དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Wednesday, 14 November 2012
ངག་རིག་གསེར་གྱི་སྙེ་མ།
__མཁན་འཆི་མེད་རིག་འཛིན་མཆོག་ལ།
ཆུ་སྐྱེས་འཛུམ་པའི་རླབས་རྩེ་རུ།།
འཕྱོ་སྒེག་གར་གྱིས་རྩེན་པ་ཡི།།
གདོང་བཞིའི་སྲས་མོ་སྨིན་ལེགས་མས།།
ངག་ལ་ངག་གི་མཆོག་བྱིན་ཅིག།
དགེ་ལེགས་ཞབས་སེན་ཉི་མའི་ཟེར།།
སྲིད་ཞིའི་གཙུག་ན་རབ་འབར་བའི།།
སྨྲ་བའི་དབང་པོ་གཉིས་པ་གང་།།
བསྟོད་ཚིག་འདབ་མ་བརྩེག་ལ་སྤྲོ།།
ལེགས་བྱས་ཚངས་ཆེན་རལ་ཀློང་ལས།།
གང་སྐུ་ཛ་ཧུའི་བུ་མོའི་རྒྱུན།།
ཉེ་བར་འཁྲུངས་བའི་ངོ་མཚར་གཏམ།།
སྲིད་ཞིའི་སྙན་གོང་རྒྱན་དུ་འཕུར།།
གང་གི་རྣམ་དཔྱོད་མནྡྷཱ་རས།།
གཞུང་ལུགས་འོ་མཚོ་བསྲུབས་དང་ལྷན།།
ཐུབ་པའི་དགོངས་དོན་མ་ཎི་ཀ།
མ་ནོར་ཐུགས་ཀྱི་བཅུད་དུ་སྨིན།།
ཚོགས་གཉིས་པིར་གྱིས་བྲིས་པ་ཡི།།
མཐོང་གྲོལ་མཚན་དཔེའི་རི་མོ་མཆོག།
ལས་ཅན་གདུལ་བྱའི་མཇལ་ཐེངས་རེར།།
སྙིམ་པའི་ཐལ་མོ་སྤྱི་བོར་ཟུམ།།
ཞལ་གྱི་པད་གཞོན་འཛུམ་པ་ལས།།
ལེགས་བཤད་ཟེའུ་འབྲུ་འབུམ་བརྡལ་ཚེ།།
སྐལ་བཟང་རྐང་དྲུག་འདུ་བའི་ཚོགས།།
བགྲང་ཡས་ལྷུན་པོའི་རྡུལ་དང་མཉམ།།
མཁྱེན་པ་སྤྲིན་གྱི་ཁང་བཟང་ལས།།
ལྔ་རིག་བདུད་རྩི་མ་སྨད་པ།།
སྐྱེ་རྒུའི་ཡིད་ཀྱི་པད་ཚལ་དུ།།
རྨོངས་པའི་དྲི་མ་འདག་ཕྱིར་ཕབ།།
མི་ཟད་དུག་ལྔའི་སྨག་རུམ་དུ།།
རིང་ནས་ཚུད་པའི་ལས་དམན་འགྲོར།།
བྱམས་པའི་འོད་ཞགས་མྱུར་རྐྱོང་ནས།།
གཏན་བདེའི་ལམ་བཟང་གསལ་བར་བྱས།།
ཀུན་ལ་སྙོམ་པའི་ཐུགས་རྗེ་ཡིས།།
ཉམ་ཐག་འགྲོ་བ་སྐྱོང་བའི་ཚེ།།
སྙིགས་མའི་དུས་ཀྱི་སྟོན་པ་ཞེས།།
སུམ་རྩེན་གྲོང་ནས་ལྷ་རྣམས་གླེང་།།
ཆེར་སྙིགས་མུན་པའི་བཙོན་ཁང་ན།།
དྲི་མའི་སྐྱོན་དང་བྲལ་བ་ཡི།།
ཆུ་ཤེལ་དབང་པོའི་འཛུམ་བག་ཅན།།
ཁྱོད་མིན་ཁྱོད་འདྲ་རེ་ཟུང་ཙམ།།
རྨད་བྱུང་མཁས་པའི་ལྗོན་བཟང་མཆོག།
སྡོམ་གསུམ་ལོ་འབྲས་རབ་རྒྱས་ཤིང་།།
བཟང་བོའི་དྲི་བསུང་འཐུལ་བའི་ཚེ།།
རྒྱལ་རྣམས་དགྱེས་པས་དབྱིངས་ནས་བསྔགས།།
བསོད་ནམས་ལྷ་ཡི་རྫིང་རིང་ལས།།
རྣམ་དཀར་བསིལ་ཟེར་འགྲེམ་མཁས་པའི།།
དྲན་དབང་རྒྱུ་སྐར་བྱེ་བའི་ཁྲོད།།
གང་ཁྱེད་རི་དྭགས་མཚན་མ་མཛེས།།
ཐུགས་རྗེའི་ག་བུར་ཞུན་མའི་རླབས།།
ཐུབ་བསྟན་ཀུན་དཱའི་ཚལ་འཕོས་ཚེ།།
ལུང་རྟོགས་དྲི་བསུང་ཕྱོགས་ཀྱི་མཐར།།
སྤེལ་བའི་མཛད་བཟང་བླ་ན་མཐོ།།
དེ་སྐད་དབེན་གསུམ་རི་ངོགས་ནས།།
དད་གསུམ་མཛའ་མོས་ཉེར་བསྐུལ་ཚེ།།
ཞོགས་རླུང་འབོད་པའི་སོར་རྩེ་ནས།།
ངག་རིག་གསེར་གྱི་སྙེ་མ་འགྲེམ།།
Subscribe to:
Post Comments (Atom)
0 comments:
Post a Comment