དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 14 March 2013
སྐྱབས་རྗེ་ཐུབ་བསྟན་ཉི་མ་རིན་པོ་ཆེའི་མཛད་རྣམ་ཤིན་ཏུ་བསྡུས་པ།

སྐྱབས་རྗེ་ཐུབ་བསྟན་ཉི་མ་རིན་པོ་ཆེ་ཁོང་ནི་ཕྱི་ལོ་༡༩༤༣་ལོའི་ཟླ་བདུན་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས་ཤིང་། སྐུ་ན་ཆུང་དུས་ནས་དམ་པའི་རིགས་སད། ཁྱད་པར་དུ་སྐུ་གོང་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ཕྱག་རྫས་སོགས་ཐུགས་ཡིད་ལ་འགག་མེད་གསལ་ལེར་འཁྲུངས་ཤིང་། ཡེ་ཤེས་ཀྱི་བྱ་ཁྱུང་གཏེར་ནས་བཞེས་པ་སོགས་ངོ་མཚར་བའི་མཛད་པ་དུ་མ་གནང་། གདུལ་བྱའི་འཁོར་ཚོགས་ལ་འབྱུང་འགྱུར་གྱི་ལུང་བསྟན་ཡང་ལྷུགས་པོར་གསུངས་བར་མཛད་པར་ཡོངས་འཛིན་རིན་པོ་ཆེས་དེ་ལྟར་མི་གསུངས་པར་ཞུས་པ་ནས་ཆེར་མ་གསུངས། སྐྱབས་རྗེ་སྒྲ་གཅན་རིན་པོ་ཆེ་སོགས་ཀྱིས་བླ་མ་གཟན་དཀར་རམ་པད་མ་དངོས་གྲུབ་རོལ་བའི་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་མཚན་ལ་ཐུབ་བསྟན་ལུང་རིགས་སྨྲ་བའི་ཉི་མའམ། པད་མ་བཞད་པའི་རྡོ་རྗེ་སྲིད་གསུམ་དབང་སྡུད་རྩལ་དུ་གསོལ། ཤེས་བྱའི་གནས་ཀུན་ཐུགས་ཀྱིས་གསལ་ལེར་གཟིགས་ཀྱང་གདུལ་བྱ་དག་གི་སྣང་ངོར་དགུང་ལོ་བཞི་ནས་ཡི་གེའི་སྦྱོར་ཀློག་ལ་བསླབ་ཚུལ་མཛད། དགུང་ལོ་བཅུ་ནས་རྫོང་སར་དང་རྫོགས་ཆེན་ཤྲི་སེང་རྡོ་གྲུབ་ཆེན་སོགས་སུ་གྲྭ་སར་ཕེབས་ཏེ་མཁས་པའི་མཚན་སྙན་གནས་ཀུན་དུ་གྲགས་པར་གྱུར། དགུང་ལོ་བཅོ་ལྔ་ཙམ་ན་རང་དགོན་སྐྱིད་ལུང་དགོན་དུ་ཕེབས་ནས་ཚེ་དཔག་མེད་ཀྱི་སྐུ་འཚམས་སུ་བཞུགས་ཡོད་པ་ན་བོད་ཁུལ་དུ་བཅོས་སྒྱུར་གྱི་བྱ་འགུལ་སླེབས་ནས་རོང་བྲག་རྫོང་དུ་ཁྲིད། དེ་ནས་རིག་གནས་གསར་བརྗེ་སླེབས་ཏེ་སྐུ་ཚེགས་དང་འོ་བརྒྱལ་གང་ཟག་ཕལ་བས་བཟོད་མི་ནུས་པ་གཟིགས། ༡༩༧༨་ལོར་སྤོས་ལྡན་གྲོང་ཁྱེར་དུ་ཕེབས་ནས་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་གཞོན་པའི་ལས་འགན་བཞེས་ཤིང་ཕྱག་ལས་གནང་། ༡༩༨༡་ལོར་རིན་པོ་ཆེས་ཐུགས་བློ་བཏོན་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་འཛུགས་གནང་སྟེ། དགེ་རྒན་གདན་ཞུ་སོགས་ཀྱི་སྐུ་ཚེགས་གྲངས་མེད་མཛད་ཅིང་། ད་ལྟའི་བར་དུ་སློབ་གཙོ་གཞོན་པའི་འགན་བཞེས་པ་སོགས་བཀྲ་དྲིན་གྲངས་མེད་ཀྱིས་བསྐྱངས་དང་སྐྱོང་བཞིན་ཡོད། ༡༩༨༧་ལོར་བཀའ་བསྟན་དཔེ་བསྡུར་ཅུས་གསར་བཙུགས་ཀྱི་གཙོ་འགན་བཞེས་ཤིང་དེར་ཕྱག་ལས་གནང་ཞིང་བཀའ་བསྟན་ཡོངས་སུ་རྫོགས་པ་དཔེ་སྐྲུན་གནང་། སྔ་ཕྱིར་ཐེངས་དུ་མར་རྒྱལ་ཁབ་དུ་མར་ཕེབས་ནས་བོད་ཀྱི་ཤེས་རིག་འཆད་སྤེལ་མཛད་པ་དང་། ཕྱི་རྒྱལ་དུ་ཤོར་བའི་བོད་ཀྱི་དཔེ་རྙིང་འཚོལ་བསྡུ་བཅས་གནང་ཞིང་། བོད་རང་གི་ཡུལ་ནས་ཀྱང་སྔར་བྱོན་མཁས་པའི་གསུང་སྐོར་གལ་ཆེ་ཞིང་དཔེ་རྒྱུན་འཆད་ལ་ཉེ་བའི་པོ་ཏི་སྟོང་ལ་ལོང་པ་བསྡུ་སྤེལ་མཛད། སྔ་གཞུག་སྐབས་གཉིས་སུ་རྒྱལ་ཡོངས་འཐུས་མིའི་གྲས་སུ་ཞུགས་ནས་བོད་ཀྱི་སློབ་གསོ་གཙོས་བོད་ཀྱི་གནད་དོན་མང་པོ་ཡར་ཞུ་དང་གྲོས་འདོན་གནང་། མདོར་ན་རྒྱལ་བའི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་གངས་ལྗོངས་ཤེས་རིག་ཁོ་ནའི་ཆེད་དུ་སྐུ་ཚེགས་དང་འོ་བརྒྱལ་རྒྱ་ཆེན་པོ་གནང་དང་གནང་བཞིན་བཞུགས་ལགས་པ་ནི་བདག་ཅག་གདུལ་བྱ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དམ་པ་ལགས་སོ། །སླར་སྨོས་པ། ཆོས་བརྒྱད་གསེར་འབག་ཉིད་ཀྱིས་གྱོན་མ་མྱོང་། །གསར་རྙིང་རྩོད་པས་ཕྱི་ནང་དཀྲུག་པ་མེད། །ཡང་དག་དོན་དང་ལྡན་པའི་མཛད་ཕྲིན་ཀྱིས། །གངས་ལྗོངས་སྐྱེད་མའི་དྲིན་ལན་ཁྱེད་ཀྱིས་གསབ། །མགོན་ཁྱེད་ཚེ་དཔག་མེད་དང་དབྱེར་མེད་པར། །བསྐལ་བརྒྱར་བཞུགས་ཤིང་མཛད་ཕྱིན་ལྷུན་འགྲུབ་ཞིང་། །བདག་ནི་འདི་ནས་སངས་མ་རྒྱས་ཀྱི་བར། །མགོན་ཁྱེད་ཞབས་དྲུང་སྐྱེས་ཤིང་རྗེས་འཛིན་སྨོན། །ཞེས་མཁས་དབང་དགེ་དོན་ལགས་ཀྱིས་བསྐུལ་བ་བཞིན། སྐྱབས་མགོན་མཆོག་གི་གདུལ་བྱ་ཡོངས་ཀྱི་ཐ་ཤལ་བ་སྐྱིད་ལུང་གནས་བརྟན་ཚེ་རིང་གིས་གང་གི་རྣམ་པར་ཆུ་གཏེར་ཆེན་པོ་ལས་ཐིག་པ་ཙམ་ཞིག་བླངས་ནས་བཀོད་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ