དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Thursday 14 March 2013
མཁན་ཆེན་འོད་ཟེར་གྱི་མཛད་རྣམ་བསྡུས་པ།
[ 2013-3-14 9:28:05 | By: ledanzeren ]


ངེས་པ་དོན་གྱི་མཁས་དབང་བཤེས་གཉེན་དམ་པ་མཁན་ཆེན་སྐུ་ནུབ་འོད་ཟེར་ལགས་ཀྱི་་མཛད་རྣམ་མདོར་བསྡུས།།
ཁོང་ནི་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྟེ་སྤྱི་ལོ་༡༩༢༨་ལོར་ཡུལ་རྟའུ་རྫོང་གི་མངའ་ཁོངས་སྨུག་རོང་སྡེ་བར་ཡབ་རུ་འབྲུག་བློ་བཟང་ཉི་མ་དང་། ཡུམ་ཀ་ལིས་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་བལྟམས། །དགུང་ལོ་བདུན་པར་སླེབས་དུས་ཁུ་བོ་རུ་འབྲུག་ཉི་མའི་མདུན་ནས་ཡི་གེ་འབྲི་ཀློག་ལ་བསླབས། །
༡༩༣༧་ལོ་ནས་ཁུ་བོ་སྐུ་ནུབ་སྟག་སྤྲུལ་གྱིས་སྐུ་ནུབ་དགོན་དུ་ཁྲིད་ནས། བརྡ་སྤྲོད་རིག་པ་དང་། ཆོ་ག་ཕྱག་ལེན་སྐོར། སྤྱོད་འཇུག་དང་སྙིང་ཐིག་སྔོན་འགྲོ། ཡེ་ཤེས་བླ་མ་སོགས་ཀྱི་ཁྲིད་ལུང་མན་ངག་དང་བཅས་པ་བསྩལ་བར་མ་ཟད། ཁྱད་པར་དུ་བོད་ཀྱི་གསོ་རིག་སྐོར་ལས་གཞུང་གི་བཤད་པའི་སྐོར་སྤྱི་དང་། བྱེ་བྲག་ཏུ་ཐུན་མིན་ཕྱག་བཞེས་ཀྱི་མན་ངག་སྐོར་སོགས་ལག་ལེན་དམར་ཁྲིད་དུ་གནང་། །
༡༩༤༢་ལོར་རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་མི་ཉག་སྙན་ལམ་དགོན་དུ་བཞུགས་པའི་སྐུ་མདུན་དུ་ཕེབས་ནས་ཁོང་གི་ཞབས་ཀྱི་པད་མོ་མཉེས་པ་གསུམ་གྱི་སྒོ་ནས་སྤྱི་གཙུག་གི་རྒྱན་དུ་བསྟེན་པས། ཐུགས་བརྩེ་ཆེན་ངང་རྗེས་སུ་བཟུང་བས་བགྲང་བྱ་གཉིས་ཀྱི་རིང་དུ་དེར་ཐོས་བསམ་མཛད། །
༡༩༤༤་ལོར་མཁན་ཆེན་དང་ལྷན་དུ་སྔ་འགྱུར་བསྟན་པའི་འབྱུང་གནས་རྫོགས་ཆེན་ཆོས་གྲྭ་ཆེན་མོར་ཕེབས་ནས། མཁན་ཆེན་ཐུབ་བསྟན་སྙན་གྲགས་གཙོས་མཁན་པོ་ངག་དབང་ནོར་བུ། མཁན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་པད་མ་ཚེ་དབང་། མཁན་ལྷ་རྒྱས་སོགས་ཀྱི་ཞབས་ཟུང་སྤྱི་བོར་བསྙེན་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་གནང་བས་ལོ་རིམ་གཉིས་པའི་སྟེང་ནས་བཤད་གྲྭའི་སྐྱོར་དཔོན་གནང་། ད་དུང་རྫོགས་ཆེན་ཀོང་སྤྲུལ་དང་གླིང་བླ་སྐུ་ཆེན། ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། འབྲུག་པ་སྐུ་ཆེན་སོགས་དམ་པའི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་སྣ་ཚོགས་ཞུ་བ་སོགས་བགྲང་བྱ་བརྒྱད་ཀྱི་རིང་ལ་ཐོས་བསམ་གྱི་ལས་ལ་གཡེལ་མེད་དུ་གཞོལ་བས། ཐུགས་རྒྱུད་ཀྱི་མཁྱེན་རབ་ཉི་མའི་འོད་ལྟར་གསལ་བར་འབར་ཞིང་། མཁས་པའི་རྣམ་ཐར་བསྐྱངས་བས་མཁན་པོའི་གོ་གནས་ཀྱི་མཚན་སྙན་ཐོབ། །
༡༩༥༡་ལོར་ཕྱིར་སྐུ་ནུབ་དགོན་དུ་ཕེབས་ཏེ་དགོན་པའི་མཁན་པོ་མཛད་ནས་སྐལ་ལྡན་གྱི་གདུལ་བྱ་དུ་མར་དམ་ཆོས་ཀྱི་སྦྲང་ཆར་བསྩལ་བས་བློ་གྲོས་ཀྱི་པད་མོ་རྒྱས་པར་བྱས་ཤིང་། དེ་ནས་སླར་ཡང་དབེན་པའི་རི་ཁྲིད་དུ་བཞུགས་ནས་ཐོས་པ་ཐུགས་ཉམས་སུ་བཞེས་པ་ལ་ནན་ཏན་གྱིས་བརྩོན་པ་གནང་། །
སྤྱི་ལོ་༡༩༦༠་ལོར་དོན་གྱི་སེམས་དཔའ་ཆེན་པོ་ཁུ་བོ་སྐུ་ནུབ་སྟག་སྤྲུལ་དང་ལྷན་དུ་མགར་ཐར་རྫོང་མི་དམངས་སྨན་ཁང་དང་། དེ་ནས་ཆུ་མདའི་གསེར་ཁ་ཡུལ་ཚོའི་འཕྲོག་རྟེན་ཁང་བཅས་སུ་འཚོ་བྱེད་སྨན་པའི་མཛད་པ་ལྷུར་བཞེས་ཀྱིས་འགྲོ་བ་གྲངས་མེད་པ་འདུ་འཁྲུགས་ནད་ཀྱི་ཟུག་རྔུ་ལས་སྐྱོབ་པར་མཛད། །
སྤྱི་ལོ་༡༩༨༡་ལོར་དཀར་མཛེས་ཁུལ་གྱི་འཕྲོད་རྟེན་ཁང་དུ་གསོ་རིག་རྒྱུད་བཞི་དང་ཤེལ་གོང་ཕྲེང་གཉིས་ཀྱི་པར་གཞི་ཞུས་དག་མཛད་བཞིན་པའི་ཕྱག་ལས་མཇུག་རྫོགས་པ་ན། ཞིང་ཆེན་བོད་ཡིག་སློབ་གྲྭས་གདན་ཞུས་ལྟར་ཐུགས་མཐུན་གནང་ནས། སློབ་དེབ་རྩོམ་སྒྲིག་དང་ཞུས་དག་གི་ཕྱག་ལས་གནང་། དེ་ནས་སློབ་གནས་དང་པོ་རྫོགས་ཆེན་དུ་ཕེབས་ཤིང་དགེ་སློབ་སྤྱི་ལ་མི་ཕམ་མཁས་འཇུག་དང་། ཡིད་བཞིན་མཛོད། དབུ་མ་འཇུག་པ་སོགས་ཀྱི་ལྗགས་ཁྲིད་གནང་། ད་དུང་སློབ་གྲྭའི་ཁོངས་གཏོགས་བོད་སྨན་ཁང་དུ་སྨན་བཅོས་ཀྱི་ཕྱག་ལས་གནང་བ་དང་། དེའི་ཞོར་དུ་གསོ་རིག་ཆེད་སྦྱོང་གི་དགེ་སློབ་དག་ལ་གསོ་བ་རིག་པའི་ཁྲིད་ལུང་མན་ངག་དང་བཅས་པ་སྐུ་ངལ་ལ་མ་འཛེམས་པའི་སྒོ་ནས་གནང་། མདོར་ན་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པའི་རྒྱུད་འཛིན་དང་དར་སྤེལ་ལ་མཛད་པ་རྒྱ་ཆེར་གནང་བའི་བཀའ་དྲིན་ནི་བརྗོད་བྱའི་ཡུལ་ལས་འདས་པའོ། །
སྤྱི་ལོ་༡༩༩༥་ཡི་ལོ་ནས་ཐུ་ཚབ་ཆེ་བའི་ནད་པ་འདྲ་ཡོད་ན་མ་གཏོགས་གཟིམ་ཤག་ཏུ་སྒོར་ཕྱིར་ཆེར་མ་ཕེབས་པར་ཟབ་གསང་རྫོགས་པ་ཆེན་པོའི་ཉམས་ལེན་ཁོ་ནར་འབད་བཞིན་བཞུགས། །
དེ་ནས་སྤྱི་ལོ་༢༠༡༢་ལོའི་ཟླ་ལྔ་བའི་ཚེས་བདུན་ཏེ་བོད་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་སྐུའི་གཅུང་པོ་ནོར་བུ་དང་སྐུ་ཚ་བློ་བཟང་རྒྱ་མཚོ་གཉིས་ལ། གཟིམ་ཤག་ནང་དུ་གད་དར་ལེགས་པོར་མཛད་དུ་བཅུག་ཏེ། ང་རང་ཤི་བའི་རྗེས་སུ་དང་པོར་མཆོག་སྤྲུལ་པད་མ་སྐལ་བཟང་རིན་པོ་ཆེ་ངེས་པར་དུ་(ཐུགས་དཀྲོག་པར་)སྔས་མགོར་གདན་འདྲེན་ཞུ་དགོས། གདུང་བཞུ་རུ་མཁན་ཆེན་ཐུབ་སྙན་གྱི་དངོས་སློབ་སྤྲུལ་སྐུ་ཐུབ་བསྟན་གདན་འདྲེན་ཞུས། ཞེ་དགུ་རྫོགས་རྗེས་མཚན་བྱང་དེ་རྫོགས་ཆེན་ཡིད་བཞིན་ནོར་བུའི་ཕྱག་ཏུ་འཕྲོད་ངེས་གྱིས་ཤིག །ཞེས་སོགས་འདས་རྗེས་ཀྱི་བྱ་བ་རྣམས་བཀའ་སློབ་ལེགས་པར་གདམས། །
དེའི་ཕྱིར་ཉིན་ཏེ་སྤྱི་ཟླ་ལྔ་བའི་ཚེས་བརྒྱད་དང་། བོད་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་སྐུ་གཅུང་ནོར་བུ་ལགས་ལ་ངའི་ཁ་དོན་ནང་ཤོག་དྲིལ་ཞིག་ཡོད། དེ་ཉིད་འབྲལ་ཁའི་དྲན་རྟེན་ཡིན་པས་ང་ཤི་རྗེས་ང་རང་གི་སློབ་བུ་དག་ལ་སྟོན་པར་གྱིས་ཞེས་གསུངས་པ་དང་། དེ་ནས་ཅུང་མི་རིང་བར་ན་ཟུག་སོགས་གང་ཡང་མེད་པར་སྐུ་འཇམ་དལ་ལེར། ཐུགས་སྤྲོ་ཉི་ལེར། རྣམ་སྣང་ཆོས་བདུན་གྱི་བཞུགས་སྟངས་དང་བཅས་ཏེ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་མཛད་དོ། །
ཁོང་གི་ཞལ་བཀོད་བཞིན་དེ་མ་ཐག་ནས་མཆོག་སྤྲུལ་པད་མ་སྐལ་བཟང་རིན་པོ་ཆེར་ཁ་པར་བརྒྱུད་དེ་ཞུ་བ་ཕུལ་བ་ན། ཁོང་གིས་ངེས་པར་དུ་ཉིན་བདུན་གྱི་རིང་ལ་གསང་རྒྱ་དམ་པོར་བྱོས་ཞེས་གསུངས་པ་བཞིན་ཉིན་བདུན་ལ་གསང་རྒྱ་དམ་པོར་བྱས། །དེ་ནས་མཆོག་སྤྲུལ་སྐལ་བཟང་ལགས་དང་། རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་རྣམ་པ་གཉིས་ཕེབས་ནས་ཐུགས་དཀྲོག་དང་གདུང་ཆས་སོགས་ལེགས་པར་བྱས་ཤིང་འདས་མཆོད་ཀྱི་ཆོ་གའི་སྐོར་སོགས་ལའང་བཀའ་བཀོད་གནང་། །
བོད་ཚེས་ཉེར་བཞིའི་ཉིན་ར་ཐེལ་སྤྲུལ་སྐུ་དཔོན་གཡོག་གཉིས་ཕེབས་ནས་རྡོར་སེམས་ཆོ་ག་ཚོགས་འཁོར་བཅས་རྒྱས་སྤྲོས་སུ་གསུངས་པ་དང་། ཚེས་ཉེར་ལྔའི་ཉིན་རྡོ་རྗེ་བྲག་དགོན་པའི་མཆོག་སྤྲུལ་བུ་ཕྲུག་དཔོན་གཡོག་བདུན་བཅས་ཕེབས་ནས་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་ཚོགས་འཁོར་བཅས་ཟབ་རྒྱས་སུ་གསུངས། །
ཚེས་ཉེར་ལྔའི་དགོང་མོའི་དུས་ཚོད་བཅུ་གཉིས་སུ་སྐུ་གདུང་སྨུག་རོང་དུ་གདན་འདྲེན་ཞུས་ནས་ཚེས་ཉེར་དྲུག་གི་སྔ་མོའི་ཉི་ཤར་ཙམ་དུ་སྐུ་ཡུལ་དུ་སླེབས། ཉིན་དེར་སྤྲུལ་སྐུ་ཐུབ་བསྟན་སྐུ་འཁོར་བཅས་ཕེབས་ཤིང་སྐུ་གདུང་གདུང་ཁང་དུ་དྲངས་ཏེ་འོད་ཀྱི་ཤིང་ལྟར་བཞུགས་སུ་གསོལ་ནས་སྣ་ཚོགས་སྤྲུལ་པས་འགྲོ་དོན་རྒྱུན་འཆད་མེད་པའི་གསོལ་འདེབས་དང་བཅས་དབྱིངས་ཀྱི་ཡུམ་ཆེན་ལྔ་ཡི་ཀློང་དུ་སྐྱེལ་མ་ཞུས། །དེའི་ཕྱི་དྲོར་ཉིད་ཀྱི་སྐུ་ཚ་ཀུན་བཟང་འཇིགས་མེད་དང་ཐུབ་བསྟན་གཉིས་ཀྱིས་གདུང་ཁང་གི་སྒོ་ཕྱེ་ནས་བལྟས་ཚེ་ཁ་དོག་དཀར་ལ་འཚེར་བ། ངོ་བོ་སྙི་ལ་སོབ་པ། ཆེ་ཆུང་དང་དབྱིབས་བཅས་ཁུ་འཕང་དང་མཚུངས་བའི་རིལ་བུས་གདུང་ཁང་གང་འདུག་ཅིང་། དེར་ཁོང་གཉིས་ཀྱི་སེམས་ལ་འདི་རིང་བསྲེལ་ལམ་ཅི་ཞིག་ཡིན་མི་ཤེས་མོད་ཞག་གསུམ་གྱི་རྗེས་སུ་ཅི་ཞིག་ཡིན་ཤེས་འོང་ངེས་སྙམ་ནས་སླར་ཡང་གདུང་ཁང་གི་སྒོ་བསྡམས་ནས་བཞག །ཡུལ་སྲོལ་ལྟར་ཉིན་གསུམ་བར་གདུང་ཁང་གི་སྒོ་མ་ཕྱེ་ཞིང་། དེ་ནས་གདུང་ཁང་གི་སྒོ་ཕྱེ་ནས་བལྟས་སྐབས་གདུང་ཁང་དུ་སྔར་གྱི་དངོས་པོ་དེ་དག་གྑ་བ་ཉི་མས་བཞུས་པ་ལྟར་རྗེས་ཤུལ་ཙམ་ཡང་མཇལ་རྒྱུ་མེད་པར་གྱུར་འདུག་གསུངས། །
དེ་ནས་བདུན་གསུམ་པ་ཙམ་གྱི་དགོང་མོ་ཞིག་ལ་ཡུལ་དེར་ལས་བྱེད་ལས་ལས་འཁྱུར་བྱས་ནས་འོ་སེ་ཇ་རྨོ་བཞིན་ཡོད་པའི་ཁྲང་མེན་ཟེར་བ་ཞིག་ཡོད་པ་དེ་ཆབ་གསང་དུ་འགྲོ་སྐབས་མཆོད་རྟེན་ཞིག་གི་དབྱིབས་དང་འདྲ་བར་འོད་ཤིན་ཏུ་གསལ་ལ་འཚེར་བ་ཞིག་གི་མཐར། འོད་ཕྲན་དུ་མས་བསྐོར་ཞིང་མཐའ་མར་འོད་ཕྲན་རྣམས་དཀྱིལ་གྱི་འོད་ཕུང་དེར་རིམ་བཞིན་ཐིམ་ཞིང་། འོད་ཕུང་དེ་ཇེ་གསལ་ནས་ཇེ་གསལ་དུ་སོང་ནས་ས་དེར་དར་ལྕོག་དུ་མ་ཡོད་པ་ཡང་མཐོང་ཐུབ་པ་དང་། དེ་ནས་རིམ་གྱིས་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་ནམ་མཁའི་དབྱིངས་སུ་ཐིམ་འགྲོ་བ་ཞིག་མཐོང་། ཁོས་ཡ་མཚན་པའི་གནས་ཚུལ་དེ་ཁོའི་ཇ་རྨོ་རོགས་དགེ་རྒན་ལས་ལས་འཁྱུར་བྱས་པའི་སྨུག་རོང་བ་འཇམ་དབྱངས་ལ་བཤད། འཇམ་དབྱངས་ཀྱིས་གནས་ཚུལ་དེ་བློ་བཟང་རྒྱ་མཚོ་སོགས་བླ་མའི་ཁྱིམ་མི་རྣམས་ལ་བཤད་པ་དང་། ད་དུང་སྐུ་གདུང་བཞུ་ས་དེར་དར་ལྕོག་ཁྲི་དར་ཞིག་ཕྱར་ཡོད་པས་དར་ལྕོག་མང་པོ་མཐོང་བ་སོགས་ལ་བལྟས་ན་དེ་ནི་བླ་མའི་སྐུ་གདུང་བཞུ་ས་དེའི་ཐད་དག་དག་རེད་འདུག་ཅེས་བཤད་པ་རེད། །འདི་ནི་ཡ་མཚན་པའི་ལྟས་བཟང་པོ་ཞིག་ཡིན་པ་ནི་གདོན་མི་ཟའོ་སྙམ་ནས་བདག་གིས་ཕྱི་རབས་པ་དག་ལ་དྲན་རྟེན་དུ་འདིར་ཆེད་དུ་བྲིས་པ་ཡིན། །
ཞེ་དགུ་སོགས་ཡུལ་སྲོལ་ལྟར་ཕུན་སུམ་ཚོགས་པར་འགྲུབ་པ་དང་། སྐུ་གདུང་མཆོད་རྟེན་ཞིག་ཨར་འདམ་ལས་བཞེངས་འདོད་ཡོད་ཅིང་། སྙིགས་དུས་འགྲོ་བའི་སྐྱབས་མགོན་མཆོག་སྤྲུལ་པད་མ་སྐལ་བཟང་མཆོག་ལ་ཐུགས་བློ་ཞུས་པ་ན། ཁང་བརྩེགས་མཆོད་རྟེན་རྒྱ་ཆེ་ཆུང་གཞི་འདོམ་གང་ལས་མེད་ཀྱང་རུང་མོད། སྲོག་ཤིང་དང་གསེར་ཏོག་སོགས་ངེས་པར་དུ་ཚད་དང་ལྡན་པར་ཚང་པ་ཞིག་བཞེངས་པར་གྱིས་ལ་གདུང་རུས་ཀྱང་དེར་གདན་དྲོངས་ཤིག །ཅེས་སོགས་གསུངས་པ་བཞིན་དུ་བླ་མ་བཟོད་པ་ཞུ་བའི་མཆོད་རྟེན་གྱི་ལས་ལ་རབ་ཏུ་མཁས་པ་ཞིག་ཡོད་པ་དེ་གདན་འདྲེན་ཞུས་ནས་ཉིན་བཅོ་ལྔའི་རིང་དུ་གཟུངས་སྒྲུབ་དང་གཟུངས་འབུལ་སོགས་ཚད་དང་ལྡན་པར་བཞེངས་ཤིང་། དེར་རྩེགས་གསུམ་ཡོད་པར་རིམ་བཞིན་ཆོས་ལོངས་སྤྲུལ་སྐུའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་ནས་སོ་སོར་ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པད་མ་འབྱུང་གནས་སོགས་ཀྱི་སྐུ་བརྙན་རེའང་བཞེངས། །
དེ་ནས་གདུང་རུས་རྡོར་སེམས་ཆོ་གའི་སྒོ་ནས་ཡིག་བརྒྱ་འབུམ་ཐེར་འགྲོ་ངེས་ཀྱིས་ཚ་ཚ་བསྒྲུབས་ནས་དེར་བཞུགས་སུ་གསོལ། །ཞེ་དགུ་སོགས་ཡུལ་སྲོལ་ལྟར་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་རྗེས་ཁོང་གི་དགོངས་བཞེད་ལྟར་སྐུ་བྱང་དེ་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་དྲུང་དུ་ཕུལ་ལོ། །
ཉིད་ཀྱི་སློབ་བུ་ཡོངས་ཀྱི་ཆེས་ཐ་ཤལ་བ་སྐྱིད་ལུང་གནས་བརྟན་ཚེ་རིང་གིས་གུས་པས་སྦྱར་བའོ། །
འདའ་ཁའི་སྐྱིད་གླུ་ཐུང་ཐུང་།
མཆོག་གསུམ་རྩ་གསུམ་ཀུན་འདུས་བླ་མ་རྗེར། །ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ཡིས། །བསྐུལ་བས་ཐུགས་རྗེའི་བྱིན་རླབས་མཐུ་སྟོབས་ཀྱིས། །ཚེ་འདིའི་བྱ་སྤྱོད་ལེགས་པའི་ཕྱོགས་སུ་སོང་། །གདོད་མའི་མགོན་པོ་ཀློང་ཆེན་རབ་འབྱམས་ནས། །བརྒྱུད་པ་གསེར་གྱི་ལུག་རྒྱུད་བཟང་པོ་ལས། །དཔལ་མགོན་བླ་མའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བུ་ཡི་སྙིང་ལ་བཟུང་བས་བློ་སེམས་བདེ། །དེ་ཡང་མཆོག་གསང་ཐེག་རྩེའི་ལམ་ལ་ཞུགས། །ཕ་ཡི་གདམས་བཅུད་སྙིང་ལ་སིམས་གྱུར་ཏེ། །སེམས་ཉིད་མ་བཅོས་རང་བབ་བཞག་པ་ལས། །ཡིད་དཔྱོད་བློ་ཡི་དྲི་མས་མ་སྦག་པར། །གཞི་གནས་སྐུ་གསུམ་རིག་པའི་རང་གདངས་མཆོག །རིག་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུ་རུ། །མངོན་སུམ་རྗེན་པར་མཐོང་འདི་བླ་མའི་དྲིན། །ཟང་ཐལ་ལྷུག་པ་རིས་མེད་ཕྱམ་གདལ་བ། །ཕྱོགས་བྲལ་རིག་པ་གཏད་མེད་རང་ཡན་ཏེ། །བྱིང་རྒོད་རང་སངས་རང་བྱུང་དགོངས་པའི་སར། །སླེབས་པས་མིང་ཆུང་སྦས་པའི་རྣལ་འབྱོར་ངས། །དོན་ཆེན་གཏན་འདུན་ལེགས་པའི་གཞི་ཚུགས་པས། །གུ་ཡངས་སྐྱིད་པའི་ཉི་མ་ནང་ནས་ཤར། །གོང་མའི་སྒོམ་ཕྲུག་གོང་མའི་རྗེས་སྙེགས་པའི། །མཉམ་ཉིད་རིག་པའི་རྡོ་རྗེར་འབོད་པ་ང་། །ཤར་གྲོལ་འཛིན་མེད་ཕྱམ་གདལ་ལམ་བརྒྱུད་དེ། །ད་ནི་མི་སྡོད་གདོད་མའི་གཞི་དབྱིངས་སུ། །འཕོ་མེད་གཞི་ལ་བཙན་ས་འཛིན་དུ་འགྲོ། །གཏད་འཛིན་སེམས་ཀྱི་སྟོད་ཕུར་མ་ཐོན་པའི། །རྣལ་འབྱོར་ཆེན་པོར་རློམས་རྣམས་ག་ལེར་བཞུགས། །ལྟ་བ་གཏད་མེད་མཐའ་བྲལ་ཆེན་པོ་དང་། །སྒོམ་པ་བློ་བྲལ་རང་བབས་གཉུག་མའི་ངང་། །སྤྱོད་པ་སྣང་སེམས་འཛིན་མེད་གྲོགས་བཅས་པས། །འབྲས་བུ་ཐོབ་མེད་གཞིར་རྫོགས་མངོན་འགྱུར་བར། །ལྷ་དང་བླ་མས་དབྱིངས་ནས་མཐུན་འགྱུར་མཛོད། །ཀུན་འབྱུང་ལས་དང་བག་ཆགས་ཀྱིས་བསྐྱེད་པའི། །སྒྱུ་ལུས་གོག་པོ་འདོར་དུ་ཉེ་བ་ན། །བློ་བྲལ་རིག་པ་ཟང་ཐལ་རྗེན་པ་ཡི། །གདོད་མའི་ཆོས་སྐུའི་རང་ཞལ་བཟང་པོ་ལ། །རྩོལ་མེད་རང་བབས་མིག་གིས་བལྟས་བལྟས་པས། །མ་འགག་རིག་རྩལ་ཉམས་ཀྱི་སྣང་ངོ་ན། །ང་ནི་དོན་གྱི་ཀུན་ཏུ་བཟང་པོ་འོ། །སྙམ་པའི་བཟང་རྟོག་ཆང་གིས་མྱོས་གྱུར་ཏེ། །ཤར་ཚད་འཆོལ་བར་སྨོས་པའི་སྨྱོན་གཏམ་འདི། །བཅས་བཅོས་མེད་པར་ཐོལ་བྱུང་ཉིད་དུ་བྲིས། །ཞེས་ཆུང་མིང་འོད་ཟེར་རྡོ་རྗེར་འབོད་པས་སོ།

0 comments:

ཟིན་བྲིས་འཚོལ་ཡུལ