིའི་དཀྱུས་སུ་རྙིང་མ་མཐུན་ཚོགས་འཛུགས་པའི་དགོངས་ཚུལ་འབྱུང་བ་ནི་ཐོག་མར་ཁོང་གིས་<<དགོན་པ་རྣམས་ཀྱིས་ངེས་པར་སློབ་གཉེར་ལ་དོ་དམ་མཛད་དགོས་པའི་བསམ་ཚུལ་བརྗོད་པ་>>ཞེས་པ་བརྩམས་གྲུབ་སྟེ་དེའི་ཐོག་ནས་བཀའ་སློབ་འདི་གནང་བའི་སྐབས་ཙམ་ཡིན་པ་དང།ཡང་རྗེས་ནས་རིས་མེད་“དགེ་འདུན་མཐུན་ཚོགས་”དངོས་སུ་ཚུགས་ནས་ཕྱག་ལས་ཀྱི་དམིགས་ཚད་དང་ཐུགས་རེ་ཆེ་རུ་ཕྱིན་ཏེ།དགོངས་ཚུལ་སྔ་མ་ཕྱིར་འཐེན་གནང་འདུག་པ་སོགས་ཀྱི་འགྱུར་མཚམས་མཚོན་པའི་བཀའ་སློབ་ཀྱི་དུམ་བུ་གལ་ཆེ་ཤོས་ཤིག་གཡུང་དྲུང་བོན་དང་བཅས་པའི་མཉམལས་ཞེས་པའི་དུམ་བུ་འདི་ཉིད་བཀའ་སློབ་སྔ་མ་གནང་རྗེས་ཀྱི་ལོ་བཞིའི་རྗེས་ཏེ།ཉག་རོང་གི་རིག་གཞུང་དར་སྤེལ་ཚོགས་འདུ་ཐེངས་གཉིས་པའི་བཀའ་སློབ་ལས་བསྣན་པ་ཡིན་པ་སོགས་གོ་བ་ལེན་དགོས།དེ་ལྟར་ཐོག་མཐའ་བར་གསུམ་དུ་དོ་དོ་ཏན་ཏན་གྱིས་ལས་ཀ་བྱས་པའི་འབྲས་བུར་ཚེགས་ཁྱིམ་ཁྲི་བདུན་ལ་ཉེ་བའི་ཡི་གེ་འདི་བོད་སྐད་སྨྲ་བ་ཡོངས་ལ་ལེག་སྐྱེས་སུ་འབུལ་ཐུབ་པ་བྱུང་ངོ་།།
སྤྲོ་སྣང་དང་རེ་བ།
དེ་ཡང་ལོ་བཅོ་ལྔ་ལྷག་གི་སྔོན་གུས་པ་གསེར་སྨད་ལི་མདོ་ཆོས་སྒར་དུ་ཡོད་སྐབས་མཁན་ཆེན་མཆོག་ཉིད་བོད་ཀྱི་སྤྱི་ཚོགས་ཡོངས་ལ་ད་ལྟ་ལྟ་བུའི་མཚ་སྙན་རྒྱས་མེད་ནའང།ཆོས་རྗེ་ཡིད་བཞིན་ནོར་བུའི་འཁོར་སློབ་ཧ་ཅང་མང་པོ་དེ་དག་གིས་ནང་ནས་སྐད་གྲགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པའི་དུས་རེད།དེ་དུས་ནས་ཁོང་ལ་མི་རྣམས་ཀྱིས་ཡིད་ཆེས་དང་རྩི་མཐོང་ཅི་ཙམ་བྱེད་པ་དེ་ནི་བརྗོད་དཀའ་བ་ཞིག་ཡོད་ཅིང་།དེ་ཡང་ཁོང་གི་རང་བཞིན་གཤིས་ལ་གྲུབ་པའི་ཐུན་མིན་གྱི་ནུས་པ་ཞིག་གིས་དེ་ལྟར་ཀུན་གྱིས་ཁས་ལེན་ཐོབ་ཀྱི་ཡོད།ཁོང་ཉིད་འཆད་རྩོད་རྩོམ་གསུམ་ལ་ཧ་ཅང་བྱང་གོམས་སུ་གྱུར་པའིི་དཔེ་ཆ་བ་ཞིག་ཡིན་པ་ཙམ་མིན་པར་ཁོང་གི་ཕུལ་དུ་བྱུང་བའི་གོ་བརྡ་སྤྲོད་སྟངས་ཀྱཁྱད་ཆོས་དེས་སུ་ལ་ཡང་རང་ཚོད་ཀྱི་བློ་སྐྱེད་མི་སྤྲོད་པ་མེད་ཅིང་།དཔེ་ཆ་ཐོག་མར་ལྟ་མཁན་ནས་ཚད་གཞི་མཐོན་པོར་སོན་པའི་མཁས་པ་དག་གི་བར་སུས་ཀྱང་ཁོང་གི་བཀའ་ཆོས་ཀྱི་སྒྲ་ཐག་དག་གཅིག་མཚུངས་སུ་མཉན་གྱི་ཡོད་ལ་སོ་སོར་འཚམས་པའི་བློ་སྐྱེད་རེ་ཡང་ཐོབ་ཀྱི་ཡོད།གུས་པར་མཚོན་ན་ཡང་སྐབས་དེ་དུས་ནས་ཁོང་གི་ཞལ་ཁྲིད་ཀྱི་སྒྲ་ཐག་རྣམས་ཡང་དང་ཡང་དུ་མཉན་པ་དང།གོ་སྟོབས་ཧ་ཅང་ཞན་མིན་ལ་མ་ལྟོས་པར་ཐུན་མོང་མིན་པའི་བདེན་ཚིག་གི་ནུས་པ་ཆེན་པོ་ཡོད་པའི་ངེས་ཤེས་ཐོབ་མྱོང་།དེ་ལྟ་བུའི་ཁྱད་པར་ཅན་གྱི་མྱོང་བ་སྟེར་བའི་གསུང་དེ་དག་ཚངས་པའི་དབྱངས་ཀྱི་ཡན་ལག་གི་ཆེ་བ་ཡིན་པ་གསུང་རབ་དག་ན་ཤིན་ཏུ་གསལ།
དེས་ན་སྐབས་འདིར་ཡང་ཁོང་གི་གསུང་ཁྱད་པར་ཅན་འདི་ཡི་གེར་བཀོད་པ་ལས་སྐྱེ་བོ་མང་པོ་ལ་ཕན་ཐོགས་རྒྱུ་ཡིན་པའི་ངེས་ཤེས་དང་དགའ་སྣང་ཆེན་པོ་སྐྱེས་པར་མ་ཟད།ལེགས་བྱས་ཀྱི་གོ་སྐབས་འདི་ལྟ་བུ་ཞིག་ངའི་མི་ཚེའི་ནང་ལ་ཐོབ་པ་ནི་བསོད་ནམས་ཆེན་པོ་ཞིག་ཡིན་པའི་ཡིད་ཆེས་ཀྱང་རྙེད་བྱུང།།
གལ་ཆེའི་ཚིག་གསུམ།
བཀའ་སློབ་འདིའི་ནང་དུ་ཧ་ཅང་གལ་གནད་ཆེ་བའི་ཚིག་བརྗོད་དང་བཀའ་མོལ་གཅིག་ལས་གཅིག་གིས་མཚར་བ་ཤ་སྟག་ཡོད་ནའང།དེའི་ནང་ནས་དཔེར་ན།
མི་སྒེར་རིང་ལུགས།རྒྱལ་པོའི་ལམ་ལུགས།གཞི་མེད་ཀྱི་བག་ཕེབས་ཏེ།ཤེས་ནས་སྤོང་དགོས་པ་གསུམ།
བྱིས་པའི་སློབ་གསོ་དང་།གཞོན་སྐྱེས་ཀྱི་སློབ་གསོ།དད་ལྡན་མང་ཚོགས་ཀྱི་སློབ་གསོ་སྟེ།དགོན་པ་དང་འབྲེལ་བའི་སློབ་གསོའི་རིམ་པ་གསུམ།
ཡིག་གྲྭ་དང་།བཤད་གྲྭ།སྒྲུབ་གྲྭ་སྟེ།དགོན་པ་ཚད་ལྡན་ཞིག་ལ་ཚང་དགོས་པའི་གྲྭ་གསུམ།
ཉེར་མཁོའི་ཟ་གོན་འདང་ངེས་སུ་སྤྱོད་པ་དང།གཙོ་ཆེར་བྱིས་པའི་སློབ་ཡོན་དུ་དམིགས་པ།རན་ཙམ་སྦྱིན་གཏོང་ཚོགས་གསོག་ཏུ་གཏོང་བ་སྟེ།ནོར་རྫས་ལོངས་སུ་སྤྱོད་སྟངས་ཀྱི་འཛུབ་སྟོན་གསུམ།
དགེ་འདུན་མཐུན་ཚོགས་དང།དམངས་གཙོ་བདག་གཉེར།མཐའ་གཉིས་སྤངས་པའི་རིས་མེད་དེ།དགོན་པའི་སློབ་གསོ་ལེགས་བཅོས་ཀྱི་གཞུང་ལུགས་གལ་ཆེན་གསུམ།
མཐའ་གཉིས་སུ་མ་ལྷུང་བ།ཐབས་ལ་མཁས་པ།དོན་གྱིས་ནང་ཉམས་ཟིན་པ་སྟེ།སློབ་གསོ་ལག་བསྟར་ཁྲོད་ཀྱི་མན་ངག་གསུམ།བསམ་བློའི་ངོས་ཟིན།དྲང་བདེན་གྱི་འཚོ་ཐབས།མི་ཚེའི་རིན་ཐང་གི་ལྟ་བ་སྟེ།ཡོངས་ཁྱབ་རང་བཞིན་གྱི་བདེན་དོན་གསུམ་(གསུམ་ཚན་ཐ་མ་འདི་གསུམ་དོན་ཐོབ་ཏུ་བྱས་ནས་བསྡུས་པ་སྟེ།གཞུང་གི་ཉིང་བཅུད་མ་ལོན་པ་མཆིས་སྲིད་པས་བློ་ལྡན་དག་གིས་དཔྱད་འཚལ)སོགས་རྩ་འཛིན་གྱི་རང་བཞིན་ཆེས་ཆེར་ལྡན་པའི་བཀའ་སློབ་འདི་དག་གི་ཐོག་ནས་ཛ་དྲག་པའི་གཡུལ་ས་དང།འགྲན་རྩོད་ཀྱི་དོ་ར་ན་མཆིས་པའི་ང་ཚོ་ཁ་བ་གངས་ཅན་པའིི་ཉམ་དམའ་བའི་ལས་དབང་གི་ཐད་དུ་བཅངས་པའི་སྐྱེས་བུ་ཆེན་པོ་ཁོང་གི་ཐུགས་ཚོར་དང་མཁྱེནརྒྱ་རྟོགས་ཐུབ་ཅིང་།ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བཅངས་པའི་བརྩེ་བ་དང།གནང་བའི་ཕྱག་ལས།གྲུབ་པའི་འབྲས་བུ་བཅས་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད།དེ་ནི་ང་ཚོའི་སྤྱི་ཚོགས་ན་རང་གི་ཆོས་དང་རིག་གཞུང་དང་སྤྱི་ཚོགས་ཁྲོད་ཀྱི་བདེན་ཆ་དང་རྫུན་ཆ་འདྲེས་མའི་སྣང་ཚུལ་རབ་རིབ་དག་གཅིག་ཏུ་བསྲེསཏེ།ཁྱོན་ཡོངས་ནས་དགེ་འདུན་སྤྱི་མནར་བྱེད་རྒྱུར་གོམས་པའི་ཤེས་ཡོན་པ་དང་།བསམ་བློ་བ།ལ་རྒྱ་ཅན་དུ་གྲགས་པ་སུ་ཞིག་གིས་ཀྱང་འགྲན་པའི་ཟླ་དང་བྲལ་ཡོད།
དེའི་ཕྱིར།དོན་ངོ་མར་ང་ཚོས་རང་གི་སྲིད་འབྱོར་རིག་གསུམ་ལ་བཅོས་མ་མིན་པའི་བརྩེ་བ་དང་དོན་དང་མཐུན་པའི་ལེགས་བཅོས་ཤིག་དགོས་ན་ཁོང་གི་བཀའ་དགོངས་ཀྱི་ས་སུ་འབྲངས་ཏེ།སྤྱི་ཚོགས་ཀྱི་སྐྱོན་དང་ནོར་འཁྲུལ་ཡོ་བསྲངས་བྱེད་པའི་ཐབས་ལམ་ཡང།《དུས་ཐོག་ཆར་པ》ལས་བསྟན་པ་ལྟར།ཐབས་ལ་མཁས་པ།བག་དང་ལྡན་པ།མཐའ་གཉིས་སུ་མ་ལྷུང་བ་བཅས་བྱེད་དགོས་པ་དེ་ཁོ་ན་ངེས་པར་གལ་ཆེན་པོ་རེད།
ཕྱོགས་གཞན་ཞིག་ནས་ང་ཚོ་ལ་སྐྱོན་ཧ་ཅང་མང་པོ་ཡོད་ངེས་ཤིང་།ང་ཚོས་ང་ཚོ་ལ་ཡོད་པའི་སྐྱོན་ངོས་ཟིན་ནས་བསྒྱུར་བཅོས་བྱ་དགོས་པ་དེ་ཆུ་ཚོད་སྐར་ཆ་ཙམ་ལ་ཡང་ངང་སྒུག་བྱེད་མི་ཐུབ་པའི་ཚད་དུ་ཡོད་ན་ཡང་བྱ་ཐབས་ཡང་དག་ཤོས་གང་ཞིག་ཡིན་པ་དེར་བསམ་བློ་ནན་ཏན་ཐོངས་དགོས་ཤིང།དེ་ཡང་འཕྱ་སྨོད་དང་དགག་བཞག་ཟུར་དུ་བཞག་ནས་ནང་ཚགས་ཀྱི་གྲོས་མོལ་བྱས་ཏེ་འོས་ཤིང་འཚམས་པའི་ལམ་ཁ་ཞིག་འཚོལ་དགོས།
ལར་ང་ཚོས་རང་ཉིད་ཤེས་ཡོན་པ་དང་བསམ་བློ་བ་ཡིན་ཟེར་བ་ཙམ་གྱིས་མི་ཆོག་པར།རང་ཉིད་གང་ཞིག་ཡིན་པ་དེ་མཚོན་བྱེད་ཀྱི་རི་མོ་ཞིག་འབྲི་དགོས་ཤིང།དེ་ཉིད་སྤྱི་ཚོགས་ལ་ངོས་འཛིན་བྱེད་དུ་འཇུག་དགོས།ད་ལྟ་ང་ཚོར་ཆོས་ཕྱོགས་ཀྱི་ཕྱག་ལས་རླབས་པོ་ཆེ་དང།འཇིག་རྟེན་གྱི་ཕྱོགས་ནས་སྐད་ཡིག་དང་དེང་རབས་ཤེས་ཡོན་གྱི་སློབ་སྦྱོང་།སློབ་གསོ་དང་ཀུན་སྤྱོད་ཀྱི་ཚད་གཞི་གཞན་ཕར་བཞགཐ་ན་སྒེར་གྱི་འཕྲོད་བསྟེན་རྒྱུན་ཤེས་ཀྱི་གོ་རྟོགས་དང་ལག་ལེན་ཙམ་ཡང་མཁན་ཆེན་ཁོང་ལྟ་བུ་རང་ཉིད་དཔེ་རུ་བཞག་ནས་གཞན་ལ་གོ་བརྡ་སྤྲོད་ཐུབ་པི་འཇོན་ཐང་མེད་བཞིན།ད་དུང་བསམ་བློ་བ་ཡིན་སྐད་ཀྱི་འུད་བརྗོད་ལ་དགའ་བ་འདི་རིགས་ཀྱིས་རང་གིས་རང་ལ་གནད་དུ་ཁེལ་བའི་བསྐྱར་ཞིབ་ཅིག་བྱེད་དགོས།དེ་བཞིན་ང་ཚོས་དེང་སང་དྲ་རྩོམ་སོགས་མང་པོ་ཞིག་ནི་རིག་གནས་དང་གཞུང་ལུགས་ཀྱི་དངོས་གཞིའི་ཤེས་བྱ་མེད་པ་དག་གིས་བྲིས་པ་ཤས་ཆེ་ཞིང་།དེ་འདྲ་དེ་དག་གིས་དོན་དམ་པའི་“ཤེས་ཡོན་གྱི་ངེས་ཚིག་”ལེགས་པོ་ཞིག་རྟོགས་རྒྱུར་སྔོན་ལ་གོ་རིམ་ལྡན་པའི་སློབ་སྦྱོང་ཞིག་ཐོབ་དགོས་པའང་རྟོགས་མི་འདུག
མདོར་ན་ངས་གང་བརྗོད་འདོད་པ་ནི།ཤེས་རྟོགས་བྱུང་བ་ལྟར་ན།བཤད་གྲྭ་དང་ཆོས་སྒར་གྱི་གྲྭ་པ་ཚུད་པའི་ན་མཉམ་དག་གི་ཁྲོད་སྤྱི་ཚོགས་ཀྱི་ཕྱི་ནང་གི་གནས་བབས་མང་པོ་ཞིག་གིས་བློ་ཁ་མ་ཁེངས་པ་དང་ཆབས་གཅིག་ང་གི་ཆོས་དང་རིག་གཞུང་ལ་ལེ་བརྡ་བྱེད་མཁན་གང་འཚམ་ཡོང་གི་ཡོད་པ་དེ་དག་ཀྱང་།བསྟན་སྲིད་མི་རིགས་དང་བཅས་པར་འཕྲལ་དང་ཡུན་དུ་ཕན་པ་ཞིག་བསམ་ན་སོ་སོའི་སེམས་ཤུགས་དང་ལྷག་བསམ་མཁན་ཆེན་མཆོག་གི་ཕྱོགས་སུ་འབུལ་རྒྱུ་ལས་གལཆེ་བ་གང་ཡང་མེད།ལར་སྐྱོན་བརྗོད་བྱེད་ན་བྱེད་སྟངས་དང།ལས་ཀ་བྱེད་ན་བྱེད་སྟངས་ཤིག་ཡོད་པ་འདི་སུས་ཀྱང་རྟོགས་དགོས།ངས་བཀའ་སློབ་འདིའི་ཆེད་དུ་འབད་བརྩོན་བྱས་པ་དང།གཏམ་བརྗོད་ཀྱི་ལམ་ནས་ཁོང་ལ་བསྟོད་བཀུར་ཞུ་བ་འདི་ཡང་མཐར་གཏུགས་ན་ང་ཚོ་ཐུན་མོང་གི་འབྱུང་འགྱུར་གྱི་ཆེད་དུ་ཡིན།ང་ཚོས་དུས་སྐབས་འདིར་མ་མཐར་ཡང་རང་ཅག་གི་གནས་དང་དུས་ཀྱི་བབས་སོ་དང་ཆེས་མ་མཐའི་ཐབས་ཇུས་ཀྱི་དགོས་མཁོ་ཙམ་ཞིག་ངེས་པར་དུ་རྟོགས་འོས་ཤིང།“རྒྱང་འཕེན་པ་དཀར་འདོན་”བྱེད་པ་དང་།“མི་ལའི་རྣམ་ཐར་ཐེར་འདོན”བྱེད་པ།“ཆོས་ཕུང་བརྒྱད་ཁྲི་ཤོབ་ཕུང་”དུ་སྒྲུབ་རྒྱུ་དེ་རིགས་ང་ཚོའི་ལས་དབང་གི་གནད་འགག་ཡིན་མིན་དང།ཕན་གནོད་ཀྱི་འབྲས་བུ་ག་འདྲ་ཐོན་སྲིད་པ།ང་ཚོར་དགོས་ངེས་ཀྱི་ལེགས་བཅོས་དང་ལྡོག་ཕྱོགས་ཀྱི་འབྲེལ་དངོས་གྲུབ་ཡོད་མེད་སོགས་ལ་ཧ་ཅང་གཟབ་གཟབ་བྱས་ནས་བསམ་དགོས།བསམ་བློ་གསར་པ་ནི་ཞེད་དགོས་པ་ཞིག་མིན་ན་ཡང་“སྐྲ་གཞར་ས་ནས་སྨ་ར་ཤོར་”ན་ནི་ཧ་ཅང་མ་འོས་པ་ཞིག་རེད།འདི་ལྟར་དྲང་ཕྱོགས་ནས་འོས་མེད་ཀྱི་བསམ་གཞིག་ལེགས་པོ་ཞིག་བྱས་ན་བསམ་སྟངས་འདིས་ཁྱེད་ལ་སྟོང་བསམ་རིང་ལུགས་ཀྱི་བྱིས་བློ་ལས་དོན་དངོས་ཀྱིཕྱོགས་སུ་འཁྲིད་པའི་སྐུལ་མ་བྱེད་ངེས་ཤིང་།ཁྱེད་ལ་སྔ་ཕྱི་ཙམ་ལས་སེམས་འགུལ་གྱི་མིག་ཆུ་གཏོང་དུ་འཇུག་ངེས།
ང་ཚོས་སྒེར་གྱི་ལྟ་གྲུབ་དང།ཆོས་དང་འཇིག་རྟེན་གྱི་བསམ་བློའི་དབྱེ་འབྱེད་ཆུང་ཆུང་དེ་དག་ཆེ་བཞག་ཆུང་སྐྱུར་གྱིས་ཐུན་མོང་གི་ཆེད་དུ་དང་མ་འོངས་པའི་ཆེད་དུ་སྐྱེས་བུ་མཆོག་ཏུ་གྱུར་པ་དག་གི་མཐའ་སྐོར་དུ་མཐུན་པར་བསྒྲིལ་ཏེ་འདུག་དགོས།ང་ཚོར་དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་ཡང་བསམ་བློའི་སྲོག་ཤིང་དུ་འོས་པའི་ལམ་ཁྲིད་པ་འདི་འདྲ་ཞིག་འཕྲད་པ་ནི་ཆར་སྨག་གི་ཁྲོད་ནས་ལག་གློགཅན་གྱི་ལམ་འགྲོ་བ་བསམ་བཟང་ཞིག་ལ་འཕྲད་པ་དང་འདྲ།ལར་མིའི་རིགས་ཀྱི་ཕུལ་དུ་བྱུང་བ་དང་རླབས་ཆེ་བའི་རྒྱལ་ཁ་མཐའ་དག་ཀྱང་དུས་ཀྱི་ཕོ་ཉ་ལྟ་བུའི་སྐྱེས་བུ་དམ་པ་དག་གི་མཐའ་འཁོར་དུ་འུབ་འུབ་བྱ་ནས་ཐོབ་པ་སྟེ།མདོར་ན།དུས་ཀྱི་འཁོར་ལོ་ནི་སྐྱེས་བུ་དམ་པའི་བསམ་བློའི་སྲོག་ཤིང་ལ་བརྟེན་ནས་འཁོར་ཞིང་།སྐྱེས་བུ་དམ་པའི་ངག་གི་ཁ་ལོ་ལ་བརྟེན་ནས་བསྐྱོད་ཅིང་ཡོད་དོ།།
དེས་ན་ད་ལྟ་ང་ཚོར་མཚོན་ན་ཁ་བ་ཅན་གྱི་ལྗོངས་སུ་ཐབས་ལ་མཁས་པའི་སྐྱེས་བུ་ཁོང་ལྟ་བུ་ཞིག་ཡོད་པར་དགའ་བ་བསྒོམས་ནས་ཁོང་གི་མཐའ་ལ་མཉམ་དུ་འདུ་ཏེ།ཁོང་གི་སློབ་སྟོན་ལ་མཉན་པ་ལས་ལྷག་པའི་སྤྱི་ཡོངས་ལ་གལ་འགང་ཆེ་བ།དུས་དང་མཐུན་པ།གནད་ལ་ཁེལ་བ།རྣམ་པར་དག་པ་གཞན་གང་ཡང་མེད་ལ།དེ་ནི་རླབས་ཆེན་གྱི་སྐྱེས་བུ་ཆེན་པོ་རྣམས་ཀྱི་དགོངས་པའི་ཞེ་ཕུགས་སུ་ཡང་ངེས།
འདི་ནི་གུས་པས་རྒྱལ་ཁམས་ཀྱི་ལྟད་མོ་ཅུང་ཟད་མཐོང་བའི་མྱོང་རྟོགས་ཏེ།ཕ་ཡུལ་ཁ་བ་ཅན་གྱི་འདྲིས་དང་མ་འདྲིས་ཀྱི་སྤུན་ཟླ་དག་ལ་ཕུལ་བའི་སེམས་གཏིང་གི་རེ་བའང་ཡིན།།
མེད་ཐབས་མེད་པའི་མཐུན་གྱུར།
བཀའ་སློབ་འདི་ཡི་གེར་འགོད་པའི་བརྒྱུད་རིམ་ཁྲོད་དུ་ཡང་སྐྱེས་བུ་དམ་པ་མང་པོའི་བསྔགས་བརྗོད་དང་ཆེ་མཐོང་གི་སྐུལ་མ་བཟང་པོ་ཐོབ་ཡོད།
ཁྱད་པར་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ནས་སྔ་ཕྱིར་བཀའ་སློབ་འདི་ལ་མཐོང་ཧ་ཅང་ཆེན་པོ་གནང་བར་མ་ཟད།བཀའ་སློབ་འདི་ཞིབ་ཚགས་ཀྱིས་གཟིགས་གནང་མཛད་རྗེས་ནང་དོན་སྤྱི་ཡོངས་ཀྱི་གལ་འགངས་དང་རིན་ཐང་གསལ་བའི་ཆེད་བརྗོད་བསྩལ་གནང་ཐོབ་པ་དང་།སྐབས་དེར་སྐུ་བཅར་བཀའ་མོལ་ཞུ་སྐབས་ཀྱི་གསུང་འཕྲོས་སུ་ཡང།“ང་ཚོ་ལ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལྟ་བུའི་མི་གཉིས་གསུམ་ཞིག་ཡོད་པ་ཡིན་ན་སངས་རྒྱས་ཀྱིས་ཅུང་ཟད་སྐུ་ངལ་གསོ་གནང་མཛད་ནའང་ཆོག་ས་རེད་”ཅེས་གསུངས།བཀའ་མོལ་འདི་ཧ་ཅང་ཐུང་ཐུང་ཞིག་ལས་མེད་ན་ཡང་།མཁན་ཆེན་མཆོག་གི་མཛད་པ་སྤྱི་དང་ཁྱད་པར་དུ་དེབ་འདིའི་རིན་ཐང་གི་ཐད་ལ་སྐད་གྲགས་ཅན་གྱི་རིས་མེད་ཀྱི་ཆོས་ཀྱི་སློབ་དཔོན་དང་།རྒྱལ་སྤྱིའི་ཁྲོད་གྱི་རླབས་ཆེན་གྱི་མི་སྣ།ཤར་ནུབ་གྱི་སྐྱེ་བོ་མང་པོས་དགའ་མོས་དང་གུས་རྩི་ཐོབ་པའི་བཀའ་མོལ་གནང་མཁན་གྲགས་ཅན་ཞིག་ཡིན་པ་བཅས་ཀྱི་ངོས་ནས་ཚིག་འདི་ནི།གལ་གནད་ཆེ་བའི་ངོས་འཛིན་གྱི་སྡོམ་ཚིག་ཅིག་ཏུ་རྩི་བཞིན་ཡོད།
དེ་བས་ཀྱང་གལ་ཆེ་བ་ཞིག་ནི།མཁན་ཆེན་མཆོག་ལ་དམ་ཚིག་དང་སྨོན་ལམ་རྣམ་པར་དག་པའི་ཕྲིན་ལས་ཀྱི་བྱེད་པོ་དབང་སྟོད་སྤྲུལ་སྐུ་ཐུབ་ནོར་ནས་བླ་ན་མེད་པའི་གཟིགས་མཐོང་གནང་ཞི་སྐུ་ཉིད་ནས་ཀྱང་དེབ་ཀྱི་མ་ཟིན་ཞིབ་གཟིགས་དང།ཁྱད་པར་དུ།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སྐུ་དངོས་ལ་ཞལ་པར་བརྒྱུད་བཀའ་སློབ་ཀྱི་ཡི་གེ་གཏན་འབེབས་དང།ཡོངས་ཁྱབ་འགྲེམས་སྤེལ་བྱེད་པར་ཆོག་མཆན་བཀའ་ཁྲོལ་གྱི་སྙན་གསེང་དང་།ཐ་མའི་ཞུས་དག་དང་གཏན་འབེབས་ཀྱི་ཐད་ལ་གལ་འགངས་ཆེ་བའི་ལམ་སྟོན་བཅས་ཞུ་རོགས་མཛད་པ་དང།རང་དགོན་དྲེལ་དཀར་གྱི་མཁན་པོ་ཆོས་ཉིད་དོན་རྟོགས་ནས་ཀྱང་དགོས་ངེས་ཀྱི་ལམ་སྟོན་ཡང་ཡང་མཛད་པ།དེ་བཞིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གཙོ་བོའི་འགྲོ་སོང་གནང་ཁར་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་དང་།མཁན་པོ་ཚུལ་ཁྲིམས་རྣམ་དགམཁན་པོ་ཆོས་ཉིད་དོན་རྟོགས་བཅས་ཁོང་རྣམ་པས་པར་སྐྲུན་མཐུན་སྦྱོར་གནང་བ།འགུ་ཟི་སྤྲུལ་སྐུ་འཇམ་སེང་མཆོག་དང་ཐའེ་ཝན་གྱི་དགེ་བསྙེན་མ་བཀྲ་ཤིས་སྒྲོལ་མ་བཅས་ནས་དེབ་གདན་སྒྲིག་སྦྱོར་བྱ་སའི་མཉེན་ཆས་སྒྲིག་འཇུག་གིམཐུན་སྦྱོར་སོགས་དགོས་ངེས་ཀྱི་རོགས་དན་གནང་བ།ཕྲན་གྱི་མི་ཚེའི་སྐྱིད་སྡུག་གི་མྱོང་བ་གང་དང་ཡང་ཁ་བྲལ་ཐབས་མེད་པའི་ཆོས་ཀྱི་མཆེད་པོ་མཁན་པོ་ཡེ་ཤེས་དོན་རྟོགས་མཆོག་ནས་བོད་ནང་དུ་དཔར་སྐྲུ་གྱི་ལས་འགན་འཁུར་གནང་མཛད་པ།ཆོས་གྲོགས་རྒྱལ་མཚན་དར་རྒྱས་ནས་རྒྱ་གར་དུ་པར་སྐྲུན་གྱི་འགན་འཁུར་གནང་བ་སོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ཆེས་མཐའ་མའི་མཚམས་འདི་ནས།རྒྱང་རིང་ལེ་བར་ཁྲི་ཕྲག་གི་རི་སུལ་གྱི་འབྲོག་སླས་ཤིག་ན་དྲན་པའི་མིག་རྒྱང་བདག་ཕྱོགས་སུ་བསྲིངས་པའི་དྲིན་ཆེན་གྱི་ཨ་མ་ལགས་ལ་ཡང་དྲིན་ཚོ་བའི་གུས་འདུད་ཞུ་རྒྱུ་ཡིན།།
ཀྱཻ།བདག་གི་སངས་རྒྱས།
ཞེས་པའང་བོད་རྒྱལ་ལོ་༢༡༣༨ལྕགས་ཡོས་ས་ག་ཟླ་བའི་ཡར་ཚེས་བདུན་ཏེ།སངས་རྒྱས་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་གྱི་དུས་ཆེན།སྤྱི་ལོ་༢༠༡༡ཟླ་༦ཚེས་༨ཉིན། དུས་བཞིར་ཞི་བདེ་རྒྱ་མཚོའི་རྦ་རླབས་ཀྱི་ཟེགས་མ་དང་།དཀར་གསལ་ཉི་འོད་ཀྱི་ཐིག་ལེ་ཟུང་གིས་རེས་ཀྱིས་འཁྱུད་པས་ཉམས་སུ་དགའ་བའི་གླིང་ཕྲན་གྱི་མཛེས་ལྗོངས་ཐའེ་ཝན་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་སློབ་མའི་འདུག་ཁང་(འདུག་ཁང་ནི་རྒྱུན་བཀོལ་མིང་མཛོད་ཀྱི་ཚིག་གསར)གི་རང་ཤག་ཏུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲིས་སོ།།
0 comments:
Post a Comment