དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Tuesday, 25 June 2013
རིག་སྔགས་གྲུབ་པའི་རྣལ་འབྱོར་བ་ཞིག་ལ་མཇལ་བ།
—ལྷ་རི་གཟིམ་སྤྲུལ་རིན་པོ་ཆེ་མཆོག་གི་སྐོར་ཟིན་བྲིས།
ཀླུ་སྨྱོན་ཧེ་རུ་ཀ
དེ་ཡང་སྤྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཟླ་ལྔ་པའི་ཚེས་བཅུ་ཉིན། གངས་ཅན་མགོན་པོ་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་གསེར་ཞལ་མཇལ་བ་དང་ག...སུང་གི་བདུད་རྩི་མྱོང་བ། ཐུགས་ཀྱི་བྱིན་རླབས་ཟབ་མོ་ཞུ་བ་སོགས་ཀྱི་ཆེད་དུ་ཁོ་བོ་ཨ་རིའི་ཨོ་རི་སྒན་ཞིང་ཆེན་གྱི་ཡུ་རྗེན་ས་གནས་སུ་ཡོད་སྐབས། ལོ་མང་སྔོན་ནས་ཞལ་ཚོར་ཞིང་རྫོགས་པ་ཆེན་པོའི་ཆོས་སྐོར་རེ་ཟུང་གི་ལྗགས་ལུང་ཞུ་སའི་བླ་མ་ཡང་ཡིན་པ་རྫོགས་ཆེན་མཁན་པོ་ཆོས་དགའ་རིན་པོ་མཆོག་གིས་ཞལ་པར་གནང་སྟེ། ཁོང་གིས་ཁམས་རྫ་སྟོད་རྫོགས་ཆེན་དགོན་པའི་བླ་མ་ཁྱད་འཕགས་སྐུ་ཚེ་འདིར་སྒྲུབ་པ་ཉམས་ལེན་ཚད་ལྡན་གནང་སྟེ་རིག་སྔགས་གྲུབ་པའི་གྲུབ་རྟགས་མངོན་སུམ་དུ་སྟོན་རྒྱུ་ཡོད་མཁན་ཞིག་ཁེ་ན་སྒྲའི་གྲོང་ཁྱེར་ཝེན་ཁོ་ཝེར་དུ་གདན་འདྲེན་ཞུས་ཡོད་ཅིང་། བླ་མ་འདིའི་གདུལ་བྱ་གཙོ་བོ་ནི་ལུས་སེམས་ཀྱི་ན་ཚ་འདྲ་མིན་བཅོས་རྒྱུ་དེ་ཡིན་པས། ཁྱེད་སྐུ་གཟུགས་རྒྱུན་པར་ན་གི་ཡོད་པ་ལ་དམིགས་ནས་ངེས་པར་ཡོང་ན་ལེགས་ཞེས་སྐུལ་མ་གནང་བྱུང་བས། ཉིན་རྗེས་མ་དེ་རང་ལ་གནམ་གྲུ་ཚར་གཉིས་དང་དེ་ནས་རླངས་འཁོར་ལ་བསྡད་དེ་ཨ་རི་ནས་ཁེ་ན་སྒྲར་བླ་མ་དེ་མཇལ་དུ་སོང་།
རྒྱལ་མཚམས་འགག་སྐོར་བསླེབས་དུས་རླངས་འཁོར་མང་པོ་བང་བསྒྲིགས་ནས་ཞིབ་གཤེར་ལ་བསྒུགས་ཡོད་པར་དུས་ཚོད་རིང་པོ་ཞིག་འགོར་བ་དང་། ཐད་ཀའི་བར་སྣང་ནས་འདབ་ཆགས་ཁྱུ་གཅིག་གིས་རང་དབང་ངང་འཕུར་ལྡིང་གིས་ས་མཚམས་ཀྱི་ནམ་འཕང་གཅོད་པ་མཐོང་སྟེ། འགྲོ་བ་མིའི་རིགས་ཀྱིས་ས་མཚམས་ཆུ་མཚམས་ཕྱེས་ནས་ཕྱོགས་རིས་འཁྲུག་རྩོད་བྱེད་པ་འདི་ནི་དུད་འགྲོ་འདབ་ཆགས་ལས་ཀྱང་སྡུག་པའི་ལས་ཀ་ཞིག་མིན་ན་གང་ཡིན་སྙམ་པ་ཞིག་ཀྱང་བྱུང་།
ཁེ་ན་སྒྲའི་རི་ཆི་མེན་ཟེར་བའི་ས་གནས་རྒྱ་རིགས་གནས་སྤོས་པ་མང་པོ་སྡོད་ས་དེའི་མགྲོན་ཁང་ཆེན་པོ་རེ་སྒྲི་སིན་ཞེས་པ་དེར་བླ་མ་དེ་དང་མཁན་པོ་ཆོས་དགའ་རྣམ་གཉིས་བཞུགས་འདུག་ལ། དུས་ཚོད་དགོང་མོར་སོང་བས་མཁན་པོ་མཇལ་བ་མ་གཏོགས་བླ་མར་སང་ཉིན་མཇལ་རྒྱུ་བྱས། ནུབ་མོ་དེར་བླ་མ་ག་འདྲ་ཞིག་ཡོད་ན་བསམས་ནས་བསམ་བློ་སྣ་ཚོགས་ཤིག་འཁོར་ཞིང་། རྨི་ལམ་དུ་དེ་སྔ་རྩ་ནས་རྨིས་མྱོང་མེད་པའི་མཁན་པོ་ཆོས་དགའ་ཁོང་སྐུ་གཟི་བརྗིད་ལམ་མེར་མཇལ་བ་ཞིག་བྱུང་བས། ཞོགས་པར་གཉིད་ལས་སད་དུས་སེམས་ནང་མཁན་པོ་ཁོང་གིས་གདན་འདྲེན་ཞུས་པའི་བླ་མ་དེ་གྲུབ་པའི་སྐྱེས་བུ་ཚད་ལྡན་ཞིག་ཡིན་ངེས་རེད་བསམས་པ་ཞིག་ཀྱང་བྱུང་།
ཚེས་བཅུ་གཟའ་སྤེན་པ་འཛམ་གླིང་ཨ་མའི་ཉིན་མོའི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་མཁན་པོ་ཚང་གིས་གུས་པ་བླ་མ་ཚང་བཞུགས་པར་ཁྲིད་སོང་ལ། གཟིམ་ཁང་གི་སྒོ་ནས་ཡར་མཇལ་དུས་བླ་མ་ཁོང་གཟིམ་ཁྲིའི་སྟེང་བཞུགས་ནས་ཞལ་འདོན་གནང་བཞིན་བཞུགས་འདུག་ལ། སྐུ་གཟུགས་བརྗིད་ཆགས་ཤིང་གསུང་གི་གདངས་སྙན་པ་ཞིག་མཇལ། ཐོག་མར་སྤྱན་གྱིས་ཐད་ཀར་གཟིགས་ནས་ཅང་མི་གསུང་ལ། ག་ལེར་བཀའ་མོལ་བསྡུས་པ་ཞིག་གསུངས་གྲུབ་རྗེས་ཁོང་མཁན་པོ་ཆོས་དགའ་ཚང་གི་སློབ་མ་བཞི་ཅུ་ཙམ་གྱིས་ཕེབས་སྒུག་ཞུས་ཡོད་པའི་ཚོམས་ཁང་ཆེན་པོ་དེར་གདན་འདྲེན་ཞུས། བླ་མ་ཚང་གིས་བཞུགས་ཁྲིའི་སྟེང་ནས་ཁོང་གིས་བསམ་ཡས་མཆིམ་ཕུའི་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཕུག་ཏུ་སྒྲུབ་པ་ཉམས་ལེན་ཇི་ལྟར་མཛད་ཚུལ་གྱི་རྣམ་ཐར་ཉུང་ཙམ་ཞིག་ངོ་སྤྲོད་མཛད་རྗེས་ནད་པར་གཟིགས་མགོ་བརྩམས་སོང་། ཐོག་མར་ཕྱག་མཚན་ཟངས་དང་ལི་ལས་གྲུབ་པའི་ཕུར་བ་རྩེ་ཟླུམ་ཞིག་མི་མང་གི་ལག་པར་བཀྲམས་ཏེ་རེག་བྱ་ག་འདྲ་ཡིན་བལྟ་རུ་བཅུག་སོང་ལ། དེ་ནི་རེག་བྱ་ཅུང་ཟད་གྲང་མོ་ཞིག་རེད་འདུག དེ་ནས་ཕུར་བ་དེ་ཁོང་གི་ཞལ་དུ་བཅུག་ནས་སྐར་ཆ་སུམ་ཅུ་ཙམ་འགོར་རྗེས་ཕྱིར་ཕྱུངས་ཏེ་ནད་པའི་ལུས་ཀྱི་ན་ཚ་ཡོད་སའི་ཐད་ཀ་དེར་བཙུགས་པ་ན་ལྕགས་སྲེག་ཚ་བོ་བཞིན་ནད་པའི་ལུས་ཀྱི་པགས་པ་གཞོབ་ཐུལ་དུ་སྲེག་ཡོང་གིན་འདུག་ལ། ནད་པ་རེ་ཟུང་གིས་ཨ་ཚ་ཚ་ཞེས་སྐད་རྒྱག་གིན་འདུག གཞན་ཁོང་གིས་མེ་བསྒོམས་ཏེ་མཐེ་བོང་གིས་ནད་པར་རེག་ཀྱང་ལྕགས་སྲེག་གྱིས་གླན་པ་བཞིན་སྐྱི་ལྤགས་ཚང་མ་ཚིག་ནས་ཁོང་གི་མཐེ་བོང་གི་ངོར་འབྱར་འགྲོ་བ་དང་། རྡོ་རིལ་དང་ཕྲེང་བ་སོགས་ལ་སྔགས་བརྒྱབ་ན་ཡང་རེག་བྱ་ཚ་བོ་ཆགས་པ་གཅིག་མཚུངས་རེད།
འདིར་ཁོང་གི་རྣམ་ཐར་མདོར་བསྡུས་གསེར་རྟ་བླ་རུང་སློབ་གླིང་གི་གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་བརྩམས་པ་ལས་ཅུང་ཟད་ཁོལ་དུ་ཕྱུངས་པར་གཟིགས་འཚལ།
གྲུབ་པའི་དབང་ཕྱུག་ལྷ་རི་གཟིམ་སྤྲུལ་ཀརྨ་འགྱུར་མེད་མཆོག་ནི། ༡༩༦༦ ལོར་མདོ་ཁམས་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་དགེ་སེམས་ཁྱད་པར་བ་དང་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ལྷན་སྐྱེས་སུ་མངའ་བར་གྲགས། དགུང་གྲངས་བཅུ་གསུམ་སྟེང་ནས་བཟུང་སྔ་འགྱུར་རྙིང་མ་བའི་ཆོས་སྡེ་རྫ་སྟོད་རྫོགས་ཆེན་དགོན་མདོ་སྔགས་བཤད་སྒྲུབ་གླིང་དུ་ཞུགས་ཤིང་། དགེ་བའི་བཤེས་གཉེན་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་ཀྱི་རིགས་སོགས་ལ་སྦྱངས་པ་མཛད། དགུང་གྲངས་ཆུང་བའི་དུས་ནས་བཟུང་བརྐྱངས་ཕྱག་བཙལ་ཏེ་སྟོད་དབུས་གཙང་གི་ཕྱོགས་སུ་ཕེབས་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱི་རྒྱལ་ཚབ་ཇོ་ཤྰཀྱ་རྣམ་གཉིས་མཇལ་ཞིང་། བསྟན་འགྲོའི་དོན་ཆེན་འགྲུབ་པའི་ཐུགས་སྨོན་གནང་། དགུང་གྲངས་བཅོ་བརྒྱད་སྟེང་འཁོར་བ་ལས་ངེས་པར་འབྱུང་བའི་ཐུགས་འདུན་རྣལ་མ་སྐྱེས་ཏེ། དགེ་བའི་བཤེས་གཉེན་དམ་པ་རྫ་སྟོད་རྫོགས་ཆེན་མཁན་པོ་ཐུབ་བསྟན་རྣམ་རྒྱལ་མདུན་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་དབང་ལུང་དུ་མའང་གསན། དགུང་གྲངས་ཉེར་ལྔའི་སྟེང་ཡང་མཁན་པོ་དེ་ཉིད་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དགུང་གྲངས་ཉེར་དྲུག་སྟེང་ཕྱི་མའི་ལམ་བྲོར་འགྲོ་ངེས་ཀྱི་སྒྲིབ་སྦྱང་གཤའ་མ་ཞིག་བྱེད་པའི་ཐུགས་སྟོབས་སྐྱེས་ཏེ་ཡང་སྐྱར་ལྷ་སར་ཕེབས་ནས་ཇོ་ཤྰཀྱ་རྣམ་གཉིས་དང་སེ་འབྲས་དགའ་གསུམ་སོགས་རིས་མེད་ཀྱི་དགོན་སྡེ་དང་གནས་ཆེན་དུ་མའི་མཇལ་ཕྱག་ཐུགས་སྨོན་མཛད། ཁྱད་པར་སྙིགས་དུས་ཀྱི་སྐྱབས་གཅིག་ཨོ་རྒྱན་སངས་རྒྱས་གཉིས་པའི་མཚན་དཔེའི་ཞབས་པད་དངོས་སུ་བཀོད་ཅིང་། གསང་བ་གསུམ་གྱི་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཁྱད་པར་བ། བསམ་ཡས་མཆིམས་ཕུ་དང་ཡར་ལུང་ཤེལ་བྲག གཡའ་མ་ལུང་དང་བྲག་ཡེར་བ་སོགས་སུ་སྒྲུབ་པ་རྩེ་གཅིག་མཛད་དེ་གྲུབ་པའི་རྟགས་མཚན་ངོ་མཚར་བ་ཐོབ། དེའི་ཕྲན་གྱིས་མཐོང་ཐོས་རྣམས་གཏམ་རྒྱུད་ཐུང་ངུ་ཞིག་ཏུ་གྲུབ་འདུག་སྟེ་སྐྱོ་བ་མེད་པར་གསན་འཚལ།
སྤྱི་ལོ་༢༠༠༧ ལོའི་ཟླ་བདུན་པའི་ནང་ང་རང་པེ་ཅིན་ན་ཡོད་སྐབས་༧སྐྱབས་རྗེ་ཁང་གསར་རིན་པོ་ཆེ་དབོན་སྤྲུལ་བསྟན་པའི་དབང་ཕྱུག་སྟེ་ངེད་ཀྱི་ཞང་པོ་དམ་པ་མཆོག་གི་ཞལ་པར་ཐེངས་འགའ་བསླེབས་སོང་། ཐེངས་ཤིག་ཁོང་གི་ཞལ་ནས། ངེད་ལ་མཚོ་སྔོན་ཤུལ་ཡུལ་གྱི་ཕྱོགས་ན་སློབ་མ་བླ་རྒན་ཞིག་ཡོད། ཁོང་འཆི་ཆོས་རྣལ་མ་འདོད་པའི་ཆོས་པ་བཟང་པོ་ཞིག་ཡིན། ངེད་ཀྱིས་ཁོང་ལ་སེམས་ཁྲིད་འགའ་བཤད་མྱོང་། ཡུན་རིང་པོར་འགྲོགས་པའི་སློབ་མ་རྒྱུས་ཡོད་ཅིག་ཡིན། ངེད་ཀྱི་དྲུང་ནས་རྫོགས་པ་ཆེན་པོ་ཡེ་ཤེས་བླ་མའང་ཐེངས་འགའ་ཞུས་སོང་། ཉེ་ལམ་ཁོང་གི་བུ་དེའང་སེམས་ཁྲིད་ཅིག་འདེབས་དགོས་ཞེས་ངེད་ཀྱི་སར་ཁྲིད་འོངས། དེ་ནི་རིག་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་ཞིག་རེད། བཤད་ཚོད་ལྟར་ན་བསམ་ཡས་མཆིམས་ཕུ་སོགས་ནས་ལོ་མང་པོར་རིག་སྔགས་ཁོ་ན་བགྲངས་ནས་སྒྲུབ་པ་མཛད་མཐར་གུ་རུ་རིན་པོ་ཆེའི་ཞལ་གཟིགས་ཤིང་འགྲོ་དོན་དུས་སུ་བབས་པར་ལུང་བསྟན་པ་ཡིན་ཟེར། གང་ལྟར་རིག་སྔགས་ཀྱི་ནུས་པ་དེ་ནི་ངོ་མཚར་བ་ཞིག་རེད། གསེར་དངུལ་ཟངས་ལྕགས་སོགས་དངོས་པོ་གང་ལའང་སྔགས་བཏབ་མ་ཐག་ཚ་བོ་རེག་མི་བཟོད་པ་ཞིག་ཏུ་འགྱུར་འགྲོ་བ་ནི་མངོན་སུམ་མིག་གིས་རིག་ཐུབ་རྒྱུ་ཞིག་རེད། རྒྱལ་ཁབ་ཀྱི་ཆེས་མཐོའི་མགོ་ཁྲིད་པ་ཆེ་གེ་མོར་གཅིན་པ་མངར་འགྱུར་གྱི་ནད་བྱུང་བར་ཁོང་གིས་སྔགས་བཏབ་ནས་དྲགས་སོང་ཟེར། མ་ཟད་དགེ་སློང་བདག་ཉིད་ཆེན་པོའི་མགུལ་ལའང་སྔགས་བཏབ་པར་གྲགས། ཁོང་དང་དགོན་པ་གཅིག་པའི་ངོ་ཤེས་རེར་ངེད་ཀྱིས་ཞིབ་ཏུ་དྲིས་པར་དེ་ཚོ་ཐམས་ཅད་བདེན་པ་རེད་ཟེར། ཁོང་ཚོའི་ཡུལ་དུ་སྐད་གྲགས་ཆེན་པོ་ཞིག་ཡིན་ཟེར། རྒྱལ་ཕྱི་ནང་གི་མི་ཆེན་དཔོན་ཆེན་དུ་མས་ཐོབ་ཚོད་བྱེད་བཞིན་པ་ཞིག་རེད། རྒྱུ་ལོངས་སྤྱོད་ཀྱི་རྙེད་པའང་ཆེན་པོ་ཡོད་ཚོད་རེད། དགོན་པ་མང་པོའི་བདག་པོ་ཡིན་གསུངས་འདུག འོན་ཀྱང་སེམས་ཁྲིད་འདྲ་ཐོབ་མ་མྱོང་གསུང་གི དགེ་ཚུལ་སློང་ཞིག་རེད། རང་བཞིན་འཇམ་ཞིང་ཐུགས་རྒྱུད་ཡག་པོ་ཅན་ཞིག་ཡིན་པ་འདྲ། ང་རང་རྒྱུན་དུ་སྙིང་ཁམས་མི་བདེ་བས་གཉིད་མི་འོང་བར་འདུག་པས། དེ་ལ་ཁོང་གིས་སྔགས་སྐོར་འགའ་བཏབ་སོང་། ཉིན་དྲུག་བདུན་ཞིག་ལ་ཕན་པའང་ཆེན་པོ་ཐོགས་བྱུང་། ཟླ་ཕྱི་མའི་ནང་ཁོང་སེམས་ཁྲིད་ཞུ་རུ་ངེད་ཀྱི་དྲུང་དུ་འོང་དགོས་ཟེར། དེས་ན་ཁྱོད་ཀྱང་ཡར་ཡོང་ཐབས་ཤིག་བྱེད་དགོས་པ་འདྲ། ཕན་རེ་ཐོགས་ལས་ཆེ་སྙམ་འདུག་ཅེས་གསུངས། ཉིན་འགའི་རྗེས་སུ་ཡང་སྐྱར་ཞལ་པར་ཐེངས་གཉིས་བསླེབས་ཤིང་ཁྱོད་ངེས་པར་ཡོང་ཐབས་ཤིག་གྱིས་དང་མཆིན་པའི་ནད་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་གཞན་གྱིས་གླེང་འདུག་གསུངས། གལ་ཏེ་གནས་ཚུལ་འདི་མི་ཕལ་བ་ཞིག་གིས་བཤད་ན་ངེད་ཀྱིས་དོ་སྣང་སྤུ་ཙམ་ཡང་མི་བྱེད་ངེས་ཅན་ཡིན། འོན་ཀྱང་ཨ་ཞང་གི་ཞལ་པར་ཐེངས་གསུམ་ལ་བསླེབས་པས་འགྲོ་བ་ལས་འོས་མེད་པ་འདྲ་སྟེ་ཅི་བྱ་སྙམ་ནས་ཉིན་ཁ་ཤས་ལ་བསམ་བློ་བཏང་། ཉིན་ཞིག་གནས་ཚུལ་འདི་ཁ་པར་གྱི་ལམ་ནས་ངེད་ཀྱི་གྲོགས་པོ་ཞིག་ལ་གླེང་བར་ཁོང་གི་ཞལ་ནས། སེམས་ཅན་གྱི་ལས་སྣང་བསམ་གྱིས་མི་ཁྱབ་པ་དང་། རིག་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡིན་ཚུལ་ཁྱོད་ཀྱིས་ཀྱང་ལོས་ཤེས། སྔགས་པ་བཟང་པོ་ཞིག་ཡིན་ན་ཕན་ངེས་པར་དུ་ཐོགས་སྲིད་རྒྱུ་རེད། ཁྱོད་འདི་འདྲའི་ཡུན་རིང་བོར་པེ་ཅིན་སྨན་ཁང་ནང་བསྡད་ཀྱང་ནད་གཞི་སངས་དྲགས་བྱེད་ཐུབ་པའི་ངེས་པ་ནི་མི་འདུག དེས་ན་ཅིས་ཀྱང་འགྲོ་ཐབས་གྱིས། ཁྱད་པར་བླ་མ་རིན་པོ་ཆེས་ཐེངས་མང་པོར་གསུངས་ཚུལ་ལ་གཞིགས་ན་ཕན་རེ་ཐོགས་སྲིད་རྒྱུ་རེད། ཅེས་གསུངས། དེ་ནས་ངེད་ཀྱིས་བསམ་བློ་བཏང་ནས། ནམ་ཟླའང་ཧ་ཅང་མི་འཁྱགས་པའི་དུས་རེད། ཨ་ཞང་གི་ཞལ་མཇལ་འདོད་ཅིག་ཀྱང་འདུག ཁོང་གིས་རྫོགས་ཆེན་ནམ་མཁའ་སྤྲིན་བྲལ་གྱི་ཁྲིད་ཀྱང་གསུང་ཆས་བྱེད་འདུག་པས་དེའང་ཞུ་འདོད་ཅིག་སྐྱེས་ཏེ་ཤར་འགྲོ་ཞིག་བྱེད་དགོས་སྙམ། སྨན་པ་ལ་ཟླ་བ་གཅིག་གི་དགོངས་གནང་ཞུས་ཤིང་། སྨན་སོགས་གྲ་སྒྲིག་བྱས་ཏེ་གནམ་གྲུར་ཞུགས་ནས་ལམ་ལ་ཆས། ཁང་གསར་སྟག་ལུང་དགོན་དུ་འབྱོར་ཏེ་ཨ་ཞང་གི་སྐུ་མདུན་ནས་ནམ་མཁའ་སྤྲིན་བྲལ་གྱི་ཁྲིད་ཞུས་ཤིང་སྔགས་པ་ནམ་བྱོན་བསྒུགས་ནས་བསྡད། ཉིན་ཞིག་ཨ་ཞང་གིས་གྲྭ་པ་ཞིག་མངགས་ཏེ་ང་རང་འབོད་དུ་འོངས། སྔགས་པ་ཕེབས་བྱུང་ཟེར། ཨ་ཞང་གི་གཟིམ་ཁང་ནང་ནས་ངེད་གཉིས་ཐེངས་དང་པོར་མཇལ་ཞིང་ངེད་གཉིས་ཀྱིས་ཁ་དར་ཕུལ་ནས་ཁམས་བཟང་ཞུས། ཨ་ཞང་གིས་ངེད་གཉིས་ཕན་ཚུན་མཚམས་སྦྱོར་བྱས་ཤིང་ང་རང་ཁོང་ལ་བཅོལ་དམ་བཟང་པོ་བྱས། ཨ་ཞང་གི་ཞལ་ནས་ཁྱེད་ཀྱིས་མེ་ལོང་ལ་སྔགས་ཐོབས་ལ་ངའི་ཚ་བུའི་ལག་ཏུ་ཞོགས་དང་གསུངས། ཁོང་གིས་ངེད་ཅག་གི་རིག་ས་ནས་སྐར་མ་གཅིག་གི་ཡུན་ཙམ་ལ་སྔགས་འགའ་བཟླས་ཤིང་རག་ལས་གྲུབ་པའི་མེ་ལོང་ཡུ་བ་ཅན་ཞིག་ལ་བཏབ་ནས་ངའི་ལག་ཏུ་བཞག་བྱུང་། མེ་ལོང་དེ་ནི་དངོས་གནས་ཚ་བོ་རེག་མི་བཟོད་པ་ཞིག་རེད་འདུག ང་ནི་ཧ་ལས་ཤིང་ཅི་ཡིན་འདི་ཡིན་མེད་པར་དད་པ་ཞིག་ཀྱང་སྐྱེས། སྙིགས་མའི་དུས་སུ་སེམས་ཅན་ལས་ངན་དམན་པས་དཀོན་མཆོག་གི་བྱིན་རླབས་སྤྲིན་འོག་གི་ཉི་མ་དེ་དེ་རིང་མངོན་སུམ་དུ་མཐོང་ཐུབ་པ་བྱུང་ནས་དགའ་སྣང་ཆེན་པོ་ཞིག་སྐྱེས། ཁོང་གི་ཞལ་ནས་ད་དུང་སྐར་མ་བཅོ་ལྔ་ཙམ་གྱི་རིང་སྔགས་བཏབ་ན་དམར་འབར་བ་ཞིག་རེད་འགྲོ ས་སྟོང་དུ་བསླེབས་དུས་ཇ་བསྐོལ་ཚེ་ཤིང་སོགས་ལ་སྔགས་བཏང་ན་མེ་མཆེད་ནས་ཇ་སྐོལ་བྱེད་ཀྱང་ཉན་གི ང་དང་ལྷན་དུ་སོང་ན་མེ་ཆ་འཛིན་མི་དགོས་གསུངས་ནས་བཞད། ཉིན་དེ་ནས་བཟུང་མེ་ལོང་ཞིག་ལ་སྔགས་བཏབ་སྟེ་ཨ་ཞང་གི་ཐུགས་ཀར་ཡུན་རིང་ཙམ་ཕུར། ཁོང་གི་ཞལ་ནས་མདང་ངེད་ཀྱི་རྨི་ལམ་དུ་མཆོད་རྟེན་དཀར་པོ་ཞིག་གི་ནང་དུ་སྲིན་འབུ་ཞིག་འདུག་པར་ངེད་ཀྱིས་བཀྲུས་ནས་སྲིན་འབུ་དེའི་ཕྱེད་ཀ་ཆད་སོང་བ་ཞིག་རྨིས་པས། དེ་རིན་པོ་ཆེ་ཁྱེད་ཀྱི་བསྙུན་གཞི་ལ་ལྟ་བ་ཡིན་ཞེས་གསུངས། ཨ་ཞང་གི་ཞལ་ནས་འོ་ན་སྲིན་འབུ་དེ་མ་ལོན་པས་ངེད་ལ་ཕན་མི་ཐོགས་ནི་ཨེ་ཡིན་ནམ་གསུངས། ཕྲན་གྱིས་སྲིན་འབུ་དེའི་ཕྱེད་ཀ་ཆད་འགྲོ་ཚུལ་ལ་བསམས་ན་བསྙུན་གཞིའི་རྒྱུ་རྐྱེན་དེ་མཚམས་ཆད་འགྲོ་རྒྱུ་རེད་ཅེས་རྟེན་འབྲེལ་གསོས། སྔགས་པས་ཀྱང་དེ་འདྲ་རེད་གསུངས། དེ་བཞིན་ཕྲན་གྱི་མཆིན་པའི་སྟེང་དུའང་ཡུན་རིང་པོར་ཕུར། ཁྱོད་ཀྱི་ཕོ་གའང་བདེ་མི་འདུག་གསུངས། སྙིང་ཁམས་ཀྱང་བདེ་མི་འདུག་གསུངས། ཕོ་ག་དང་སྙིང་ཁམས་མི་བདེ་བ་ཐུགས་དག་ཀྱང་དེ་ངེད་ཀྱིས་ནད་གཞི་ཆེན་པོ་ཞིག་ལ་བརྩི་གི་མེད། མཆིན་པ་འདི་དྲགས་ཐབས་ཤིག་བྱུང་ནའང་ཞུས། འོ་མཆིན་པའི་ནད་བཅོས་སླ་མོ་ཡིན། ཐུགས་བདེ་མོ་གྱིས་དང་ངེས་པར་དུ་དྲག་ཏུ་འཇུག་གསུངས། དེ་ཉིན་ནས་བཟུང་སྔ་དྲོ་རྣམས་སུ་ཨ་ཞང་གི་གཟིམ་ཁང་དུ་ངེད་གཉིས་ལ་སྔགས་བཏབ་ཅིང་། ཉིན་གུང་དགོན་པའི་དཀྱིལ་ནས་ནད་པ་སྐྱ་སེར་མང་པོར་སྔགས་བཏབ། ཕྱི་དྲོར་ཨ་ཞང་གི་སྐུ་མདུན་ནས་སེམས་ཁྲིད་ཅིག་ཀྱང་ཞུས་འདུག ཕྱི་དྲོར་ཨ་ཞང་གི་ཐུགས་ཀར་སྔགས་འདེབས། མདང་ངའི་རྨི་ལམ་དུ་མཚོ་ཞིག་གི་ནང་ན་མེ་ཏོག་པདྨའི་གདན་རིན་པོ་ཆེ་ཁྱེད་བཞུགས་འདུག ང་ལ་འདི་གསུངས། རིན་ཆེན་ཁྲི་ལ་མཎཌལ་ཕུལ། སེམས་ཉིད་མི་གདའ་རྣམ་པར་དགེ །ཡིད་ལ་གསལ་ཞིང་དེ་ཁོ་ན། །ཉི་མའི་མདངས་ལྟར་རབ་གསལ་འབྱུང་། །སེམས་ཉིད་འདི་ལ་བརྟན་པར་སྐྱོངས། །ཞེས་གསུངས་ཟེར། ཨ་ཞང་གིས་དེ་ལ་གོ་རྒྱུ་ཞིག་ཡོད་ན་ཐང་གི་ཨང་གསུངས། ཉིན་གསུམ་གྱི་རྗེས་ནས་ངེད་ཀྱི་སར་ཕེབས་འོང་། ཁོང་ནི་ཐུགས་རྒྱུད་འཇམ་ཞིང་ཆེ་མཐོ་དྲེགས་པའི་ང་རྒྱལ་ཡང་མེད་པར་གང་དྲན་ཞུ་ཕོད་པ་ཞིག་འདུག དེར་ངེད་གཉིས་ཀྱིས་གླེང་མོལ་བྱས་ཤིང་། ཁོང་གིས་ཇི་ལྟར་རིག་སྔགས་འགྲུབ་ཚུལ་སོགས་ཞིབ་ཏུ་དྲིས་པར་ཁོང་གིས་ཐུགས་དགྱེས་བཞིན་ཕྲན་ལ་ཞལ་བརྡ་འདི་ལྟར་བྱས་སོ།།
ང་རང་གྲྭ་པ་དཀྱུས་མ་ཞིག་ཡིན། རིག་གནས་ཡོན་ཏན་གང་ཡང་མེད། དཔེ་ཆ་སློབ་གཉེར་ཀྱང་བྱེད་མ་མྱོང་བའི་གྲྭ་པ་ཕལ་བ་ཞིག་ཡིན། འོན་ཀྱང་བྱམས་སྙིང་རྗེ་དང་དད་པ་མོས་གུས་ཡག་པོ་ཞིག་ཡོད། དང་པོར་ཕྱག་བཙལ་ནས་ལྷ་སར་སོང་། དེ་རྗེས་རང་ཡུལ་དུ་ལོག་ནས་དགེ་ཚུལ་སློང་བསྒྲུབས། དེ་རྗེས་ཡང་སྐྱར་ལྷ་སར་སོང་། བསམ་ཡས་མཆིམ་ཕུ་དང་ཡར་ལུང་ཤེལ་བྲག་སོགས་ནས་མཚམས་བསྙེན་སྒྲུབ་ཡུན་རིང་ལ་བྱས། ལོ་གསུམ་གྱི་རྗེས་བསམ་ཡས་མཆིམས་ཕུའི་གུ་རུའི་སྒྲུབ་ཕུག་ན་ཡོད་དུས། ནུབ་ཅིག་གུ་རུ་རིན་པོ་ཆེ་ཕེབས་འོངས་ནས་ང་ལ་རྡོ་ནག་པོ་རིལ་བུ་ཞིག་གནང་སྟེ་འདི་ལ་སྔགས་རྒྱོབས་དང་འགྲོ་དོན་འོངས་གསུངས། ཕྱི་ཉིན་ནངས་མོར་རྡོ་ནག་པོ་རིལ་བུ་དེ་ང་རང་གི་ཕུག་པའི་ནང་ན་ཡོད་འདུག ངེད་ཀྱིས་འདི་གུ་རུ་རིན་པོ་ཆེས་ང་ལ་གནང་བ་ཡིན་ནམ་སྙམ་ནས་རྒྱུན་པར་ལག་ཏུ་བཟུང་སྟེ་སྔགས་བཏབ། ཟླ་གསུམ་འགོར་རྗེས་ཕ་ཡུལ་ཕྱོགས་ནས་ཨ་ཉོ་ཟེར་བའི་མི་སྐྱ་ངོ་ཤེས་ཤིག་གནས་མཇལ་ལ་འོངས་པ་ངེད་ཀྱི་སར་བསླེབས་བྱུང་། ངེད་གཉིས་གླེང་མོལ་བྱེད་བཞིན་ཉིན་གུང་གི་ཇ་སྐོལ་སྐབས་གློ་བུར་དུ་ཇ་འཕྱུར་བྱུང་། ངས་རྫ་མར་རྙོབ་འདོད་ནས་རྡོ་དེ་ཁོའི་ལག་ཏུ་བཞག་ནས་བསྙབས་པས་ཁོས་ཨ་ཚ་ཚ་རྡོ་འདི་ངར་འདུག་ཟེར། ང་རང་གིས་རེག་ན་ནི་ཚ་བའི་ཚོར་བ་གང་ཡང་མི་འདུག ང་ཡིད་མ་ཆེས་ནས་ནན་འདྲི་བྱས་ཚེ་རྡོ་འདི་དངོས་གནས་ངར་འདུག་ཟེར། སེམས་ལ་ཅི་ཡང་མེད་པའི་དགའ་བ་ཞིག་སྐྱེས་ནས་ངུས་པ་ཡིན། དེ་རྗེས་རྡོ་ལི་དེར་སྔར་ལས་ཀྱང་གཅེས་སེམས་ཤིག་སྐྱེས་ཏེ་རྒྱུན་པར་སྔགས་བཏབ་ཅིང་མཚན་མོར་ཡང་རུམ་དུ་བཟུང་ནས་ཉལ་བ་ཡིན། ཉིན་དེའི་ཡུལ་དེའི་མཇལ་བ་ཞིག་ཡོང་ནས་ཁོའི་སྐེ་ཕྲག་ན་གིན་འདུག་པས་ཁྱེད་ཀྱིས་ཞལ་ཕུ་ཞིག་འདེབས་རོགས་ཟེར། ངས་རྡོ་ལི་དེར་སྔགས་བཏབ་ནས་ཁོའི་སྐེ་ལ་རེག་པར་ཨ་ཚ་ཚ་ཇི་འདྲའི་ཚ་བོ་ཞིག་རེད་ཟེར། ང་རང་གི་སེམས་པར་ད་ནི་ངེས་པར་རིག་སྔགས་གྲུབ་པ་ཡིན་ནམ་སྙམ་ནས་དགའ་བ་ཞིག་དང་ལྷན་དུ་ཡུན་རིང་ངུས། ནད་པ་དེའི་ནད་ཀྱང་ཉིན་ཁ་ཤས་ནས་དྲག་སོང་ཟེར། དེས་མཆིམས་ཕུ་ན་སྔགས་པ་དེ་འདྲ་ཞིག་འདུག་ཅེས་མི་འགའ་ལ་བཤད་ཡོད་ཚོད་རེད། དེ་ནས་བཟུང་སྐབས་སྐབས་སུ་ནད་པ་འགའ་རེ་བསླེབས་ཡོང་གི ངེད་ཀྱིས་སྔར་བཞིན་རྡོ་དེས་ཕུར་བས་ནད་པ་མང་པོ་ནད་ལས་གྲོལ་སོང་།
སྤྱི་ལོ་༡༩༩༩ ལོ་སྟེ་ང་རང་ལོ་སོ་གསུམ་སྟེང་ནུབ་ཅིག་ཡང་གུ་རུ་རིན་པོ་ཆེ་ན་བཟའ་དཀར་པོ་གྱོན་པ་དབུ་ལ་པད་ཞུ་ཅན། སྐུ་ལུས་ཧ་ཅང་རིང་པོ། དབུ་ན་རལ་བ་རིང་པོ། ཕྱག་ན་འཁར་བ་རིང་པོ། མཆན་ཁུང་གཡོན་ན་ཁ་ཊྰཾ་ཀ་འཛིན་པ་ཞིག་བསླེབས་འོངས་ནས་ངེད་ཀྱི་མགོ་སྐྲ་ནས་བཟུང་སྟེ་ཀླད་ལ་འགའ་བསྐོར་ནས་མེ་དོང་ཞིག་གི་ནང་དུ་འཕངས། ངེད་སྐྲག་སྣང་ཆེན་པོ་ཞིག་སྐྱེས་ནས་ད་ཚིག་རན་ཐལ་བསམས། ཡང་བསམ་པར་ངས་རིག་སྔགས་འགྲུབ་ཡོད་པས་སྔགས་འདྲ་བཏོན་ན་མི་ཚིག་ནའང་ཐང་སྙམ་ནས་གུ་རུ་རིན་པོ་ཆེར་གསོལ་བ་འདེབས་བཞིན་རིག་སྔགས་བགྲངས། ཉེ་འཁོར་གྱི་ཤིང་རྣམས་ཡོངས་རྫོགས་ཚིག་ནས་སོལ་བར་གྱུར་ཀྱང་ང་མ་ཚིག་པར་ལྷགས། དེར་གུ་རུ་རིན་པོ་ཆེ་ཕེབས་འོངས་ཏེ་ཕྱག་མཁར་དེས་སོལ་བ་རྣམས་དཀྲུགས་ཏེ། འོ་ཁྱོད་མ་ཚིག་གམ་ཟེར། མ་ཚིག་ལགས་ཞུས་པས། འོ་འབྱུང་བ་མེ་ཡིས་མ་ཚིག་གྲུབ་རྟགས་བསྟན་ཟེར་བ་དེ་འདི་རེད། ད་ནི་ཁྱེད་ཀྱི་འགྲོ་དོན་དུས་སུ་བབས་པ་ཡིན་གསུངས། དེ་ནས་ཉིན་འགའི་རྗེས་སུ་ཡར་ལུང་ཤེལ་བྲག་ལ་སོང་ནས་ཟླ་བརྒྱབ་ལ་བསྒྲུབས་དུས་ནུབ་ཅིག་ཡང་རྨི་ལམ་དུ། ང་རང་མེ་ཏོག་དང་ལྗོན་ཤིང་སོགས་ཡོད་པའི་ས་སྐྱིད་པོ་ཞིག་ན་ཕ་ཡུལ་གྱི་མི་མང་པོ་དང་ལྷན་དུ་ཡོད། ཤར་ལྷོའི་མཚམས་ནས་འོད་ཆེན་པོ་ཞིག་བྱུང་ནས་ངའི་ལུས་ལ་ཐིམ་ཞིང་། འོད་ཀྱི་ལུས་ལ་ཡེ་ཤེས་སྙིང་པོ་ཅན། །གསལ་སྟོང་ཐུགས་ཀྱི་འོད་ཟེར་ཀུན་ལ་ཁྱབ། །ཅེས་སོགས་སྒྲ་མང་པོ་གྲགས་པ་རྨིས་ཀྱང་ཚིག་གཞན་རྣམས་དྲན་མི་འདུག དེ་ནས་བཟུང་གུ་རུ་རིན་པོ་ཆེ་འདྲ་བའི་བླ་མ་ཞིག་མཇལ་དགོས་སྣང་རྒྱུན་པར་སྐྱེས་འདུག དེ་རྗེས་བལ་ཡུལ་ཡང་ལེ་ཤོད་དང་རྒྱ་གར་རྩྭ་མཆོག་གྲོང་། ལུམ་བྷི་ནི་སོགས་གནས་ཆེན་རྣམས་ལ་གནས་སྐོར་བྱས་ཤིང་བདུན་མཚམས་རེར་བསྡད་པ་ཡིན། སྔ་གཞུག་ཏུ་ལོ་དགུ་ཙམ་ལ་སྒྲུབ་པ་རྩེ་གཅིག་ཏུ་བྱས། དེ་རྗེས་རྨི་ལམ་དུ་ཁང་གསར་རིན་པོ་ཆེ་འདི་དང་ཐེངས་མང་པོར་མཇལ་བའི་སྣང་བ་ཤར་འདུག སྤྱིར་རྫ་སྟོད་རྫོགས་ཆེན་མཁན་པོ་ཐུབ་བསྟན་རྣམ་རྒྱལ་དང་། མཁན་པོ་ཆོས་ཁྱབ། ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེ། རྫོགས་ཆེན་པདྨ་སྐལ་བཟང་སོགས་ཀྱི་མདུན་ནས་ཀྱང་ཆོས་འབྲེལ་རེ་ཐོབ་མྱོང་། འོན་ཀྱང་སེམས་ཁྲིད་ཞིབ་མོ་ཞིག་ཐོབ་མ་མྱོང་། རྨི་ལམ་འདི་ཚོས་རྐྱེན་བྱས་ནས་ཁང་གསར་རིན་པོ་ཆེ་འདིར་དད་འདུན་གཞན་ལས་ཆེ་འདུག་པས་ངའི་ཚེ་རབས་ལས་ཀྱི་བླ་མ་དེ་འདི་ཨེ་ཡིན་སྙམ་འདུག ཅེས་གསུངས།
ལྷ་སར་འགྲོ་དུས་ཁྱེད་དགུང་ལོ་ཅི་ཡིན་ཞུས་པས། ལོ་བཅུ་བཞིའི་སྟེང་ཡིན་གསུངས། ངེད་ཀྱི་སེམས་ལ་བུ་བཟང་པོ་དེས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་འདྲ་རྒྱུ་མི་འདུག རྗེ་མི་ལ་རས་པས་ཀྱང་འཇིག་རྟེན་སྒྲུབ་དུས་མཐུ་བསླབས་ཏེ་རང་གི་དགྲ་སྡེ་ཡོངས་རྫོགས་ཐལ་བའི་རྡུལ་དུ་བརླགས། སྒྲིབ་སྦྱོང་བྱེད་དུས་བླ་མའི་བཀའ་བཞིན་མཁར་ལས་བྱས་ཤིང་སྐུ་རྒྱབ་ཐེངས་མང་བརྡོལ་ཡང་སྡུག་རུས་བྱས་ནས་སྙིང་སྟོབས་བསྐྱེད་དེ་བླ་མའི་གསུང་གི་ཟུར་ཙམ་ཡང་མ་བཅགས། སྒྲུབ་པ་མཛད་དུས་ལྟོ་སྐྱ་གོས་ཧྲུལ་གྱིས་ཉམས་ལེན་རྡོ་རུས་ཐུག་པ་བྱས་ཏེ་ཚེ་གཅིག་ལུས་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ། དམ་པ་འདིའང་དང་པོ་ནས་སྙིང་སྟོབས་དང་སྡུག་རུས་ཆེ་ཚུལ་ལ་ལྟོས་དང་། དགུང་ལོ་བཅུ་བཞིའི་སྟེང་ནས་བརྐྱངས་ཕྱག་བཙལ་ཏེ་རི་ཆུ་སྟོང་ཕྲག་མང་པོ་བརྒལ་ནས་སྟོད་དབུས་གཙང་གི་ཕྱོགས་སུ་ཕེབས་པའི་སྙིང་སྟོབས་ལ་བསམས་ན་རིག་སྔགས་འགྲུབ་པའི་གདེང་ཚོད་དང་ཡིད་ཆེས་ཤིག་ཡོད་ཆོག་ཆོག་རེད། མཚམས་བསྙེན་སྒྲུབ་བྱེད་དུས་ཀྱང་ངེས་པར་གཞན་དང་མི་འདྲ་བའི་སྡུག་རུས་བྱས་ཏེ་སྒྲུབ་པ་རྩེ་གཅིག་བྱས་ཡོད་ཚོད་རེད། དཀོན་མཆོག་གི་བྱིན་རླབས་ལ་ཕྱོགས་རིས་མེད་ཀྱང་སྒྲུབ་པ་པོའི་སྙིང་སྟོབས་དང་སྡུག་རུས་ཆེ་ཆུང་གིས་འབྲས་བུ་དངོས་གྲུབ་ཐོབ་ཚུལ་ཡང་འདི་ལྟ་བུ་ཁྱད་སོང་། རང་རེའི་ཤིང་ཁ་ཤོག་ལྕེས་བཟླས་པའི་ཅི་ཙམ་བྱས་ཀྱང་འབྲས་བུ་འདི་རེད་ཅེས་རྨི་ལམ་བཟང་པོ་ཙམ་ཡང་རྨི་རྒྱུ་མེད་པ་འདི་དཀོན་མཆོག་གིས་ལན་པ་ག་ལ་ཡིན། ལུས་སེམས་རྩེ་གཅིག་པའི་བརྩོན་འགྲུས་དྲག་པོ་དང་ཡིད་གཉིས་ཐེ་ཚོམ་མེད་པ་དེའི་གྲུབ་འབྲས་མངོན་དུ་གྱུར་པ་འདི་ཨེ་མ་ཇི་འདྲའི་ངོ་མཚར་ཆེ་ཨང་སྙམ།
ཡང་ཁྱེད་ཀྱིས་རིག་སྔགས་ཅི་ཞིག་བཟླས་པ་ཡིན་ཞུས་པས། བཟླས་ཆོག་རྡོ་རྗེའི་གོ་ཁྲབ་དང་གུ་རུ་སིདྡྷི། གུ་དྲག་བསྙེན་པ། རྟ་མགྲིན་བསྙེན་པ་སོགས་གཙོ་བོར་བསྒྲུབས་པ་ཡིན། ས་ཆ་སྟོད་སྨད་བར་གསུམ་གྱི་ནད་པ་རྣམས་ལ་སྔགས་བཏབ་ནས་ལོ་དགུ་ཙམ་འགོར་སོང་གསུངས། ཁྱེད་ཀྱི་མེ་ལོང་འདིར་སྔགས་བཏབ་དུས་རེག་བྱ་ཚ་བ་ཡིན་མིན་གྱི་ཁྱད་པར་ཅི་རེད་ཞུས་པས། དེ་ནི་ཞི་སྔགས་དང་དྲག་སྔགས་ཀྱི་ཁྱད་པར་ཡིན་འདུག ནད་པ་རྣམས་ལ་དང་པོར་ཞི་སྔགས་ཀྱིས་བསྔགས་ཤིང་མཐར་དྲག་སྔགས་ཀྱིས་བསྔགས་ན་ཕན་ཐོགས་ཆེན་པོ་འདུག་གསུངས། དྲག་སྔགས་འདི་བཏབ་ནས་ཕུར་ན་རེག་བྱ་ཧ་ཅང་ཚ་བ་བཟོད་དཀའ་བ་རེད་འདུག་ཀྱང་ང་རང་ལ་ནི་ཚོར་བ་གང་ཡང་མི་འདུག ང་རང་ལའང་ན་ཚ་ཕན་ཐོགས་རྒྱུ་མ་རེད་མོད་ཧ་ཧ་ཧ་གསུངས་ནས་བཞད།
ཆེས་མཐོའི་མགོ་ཁྲིད་པ་ཞིག་ལ་སྔགས་བཏབ་པ་བདེན་ནམ་ཞུས་པར། འོ། དེ་བདེན་པ་ཡིན་ཞེས་དེའི་གནས་ཚུལ་རྒྱས་པར་གསུངས་ཀྱང་འདིར་རེ་ཞིག་ཞིབ་ཏུ་མ་བཀོད། རྗེ་ཀརྨ་པས་རྒྱ་གར་ནས་གཞན་ལ་ངེད་ཀྱི་རྒྱུ་མཚན་གསུངས་འདུག དེའི་ཕྱིར་བླ་མ་མང་པོས་ངེད་རྒྱ་གར་ལ་ཡོང་ཐབས་ཤིག་ཡོད་ན་ཞེས་གསུངས་པས། རྗེས་སུ་༢༠༠༢ལོར་རྒྱ་གར་ལ་ཕྱིན་པ་ཡིན། ཀུན་གྱིས་གཙིག་ཆེན་ཡ་མཚན་པ་བྱས་སོང་། བླ་མ་བདག་ཉིད་ཆེན་པོའི་མགུལ་མི་བདེའི་ཚུལ་མཛད་པར་ཉིན་དྲུག་ལ་སྔགས་བཏབ་ནས་གཞི་མེད་དུ་སངས། ཐུགས་མཉེས་ཚུལ་བསམ་གྱིས་མི་ཁྱབ་པ་གནང་། དཀོན་མཆོག་གི་བདེན་སྟོབས་ལ་བསླུ་བ་མེད་ཀྱང་སྙིགས་མའི་དུས་སུ་འདི་འདྲ་མངོན་དུ་འགྱུར་དཀའ་བས་ངོ་མཚར་ཆེན་པོ་རེད། ཁྱོད་ལ་སྔོན་གྱི་ལས་འཕྲོ་དང་སྨོན་ལམ་ཡག་པོ་ཞིག་མེད་ན་སྔགས་རྐྱང་བ་བཟླས་པས་འདི་འདྲ་འགྲུབ་དཀའ་ཞེས་གསུངས་ཤིང་ཐུགས་དགྱེས་ཚུལ་དཔག་མེད་མཛད་དེ་སྤྱན་ཆབ་ཀྱང་མང་དུ་བསིལ། ཁོང་ལ་ཨ་མེ་རི་ཀ་ན་ཡོན་བདག་ཅིག་ཡོད་པ་ནད་ཀྱིས་ཐེབས་འདུག་པས་ཁྱོད་ཀྱིས་སྔགས་ཐུབ་བམ་གསུངས། ཁྱེད་ཀྱིས་བརྟག་པ་ཞིག་མཛོད་དང་ཕན་ཐོགས་ན་སྔགས་ལོས་ཐུབ་ཞུས་པར། ཁོང་གིས་བརྟག་པ་ཞིག་མཛད་དེ་བརྟགས་འབྲས་ཡག་པོ་འདུག་གསུངས། དེ་མ་ཐག་ཞལ་པར་གནང་སོང་། ཕྱི་ཉིན་ཕྱི་རྒྱལ་གྱི་མི་ཞིག་བསླེབས་སོང་། ངས་ཉིན་ཉི་ཤུ་ཙམ་ལ་བསྔགས་པས་དེའི་ནད་ཅི་ཡིན་མ་དྲིས་ནད་མེད་སངས་དྲག་རེད་སོང་། ཀུན་ཀྱང་དགྱེས་ཚོར་དཔག་མེད་མཛད། དངོས་གནས་བླ་མ་དཀོན་མཆོག་གི་བདེན་སྟོབས་ལ་བསླུ་བ་ནི་གང་ཡང་མི་འདུག ནད་གང་ལའང་ཕན་ཐོགས་ཀི ཁྱད་པར་བཅོས་མེད་ཀྱི་ནད་སྐྲན་ནད་དང་གཉན་ནད། གཅིན་པ་མངར་འགྱུར། སྙིང་ནད་ཅན་དང་སྨྱོན་པ་སོགས་ལ་ཕན་ཆེན་པོ་ཐོགས་ཀི སྨན་ཁང་མང་པོས་བཅོས་ཐབས་མེད་ཅེས་ཡི་གེ་བྲིས་ཐམ་ཀ་བརྒྱབ་ཡོད་པ་དེ་འདྲ་མང་པོ་དྲག་ཏུ་བཅུག་མྱོང་། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་གཙོ་འཛིན་ཞིག་གི་ཆུང་མར་སྒལ་སྲིན་གྱིས་ན་འདུག་པས་ངེད་ཀྱི་སར་བསླེབས་སོང་བ་ཡག་པོ་དྲག་སོང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་དཔོན་པོ་དབང་ཆ་ཅན་དེ་འདྲ་འགའ་རེ་ཡང་ནད་སྟོན་དུ་བསླེབས་སོང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་གཙོ་འཛིན་རྡོ་རྗེ་རབ་བརྟན་ལ་གཅིན་པ་མངར་འགྱུར་གྱི་ནད་བྱུང་བ་ངེད་ཀྱིས་བསྔགས་ནས་ད་ལམ་སངས་དྲགས་རེད་འདུག དེ་བཞིན་རྒྱལ་ཕྱི་ནང་གི་ནད་པ་རྒན་དར་གཞོན་གསུམ་དང་དེ་བཞིན་བླ་ཆེན་དཔོན་ཆེན་ཚོང་ཆེན་སོགས་མང་པོར་སྔགས་བཏབ་མྱོང་། སྤྱི་ཁྱབ་ནས་ནད་པ་བརྒྱ་ཆའི་སུམ་ཅུ་བཞི་ཅུ་ཙམ་ལ་ཕན་ཐོགས་པ་ཁག་ཁུར་བྱེད་ཐུབ་པ་ལྟ་བུ་ཞིག་རེད། ཕྱི་རྒྱལ་ནས་ཀྱང་གདན་ཞུའི་ཁ་པར་དང་ཡི་གེ་དེ་འདྲ་ཡོང་སོང་ལ། ཁོ་ཚོས་བཤད་ན་ངེད་ཀྱི་ས་བསྔགས་དང་ཆུ་བསྔགས་འདི་ཚོ་ནད་གང་ལའང་ཕན། ནུབ་སྨན་ལྟ་བུ་གཅིག་ལ་ཕན་ན་གཅིག་ལ་གནོད་པ་ལྟ་བུ་ཞིག་མ་རེད་ཟེར། འདི་ནི་ང་གཅིག་པོའི་ཡོན་ཏན་ག་ལ་ཡིན། འདི་ནི་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་བདེན་སྟོབས་ཀྱི་འོད་ཟེར་རེད། འདི་སྒོར་མོའི་ཆེད་དུ་བཙོང་ག་ལ་ཉན། ནད་པ་རེ་རེའི་ཟུག་རྔུ་བཅོས་ཐབས་ཤིག་ཡོད་ཀྱང་དེ་ནི་དགེ་བ་བསམ་གྱིས་མི་ཁྱབ་པ་རེད་བསམ་གིན་ཡོད། དཀའ་ཚེགས་ལའང་འཛེམ་གྱི་མེད། དེ་དག་གིས་བྱིན་པའི་རྒྱུ་ནོར་ཡང་ཆུད་ཟོས་སུ་མ་བཏང་བར་དཀོན་མཆོག་གི་སྐུ་གསུང་ཐུགས་རྟེན་སྣ་ཚོགས་བཞེངས། སྨན་ཁང་དང་སློབ་གྲྭ། དགོན་པ་དང་བཤད་གྲྭ། དབུལ་བོ་ནོར་མེད་སོགས་ལ་འབུལ་བཞིན་ཡོད། ང་རང་གིས་ཚ་རུ་ཡག་པོ་ཞིག་ཀྱང་གྱོན་བྲ་གི་མེད། ང་ལ་དེང་སང་དགོན་པ་མང་པོས་ཁོང་ཚོའི་སྤྲུལ་སྐུ་ཡིན་ཞེས་སྐུ་བདག་བྱེད་མྱོང་། ང་ལ་སྤྲུལ་སྐུ་རེད་ཅེས་བཤད་པས་དགའ་རྒྱུ་དང་མ་རེད་ཅེས་པས་སྡུག་རྒྱུ་མེད། གང་ལྟར་བླ་མ་དཀོན་མཆོག་ལ་ཡིད་ཆེས་པའི་དད་པ་གཙང་མ་ཞིག་ཡོད་སྟོབས་ཀྱིས་རིག་སྔགས་ཀྱི་ནུས་པ་འདི་མངོན་སྟོབས་སུ་གྱུར་པ་རེད། འདིས་སེམས་ཅན་རེ་རེ་ལའང་ཕན་རེ་ཨེ་ཐོགས་སྙམ་པ་ནི་དམིགས་ཡུལ་ཉག་གཅིག་ཡིན། དེ་ལས་གཞན་པའི་བསམ་ཚུལ་དང་རེ་བ་གང་ཡང་མེད་ཅེས་གསུངས།
དེ་ནས་བཟུང་ངེད་གཉིས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་སོང་ཞིང་ཐུགས་བརྩེ་བ་མཛད་འདུག ངས་ཁོང་ལ་མགོན་པོ་ཚེ་མཐའ་ཡས་པའི་སྐུ་བརྙན་བྱོན་ལེགས་ཤིག་དང་བཞུགས་གདན་སོགས་ཕུལ་ཞིང་བསྟན་འགྲོའི་དཔལ་དུ་ཞབས་པད་ཡུན་རིང་བརྟན་པའི་ཞུ་བ་ཕུལ། ཁྱད་པར་དུ་སྤྲུལ་སྐུ་ཡིད་བཞིན་ནོར་བུ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་འདི་ང་ལ་བཀའ་དྲིན་ཤིན་ཏུ་ཆེ། ཁོང་སྐུ་བསྙུང་བཞེས་ནས་ལོ་མང་པོ་འགོར་སོང་། སྨན་པ་སུས་ཀྱང་ཕན་ཆེན་པོ་ཐོགས་མི་འདུག གཞན་ཡང་མཁན་པོ་བསོད་དར་རྒྱས་ཀྱང་དེ་འདྲ་སྙུང་བཞིན་ཡོད་པས། གལ་ཏེ་རྗེས་སོར་ཁོང་གཉིས་ཁྱེད་ཀྱི་མདུན་སར་བྱོན་ཐབས་རེ་ཡོད་ན་ཐུགས་ལ་ནན་འཛིན་བྱེད་དགོས་ཞུས་པར། ཁོང་གིས་ཐུགས་དགྱེས་ཚུལ་མཛད་དེ་ཡ་ཡ་གོ་གོ་གསུང་བཟང་སླད་མེད་གནང་། དེ་རྗེས་ང་རང་པེ་ཅིན་དུ་འབྱོར་ཞིང་ཁ་པར་གྱི་ལམ་ནས་སྤྲུལ་པའི་སྐུ་རིན་པོ་ཆེར་རྒྱུ་མཚན་རྣམས་ཞིབ་པར་ཞུས། ཁོང་ཐུགས་ཤིན་ཏུ་དགྱེས་ཚུལ་མཛད་དེ་ངོ་མཚར་ཆེ། ཁྱེད་ཀྱིས་ཁོང་རང་རེའི་ཆོས་སྒར་འདིར་གདན་འདྲེན་ཞུ་ཐུབ་ན་བླ་མ་མུ་མཚོའི་བསྙུང་གཞི་ལ་ཡང་ཕན་རེ་ཐོགས་ལས་ཆེ། གཞན་པའི་ནད་པ་ཚབས་ཆེན་ཡང་མང་པོ་འདུག བཞུགས་ས་སྣེ་ལེན་སོགས་ཅི་དགོས་ངེད་ཅག་གིས་གྲ་སྒྲིག་བྱེད། ངེད་ཀྱིས་རླངས་འཁོར་བསུ་མར་མངག་ཆོག་ཅེས་གསུངས། དེ་ནས་ཕྲན་གྱིས་ཁོང་ལ་ཁྱེད་བླ་རུང་ཆོས་སྒར་ཆེན་མོར་ཕེབས་དགོས་ཚུལ་ཞུས་པར། བསུ་མ་གང་ཡང་མི་དགོས། ང་རང་ལ་རླངས་འཁོར་ཡོད། ཉིན་དྲུག་གི་རྗེས་ནས་བསླེབ་འོང་གསུངས། ཉིན་འགའི་རྗེས་སྤྲུལ་སྐུ་རིན་པོ་ཆེའི་ཞལ་པར་ཞིག་བསླེབས་འོངས་ནས་བླ་མ་ཕེབས་བྱུང་གསུངས། ཇི་འདྲ་རེད་ཞུས་པར། འོ། ཧ་ལས་པ་ཞིག་རེད། ངོ་མས་ངོ་མཚར་ཆེན་པོ་འདུག དེང་གི་དུས་རིག་སྔགས་ཀྱི་རྣལ་འབྱོར་བ་འདི་འདྲ་ཞིག་སྲིད་པ་ནི་ཡ་མཚན་རེད། ང་ལའང་སྔགས་བཏབ་སོང་། བླ་མ་མུ་མཚོ་དང་མཁན་པོ་འཆི་མེད་རིག་འཛིན། མཁན་པོ་བསོད་དར་རྒྱས་སོགས་ལའང་སྔགས་བཏབ་སོང་། གཞན་པའི་ནད་པ་མང་པོར་སྔགས་བཏབ་པས་ལ་ལར་ཕན་བཟང་པོ་ཐོགས་སོང་ཟེར། ལ་ལར་ཕན་ཆེན་པོ་མ་ཐོགས་ཟེར། ང་ལ་ནི་ཕན་ཐོགས་སོང་བ་འདྲ། ཁོང་ཉིན་མང་པོར་བཞུགས་ཁོམ་མེད་པས་རྗེས་སུའང་ཁོམ་སྐབས་ཤིག་ལ་ཕེབས་འོང་གསུངས་འདུག བླ་མ་ཐུགས་རྒྱུད་དྲང་པོ་ཆེ་མཐོང་མེད་པས་བཟང་པོ་ཞིག་རེད་ཅེས་ཐུགས་དགྱེས་ཚུལ་དཔག་མེད་མཛད།
ཕྱི་ཉིན་མཁན་པོ་བསོད་དར་རྒྱས་ལ་ཁ་པར་གྱི་ལམ་ནས་དྲིས་པར་ཁོང་གིས་ཀྱང་དེ་བཞིན་གསུངས། དེ་འདྲའི་ཁྱད་ཆོས་ཅན་ཞིག་ཡིན་སྣང་མ་ཤར། ངེད་ཅག་ལ་བྱ་བ་མང་བས་སྣེ་ལེན་བཟང་པོ་ཞིག་ཀྱང་མ་ཡོང་། ངའི་ནད་གཞི་ལ་ཕན་ཞིག་ཐོགས་སོང་བ་འདྲ་བས་ཐུགས་རྗེ་ཆེ་གསུངས། ཟླ་འགའི་རྗེས་སུ་སྤྲུལ་སྐུ་རིན་པོ་ཆེར་ཡང་ཁམས་འདྲི་ཞིག་ཞུས་པར། སྔར་ལས་ཇེ་བདེར་བྱུང་སོང་། ཟླ་ཕྱེད་ཙམ་ལ་ཕན་བཟང་པོ་ཞིག་ཐོགས་སོང་། འོན་ཀྱང་ནད་གཞི་སངས་དྲག་བྱེད་མ་ཐུབ་ཐལ། གང་ལྟར་ངེད་ཀྱི་ནད་འདི་རྒྱ་བོད་སོག་གསུམ་གྱི་ནད་པ་དང་། ལག་ཐབས་པ་རྩ་རླུང་མཁན་པོ་སོགས་ཆེས་མང་པོར་བསྟན་ཀྱང་སྔགས་པ་འདིས་ཕན་ཐོགས་པ་ལྟ་བུ་དེ་སྔོན་སུས་ཀྱང་ཕན་ཐོགས་མ་མྱོང་། ཨ་ཞང་ཁྱེད་གཉིས་ལ་ཕན་ཐོགས་ཨེ་འདུག་གསུངས། ཨ་ཞང་ལ་ཕན་ཆེན་པོ་མ་ཐོགས་ཀྱང་ངའི་མཆིན་པ་ད་དུང་སྔར་བཞིན་ན་འདུག་ཀྱང་ཕལ་ཆེར་སྙིང་ཁམས་ལ་ནི་ཕན་བཟང་པོ་ཞིག་ཐོགས་སོང་བ་འདྲ། ཕ་ཡུལ་གྱི་མི་མང་པོར་ཕན་ཆེན་པོ་ཐོགས་འདུག་ཟེར་ཚུལ་ཞུས།
དེ་རྗེས་བླ་མ་ཨ་ཁྱུག་རིན་པོ་ཆེའི་སྒར་གྱིས་ཀྱང་གདན་འདྲེན་ཞུས་ཤིང་ནད་པ་མང་པོའི་ཟུག་རྔུ་བསལ་ཚུལ་གཞན་གྱི་ངག་ལས་ཐོས་ཀྱང་ཞིབ་པར་མ་ངེས། དེ་རྗེས་ངེད་གཉིས་ཟི་ལིང་དང་ཁྲིན་ཏུ། པེ་ཅིན་སོགས་ནས་ཐེངས་མང་པོར་མཇལ་ཞིང་རྒྱས་ཀྱང་ཆེ་ཙམ་བྱུང་། ཉིན་ཞིག་ངེད་ཅག་ཁོང་གི་རླངས་འཁོར་དུ་བསྡད་ནས་ཟི་ལིང་དུ་འགྲོ་བའི་ལམ་བར་ཞིག་ནས་ཡུད་ཙམ་ངལ་གསོས་པར་ངས་རྡོ་ལི་སྔོ་ཁྲ་ཆུང་ཆུང་ཞིག་རྙེད་པས། འདི་མཆོང་ལ་ཞིག་འདྲ་འམ་ཞུས་པར་ག་རེ་ངའི་ལག་ཏུ་ཞོགས་དང་གསུངས། ཕྱག་ཏུ་བཟུང་ནས་ཞལ་ཕུ་མཛད་དེ་ང་ལ་ཕྱིར་གནང་བར་ཚ་བོ་རེག་མི་བཟོད་པ་ཞིག་རེད་འདུག་ལ་སྐར་མ་གཉིས་ཙམ་ནས་རིམ་གྱིས་དྲོད་ཡལ་སོང་། ཐེངས་ཤིག་ནད་པ་ཞིག་ལ་སྔགས་འདེབས་སྐབས། གཏེར་ཆུ་དམ་བུ་གསུམ་ཙམ་ཀ་ཏོ་ར་ཞིག་གི་ནང་བླུགས་ནས་ང་ལ་ལྟོས་ཨང་གསུངས། བལྟས་པར་ཁོང་གི་ཞལ་ཕུ་ཆུ་ནང་དུ་བཏབ་པར་ཚེག་ཚེག་ཚེག་བྱས་ནས་ཆུ་དེའི་ནང་ནས་ཝུ་བ་འདྲ་བྱུང་སྟེ་གདུ་གྲབ་བྱེད་བཞིན་འདུག ཕལ་ཆེར་ཡུན་རིང་ཙམ་བསྔགས་ན་གདུས་འཇོག་གི་སྙམ་པ་ཞིག་རེད། ཕྱི་ཉིན་ཕྲན་གྱིས་ཁོང་ལ་ཁ་སང་གི་ནད་པ་དེ་ག་འདྲ་རེད་ཅེས་དྲིས་པར། ངའི་མདང་གི་རྨི་ལམ་ལ་བརྟགས་ན་ཕན་ཐོགས་ས་མ་རེད་ཀོ་གསུངས། ཏག་ཏག་ཉིན་ལྔ་ཙམ་ལས་ནད་པ་ཕྱི་མར་བུད་སོང་། ཡང་ཐེངས་ཤིག་ནད་པ་ཞིག་ལ་མེ་ལོང་གིས་འཕུར་སྐབས་ནད་པ་ཨ་ཚ་ཟེར། ཁོང་བཞད་མོ་ཅུང་མཛད་དེ། འོ། འོ། འོ། ངས་སེམས་ཆུང་མ་བྱས་པ་རེད་གསུངས་ནས་ཞལ་ཕུ་འགའ་བཏབ་ནས་ཕུར་བས་དེ་མ་ཐག་འཁྱག་པོར་ལོག་སོང་། ངས་ཁོང་ལ་ཁྱེད་ཀྱིས་ཅི་ལྟར་མཛད་ཞུས་པར། ཁོང་གིས་ངས་སེམས་གཏད་པ་ཙམ་གྱིས་ཚ་གྲང་ཅི་བྱས་ཀྱང་ཆོག་གསུངས། ཐེངས་ཤིག་རྒྱ་མོ་དགེ་བསྙེན་མ་ཞིག་གིི་ཕྲེང་བར་སྔགས་འདེབ་ཏུ་བཅུག་པར། དྲགས་སྔགས་ཀྱིས་བཏབ་པ་ཡིན་འདུག་སྟེ་ཕྲེང་ཐག་སི་སྐུད་ཅིག་འདུག་པ་ཞུ་ནས་ལོག་ལོག་ཅིག་ཆགས་འདུག
སྤྱི་ལོ་༢༠༠༩ལོའི་སྟོན་ཁར་ཁྲིན་ཏུ་ནས་ནད་པ་འགའ་ལ་སྔགས་འདེབ་སྐབས་ཕལ་ཆེར་ནད་པ་མང་ཕྱོགས་དྲག་སོང་བ་འདྲ། དེའི་ནང་ན་བྲག་མགོ་ནས་ཡིན་ཟེར་བའི་སྐྱེས་པ་རལ་བ་ཅན་ཞིག་འདུག་པས་ཕྱི་ཉིན་ང་ལ་བརྗོད་རྒྱུར། ང་ཁར་ཉིན་མགོ་ན་ནས་ཅུང་མིན་ན་ཤི་སོང་། ངོ་མས་འཆི་ཚད་བྱེད་ཀི གཉིད་ཅིག་གཞི་ནས་ཡོང་ནི་མ་རེད། ནུབ་མོ་པགས་རས་རློན་པ་མགོ་ཐོག་ཏུ་བཞག་ནས་ཉལ་དགོས་ཀི མགོ་གཟེར་སྟོབས་ཀྱིས་ཚད་པ་སྐྱེས་ཏེ་པགས་རས་རློན་པ་སྐམ་པོ་ཆགས་ཏེ་མཚན་རེར་ཐེངས་མང་པོར་བརྗེ་དགོས་ནི་རེད། ཁྲིན་ཏུ་ལ་མི་ཐོན་ཙམ་ཞིག་བྱས་སོང་། ཁ་སང་བླ་མ་འདིས་བསྔགས་རྗེས་མགོ་གཟེར་གཞི་ནས་འཇམ་སྟེ་མདང་གཉིད་སྐྱིད་པོ་ཞིག་ཡོང་ཐལ། པགས་རས་ཀྱང་འཇོག་མ་དགོས། དེ་རིང་མགོ་དྭངས་ཡག་རེད། སྣང་བའང་སྐྱིད་པོ་ཞིག་རེད། འོན་ཀྱང་མཆིན་པ་འདི་ད་དུང་ན་འདུག་པས་སྐུ་ཚེ་རིང་ཁྱེད་ཀྱིས་ཁོང་ལ་ད་དུང་ཞུ་རོགས་ཤིག་བྱེད་ཨེ་ཐུབ་ཟེར། ཡང་རྒྱ་རོང་བ་མིང་ལ་ཕུན་ཚོགས་ཟེར་བ་ཁྲིན་ཏུ་ཤམ་བྷ་ལའི་ཟ་ཁང་གི་མ་ཆེན་ཞིག་གིས་ལག་པའི་ཚིགས་དང་རྐང་བ་ན་འདུག་པས། རིན་པོ་ཆེས་བསྔགས་པའི་ཕྱི་ཉིན་ནས་ཇེ་དྭངས་ཇེ་དྭངས་སུ་གྱུར་ཏེ། ཉིན་འགའི་རྗེས་ནས་གཞི་མེད་དུ་དྲག་སོང་། ཕྲན་གྱིས་ད་སྐབས་ཐེངས་མང་པོར་ཁོ་ལ་ཅི་འདྲ་རེད་དྲིས་པར། ད་ནི་རྐང་ལག་གཉིས་ཀ་ནད་མེད་དུ་དྲག་འདུག་ཟེར། འདི་འདྲ་མང་པོ་ཞིག་རང་གིས་མངོན་སུམ་དུ་མཐོང་། ཐེངས་རེར་དྲག་སྔགས་གསུང་དུས་གསང་བ་འདྲ་ཞིག་གནང་སྟེ་ཁང་སྒོ་བསྡམས་ཤིང་ཕྲེང་བའང་ན་བཟའི་འོག་ཏུ་བགྲང་འདུག་པས་སྐབས་རེར་ཕྲེང་བའི་ནང་ནས་མེ་སྟག་མཆེད་འདུག་པ་མཐོང་ཐུབ། འདིའི་རིགས་ཆེས་མང་པོ་མཐོང་ཡང་དེ་ཙམ་ལས་མ་བྲིས།
ད་ལོ་སྤྱི་ལོ་༢༠༡༠ ལོའི་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིན་ཟི་ལིང་ནས་ངེད་ཅག་ཡང་སྐྱར་ཞལ་མཇལ་བྱུང་ཞིང་། རྩོམ་པ་པོ་གངས་ཞུན་དང་སྐད་གཉིས་སྨྲ་བ་སྐུ་ཞབས་བསོད་ནམས། མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་གཙོ་འཛིན་པ་རྒན་རྡོ་རྗེ་ཚེ་བརྟན་སོགས་ངེད་ཅག་ཡུན་རིང་བོར་གླེང་མོལ་བྱས། ཁོང་གི་ཞལ་ནས། ཁ་སང་ཡག་པོ་བྱས་ཡོད། སྐུ་ཞབས་པེ་ཙོང་གིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་གཙོ་འཛིན་གཞོན་པ་ཟ་ལར་རིགས་ཁ་ཆེའི་ཆོས་ལུགས་པ་མ་ཧྥུ་ཧེ་ཞེས་པ་ངེད་ཀྱི་སར་ཁྲིད་འོངས། ཁོས་རྐུབ་སྟེགས་སྟེང་ནས་ང་ལ་ལག་འཇུ་བྱས། ཁྱོད་ཀྱི་སྔགས་ནུས་དེ་ང་ལ་སྟོན་དང་ཟེར། ངས་ལྕགས་ཕུར་ལ་སྔགས་བཏབ་ནས་ཚ་བོ་བྱས་ཏེ་ལག་ཏུ་བཞག གསེར་དངུལ་ཟངས་ལྕགས་གང་ལ་སྔགས་བཏབ་ཀྱང་འདི་ལྟར་ཚ་བོར་འགྱུར་འགྲོ་ཞེས་ལབ་པར། མིག་འཕྲུལ་དང་གཡོ་སྒྱུ་སོགས་རེད་སྙམ་པ་ལོས་ཡིན། དེ་ཙམ་ཡིད་མ་ཆེས་པ་འདྲ། མ་ཟད་ང་རང་གི་ལག་པར་སྔགས་བཏབ་ཀྱང་ཚ་བོ་རེད་འགྲོ་ཞེས་ལབ་པར། ག་ལ་སྲིད་ཟེར། ངས་རང་གི་ལག་པར་སྔགས་བཏབ་ནས་ཚ་བོ་བྱས་ཏེ་ཁོའི་ལག་པར་ཚམ་ཚོམ་མེད་པར་འཇུས། ཁོའི་ལག་པ་བསྲེགས་ཏེ་ངའི་ལག་ངོའི་རི་མོ་རྣམས་ཀྱང་ཁོའི་ལག་པའི་ངོར་དོད་འདུག ཁོས་ཨ་ཚ་ཚ་ཟེར་བཞིན་ལག་པ་སྤྲུག་བཞིན་གློ་བུར་དུ་རྐུབ་སྟེགས་སྟེང་ནས་མར་བབས་ཏེ་ང་ལ་མགོ་བསྒུར་ཞིང་། དངོས་གནས་ཡ་མཚན་ཆེན་པོ་འདུག བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་ཆོས་དེ་རིང་བར་མ་མཐོང་། དེ་རིང་ནས་བཟུང་ང་ཁྱེད་ལ་ཡིད་གཏིང་ནས་ཆེས་པ་ཡིན། ཕྱིན་ཆད་ཁྱེད་ལ་ཞབས་ཞུ་རོགས་སྐྱོར་ཅི་དགོས་ཀྱང་བྱེད་ངེས་ཡིན་ཟེར། ཁ་སང་གངས་ཞུན་ངེད་ཅག་ལྷན་དུ་ཡོད་གསུངས། གངས་ཞུན་གྱིས། ཨོ་ཧོ་ཧོ། དེ་གཞན་ལ་བཤད་ཨེ་ཉན་མི་ཤེས་ཀོ་ཟེར། ཁོང་གིས་སྐྱོན་མེད། མ་ཧྥུ་ཧེ་ཁོ་རང་གིས་གཞན་ལ་བསྒྲག་དགོས་ཟེར་གསུངས། གངས་ཞུན་གྱིས། ཁ་སང་རིན་པོ་ཆེས་ངོ་མས་ཁྱད་ཆོས་བསྟན་ཐལ། མ་ཧྥུ་ཧེ་གཏིང་ནས་ཡིད་མི་ཆེས་ག་མེད་བྱུང་སོང་ནི་རེད། དངོས་གནས་ཁྱད་ཆོས་འདི་ཡ་མཚན་པ་ཞིག་རེད། ན་ནིང་ཡང་རིན་པོ་ཁོང་གིས་ང་ལ་འདི་ལྟར་གསུངས་མྱོང་། ཁྱོད་ཚོ་ཟི་ལིང་གྲོང་ཁྱེར་ན་ནང་པའི་ཆོས་ལ་ཡིད་མི་ཆེས་པ་མང་པོ་ཡོད་ཟེར། དེ་ཚོ་ཚང་མ་ཁྲིད་ཤོག་དང་ངས་ཡིད་ཆེས་ཀི་འཇུག་གསུངས་པ་རེད་ཟེར།
ལོ་ཙྰ་པ་བསོད་ནམས་ཀྱིས་ཀྱང་། ང་རང་གིས་སྔོན་ཆད་ཀྱང་བླ་མ་མ་པོའི་སྐད་སྒྱུར་བྱས་ནས་རྒྱལ་ཁབ་མང་པོར་ཕྱིན་མྱོང་། འོན་ཀྱང་བླ་མ་འདིའི་ཁྱད་ཆོས་གཞན་དང་བསྡུར་ན་བསྡུར་ཐབས་མེད་པ་ལྟ་བུ་ཞིག་རེད། ཕྱི་རྒྱལ་གྱི་མི་ཚོ་ཧ་ལས་འགྲོ་གི་གསུངས་ནས་གཏམ་རྒྱུད་སྙན་མོ་ཞིག་གླེང་བའི་མགོ་བརྩམས། ཐེངས་ཤིག་ཁ་ན་སྒྲ་རྒྱལ་ཁབ་ཀྱི་ཚོང་བ་ཆེ་ཤོས་རྗིམ་ཞོ་ཞེས་པ་དེ་མཆིན་པའི་སྐྲན་ནད་ཀྱིས་བཟུང་ནས་རྒྱལ་ཁབ་མང་པོའི་སྨན་ཁང་གིས་བཅོས་ཐབས་གཏན་ནས་མ་ཡོང་། ཁོའི་ནུ་བོ་དེ་རིན་པོ་ཆེ་འདིའི་སློབ་མ་རེད་འདུག་པས། རིན་པོ་ཆེའི་རྒྱུ་མཚན་ཁོ་ལ་བཤད་ཀྱང་ཁོ་ཡིད་མ་ཆེས། ང་ལ་སྨན་ཁང་མང་པོས་བཅོས་ཐབས་མ་བྱུང་བས་ད་གང་ལྟར་ལམ་གཅིག་ལས་མེད་ཅེས་བཤད། ནུ་བོས་ནན་ཏན་གྱིས་བཤད་དེ་ང་ལ་ངེས་པར་ཡིད་ཆེས་ཡོད། གང་ལྟར་ཚོད་ལྟ་ཞིག་བྱེད་དགོས་ཞེས་བཤད་པར་འོ་ན་དེ་ལྟར་གྱིས་ཟེར། འོན་ཀྱང་ནད་པ་དེ་ཨ་མེ་རི་ཀ་ན་ཡོད། ཁོའི་ནུ་བོ་དང་རིན་པོ་ཆེ་ངེད་ཅག་ཁེ་ན་སྒྲ་ན་ཡོད་པས། ང་ལ་ལམ་ཡིག་ཡོད་ཀྱང་རིན་པོ་ཆེར་ཨ་རིར་འགྲོ་བའི་ལམ་ཡིག་མེད། ཁོང་གིས་ང་ལ་ཁྱོད་ངེད་ཀྱི་ཚབ་བྱས་ཏེ་ཨ་རིར་སོངས་ལ་མེ་ལོང་འདིས་ནད་པར་ཕུར་དང་ཁེ་ན་སྒྲ་ནས་སྔགས་འདོན་གསུངས། བསོད་ནམས་ཀྱིས་གཏམ་རྒྱུད་བཤད་མཚམས་འདིར་བསླེབས་དུས། རིན་པོ་ཆེ་ཁོང་བཞད་བཞིན་དུ། ངས་དང་པོར་དེ་ལྟར་ལབ་དུས་བསོད་ནམས་དང་པོར་འགྲོ་ཁ་མི་ཉན་གི་གསུངས། བསོད་ནམས་ཀྱིས། ངས་ལོང་བས་ལོང་ཁྲིད་ག་ལ་ནུས་ཞེས་འགྲོ་མ་འདོད། འོན་ཀྱང་རིན་པོ་ཆེས་ང་ལ་དཀོན་མཆོག་གི་བྱིན་རླབས་ལ་རྒྱང་རིང་ཐུང་ག་ལ་ཡོད། ཁྱོད་སོངས་དང་ཕན་ཐོགས་ནི་རེད་གསུངས་པས་མི་འགྲོ་ཐབས་མེད་བྱུང་སོང་། ནུ་བོ་དེའང་ཚོང་བ་ཆེན་པོ་ཞིག་རེད། ངེད་གཉིས་གནམ་གྲུར་བསྡད་ནས་ཨ་རིར་སོང་། ནད་པ་དེ་ཧ་ཅང་ཚབས་ཆེན་པོ་རེད། ལྟོ་བ་ཆུས་གང་ནས་འགུལ་སྐྱོད་ཙམ་ལ་ཡང་དཀའ་ལས་འདུག ལུས་ཡོངས་རྫོགས་སེར་པོ་རེད་ཚར་འདུག ངས་རིན་པོ་ཆེར་ཞལ་པར་ཕུལ་ནས། ད་ཁྱེད་ཀྱིས་ཐུགས་བསྐྱེད་སྨོན་ལམ་གྱིས་དང་ངས་མེ་ལོང་གིས་འཕུར་ཞུས། ནད་པས་མི་མོས་བཞིན་དུ་ཉན་འདུག ངས་མེ་ལོང་གིས་འཕུར་དུས་མེ་ལོང་རིམ་གྱིས་ཚ་བོར་གྱུར་སོང་ལ་ངོ་མ་རྒྱུན་ལྡན་མ་ཡིན་པ་ཞིག་རེད་འདུག ངའི་སེམས་ལ་ངོ་མ་དཀོན་མཆོག་གི་བྱིན་རླབས་དེ་མེ་ལོང་འདིའི་ངོར་ཞུགས་འདུག་བསམས་པ་ཞིག་བྱུང་། དུས་ཚོད་གཅིག་ཙམ་ལ་ཕུར་དུས་རིན་པོ་ཆེའི་ཞལ་པར་འོངས་ནས། ད་ཅུང་ཙམ་ངལ་གསོ་གྱིས་གསུངས། ནད་པ་ཅུང་ཇེ་བདེར་སོང་ནས་ངས་ཟས་ཤིག་བཟའ་འདོད་ཟེར། ཤ་བསྲེགས་མ་ཆེན་པོ་ཞིག་དང་ཁོ་ཁོ་ཁུ་ནག་དམ་བི་ཆུང་བ་གསུམ་འཐུངས་ནས། ད་སྤྱོད་ཁང་ནང་དུ་འགྲོ་དགོས་ཟེར། སྤྱིར་ཁོ་རང་སྤྱོད་ཁང་དུ་འགྲོ་རྒྱུ་ཧ་ཅང་དཀའ་བའི་ཚོད་དུ་འདུག་ཀྱང་། དེ་ཉིན་དཀའ་ངལ་མེད་པར་ཟག་པ་དོར་ནས་ཚུར་འོངས། དགོང་མོར་ཡང་རིན་པོ་ཆེའི་ཞལ་པར་འོངས་ཏེ། ད་ཡང་མེ་ལོང་གིས་ཕུར་གསུངས། ངས་སྔར་བཞིན་དུས་ཚོད་གཅིག་ཙམ་ལ་ཕུར། ནད་པ་ཇེ་བདེར་སོང་ནས་གཉིད་དུ་ཡུར། ཕྱི་ཉིན་སྔ་དྲོར་ཇེ་དགར་རབ་ཅིག་སོང་འདུག ངས་རིན་པོ་ཆེར་ཞལ་པར་ཕུལ་ནས་ཡང་སྔར་ལྟར་དུས་ཚོད་གཅིག་ལ་ཕུར་དུས། ནད་པས་མགོ་ཡར་བཀྱགས་ཏེ་ད་ང་དངོས་སུ་རིན་པོ་ཆེའི་མདུན་དུ་འགྲོ་དགོས་ཟེར་བས། ཁོའི་ཆུང་མ་དང་ནུ་བོ་སོགས་དགའ་ཚོས་ཆེན་པོ་སྐྱེས། ཁོ་རང་ཉིད་ལ་གནམ་གྲུ་ཡོད་པས་ངེད་ཅག་རིན་པོ་ཆེའི་དྲུང་དུ་ལམ་ལ་ཆས། གནམ་གྲུར་ཞུགས་དུས་ཁོའི་ཆུང་མ་དང་ནུ་བོ་གཉིས་ཀྱིས་སྐྱོར་བ་ལ། ཁོས་ང་སྐྱོར་མི་དགོས་ཟེར་ནས་ངེད་ཀྱི་ལག་མགོ་ནས་བཟུང་ཞིང་གནམ་གྲུར་ཞུགས་ཤིང་། དུས་ཚོད་གསུམ་གྱི་རྗེས་སུ་ཁེ་ན་སྒྲར་བསླེབས་ཏེ་རིན་པོ་ཆེའི་དྲུང་དུ་བཅར། རིན་པོ་ཆེས་ནད་པ་དེ་ཉིན་བདུན་ལ་བསྔགས་རྗེས་དྲག་ཐག་ཆོད་སོང་། དེང་སྐབས་ཕལ་ཆེར་ལོ་ང་བཅུ་ང་གཅིག་ཙམ་རེད། ཅེས་བརྗོད། འོ་ད་དུང་དེ་འདྲ་ཡོད་དམ་ཞེས་དྲིས་པར། ད་དུང་ཡོད། ཁེ་ན་སྒྲར་དམངས་གཙོའི་ལམ་ནས་བསྐོས་པའི་གཙོ་འཛིན་ཞིག་དང་མཇལ་འཕྲད་ཅིག་གི་སྐབས་སུ། རིན་པོ་ཆེའི་ཕྱག་ཁོའི་འགྲམ་པར་གླན་པས་ཁོང་གི་ཕྱག་རྗེས་ཚང་མ་འགྲམ་པའི་སྒང་དུ་བབས་སོང་། གཞན་སྒུ་རུམ་ཟེར་བའི་མི་ཞིག་མཆིན་པ་སྐྲན་ནད་ཀྱིས་མནར་ནས་སྨན་ཁང་གིས་ཟླ་གཅིག་གི་ཚེ་ཚད་ལས་མེད་པར་ཐག་བཅད་པ་དེ་ཡང་རིན་པོ་ཆེས་བསྔགས་ནས་སངས་དྲག་ཏུ་སོང་ཡོད། ཡང་ཁེ་ན་སྒྲའི་བུད་མེད་ཅིག་གི་སྙིང་ནད་ལ་སྨན་པས་ཟླ་གཅིག་གི་ཚེ་ལས་མེད་པས་གཤག་བཅོས་ཀྱིས་དྲག་མི་ཐུབ་ཟེར་བ་ཡང་ཁོང་གིས་བསྔགས་ནས་སངས་དྲག་ཏུ་གྱུར་སོང་། རྗེས་སུ་སྨན་ཁང་གིས་ཐེངས་གསུམ་ལ་བརྟགས་རྗེས་སུ་ཡང་ནད་གཞི་རྩ་མེད་དུ་དྭངས་འདུག་ཅེས་བརྗོད་འདུག སྨན་པ་དེས་ང་ལ་ང་ཁྱོད་ཀྱི་སྨན་པ་མིན་ན་གནས་ཚུལ་འདི་ཁས་ལེན་བྱེད་ཐབས་གཏན་ནས་མེད་ཟེར་བྱུང་། ཡང་ཁེ་ན་སྒྲའི་བུ་མོ་ཞིག་གི་ནུ་མ་གཡོན་པ་སྐྲན་ནད་ཀྱིས་བཟུང་ནས་སྨན་པས་བཅོས་ཐབས་མི་འདུག མཚན་མོ་གཞོག་གཡོན་ཕབ་ནས་ཉལ་མི་ཐུབ་པའི་དཀའ་ངལ་ཡོད་བརྗོད་འདུག་པ་དེར་ཡང་རིན་པོ་ཆེས་དྲག་སྔགས་ཀྱིས་གཏར་སྲེག་གནང་བར་དེ་ནུབ་ནས་དྲག་སོང་།
གཞན་ཉིས་སྟོང་བརྒྱད་ལོར་ཁོང་གིས་གནང་བའི་ཕྱག་མདུད་ཅིག་ལུས་ལ་བཏགས་པའི་མི་ཞིག་ཡུལ་ཤུལ་ཁུལ་ནས་མི་གཞན་དང་འཛིང་རེས་བྱས་ཏེ། གཞན་དེས་ཁོ་ལ་མེ་མདས་ཚར་ལྔ་བརྒྱབ་ཡོད་ཀྱང་མདའ་མགོ་རྣམས་རུམ་དུ་ལྷུང་འདུག་ཅེས་ཁོང་གི་གྲྭ་པ་ཞིག་གིས་ང་ལ་གསུངས་བྱུང་ལ། ཁོང་གིས་ཀྱང་དེ་བདེན་པ་ཡིན། མི་དེ་ད་ལྟའང་ཡོད་ཅེས་གསུངས་བྱུང་།
རིག་སྔགས་ཀྱི་རྣལ་འབྱོར་བ་ཁོང་གིས་རྫ་སྟོད་རྫོགས་ཆེན་དགོན་པའི་རྟེན་བརྟེན་པ་གསར་བཞེངས་དང་དགོན་པ་གཞན་དག་ལ་ཞལ་བདག་འཛིན་སྐྱོང་། དམངས་ཕན་སྨན་ཁང་དང་སློབ་གྲྭ་མང་པོ་གསར་བཞེངས་རོགས་སྐྱོར་གནང་བཞིན་ཡོད་འདུག
རྡོ་བྲག་རིག་འཛིན་ཆེན་པོས་ལྷ་རི་གཟིམ་སྤྲུལ་བདུན་པའི་ཡང་སྲིད་འཁྲུལ་མེད་ཡིན་ཞེས་ངོས་འཛིན་ཕྱག་ཡིག་ཐམ་ཀ་བཅས་གནང་འདུག་ལ། གཞན་བླ་ཆེན་འགས་ངོས་འཛིན་གྱི་ཕྱག་ཡིག་སོགས་འདུག་ཀྱང་མང་དུ་མ་སྤྲོས་སོ།།
ཁོ་བོ་ཀླུ་སྨྱོན་གྱིས་ཁམས་སྐྱེ་རྒུ་མདོ་ནས་ཡིན་ཞིང་དེང་སྐབས་ང་ཚོའི་ཆོས་ཚོགས་སུ་བཞུགས་པའི་ལྷ་རིས་པ་གྲགས་ཅན་བླ་མ་མིག་དམར་ལགས་སུ་ཁོང་གི་སྐོར་མཐོང་ཐོས་ཡོད་མེད་དྲིས་པར་ཁོང་གིས། ངེད་ཅག་ཡུལ་ཤུལ་ས་ཆར་མཚོན་ན་བླ་མ་དེར་རྡོ་ལི་བླ་མ་ཟེར་ཞིང་སྐད་གྲགས་ཆེན་པོ་ཡོད། ཁོང་གིས་སྔགས་བརྒྱབ་ནས་འོན་པས་སྒྲ་ཐོས་པ་དང་ལོང་བས་གཟུགས་མཐོང་བ། ལྐུགས་པས་སྐད་ཆ་བཤད་ཐུབ་པ་དེ་འདྲ་ལན་མང་པོ་བྱུང་མྱོང་། ང་ཚོའི་གྲོང་བའི་རྒན་རྒོན་ལོང་བ་དེ་འདྲར་ཡང་ཁོང་གིས་སྔགས་བཏབ་ནས་མིག་གིས་མཐོང་ཐུབ་པ་དེ་འདྲ་གཉིས་བྱུང་སོང་། ཁོང་གར་ཕེབས་གར་བཞུགས་ཀྱི་གནས་སུ་ནད་པ་དང་མཇལ་བའི་འཚང་ཁ་ཆེན་པོ་ཡོད་ཅེས་གསུངས།
ལོ་མང་རིང་ཤ་མར་རྩམ་གསུམ་སོགས་ཟས་རིགས་རྙིང་པ་ལན་དུ་མས་ཟོས་ཤིང་། འཐུང་ཆུ་གཙང་མ་ཡིན་པའི་རྐྱེན་གྱིས་བད་ནད་འདིས་ཁོ་བོ་ལོ་ངོ་ཉི་ཤུའི་རིང་བར་མེད་དུ་མནར་བ་ཡིན་མོད། རིག་སྔགས་ཀྱི་རྣལ་འབྱོར་བ་ཁོང་གིས་བྱིན་རླབས་ཟབ་མོ་གནང་བ་ནས་བཟུང་ཕན་ཐོགས་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་པ་ནི་རང་གི་མྱོང་བས་གྲུབ་པ་དང་། མཐའ་སྡོམ་སྙིགས་མའི་དུས་འདིར་སྒྲུབ་པ་ལ་སྙིང་རུས་བསྐྱེད་དེ་ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྲུབ་གནས་ཁྱད་པར་ཅན་དག་ཏུ་རྩེ་གཅིག་ཏུ་ཐུགས་དམ་ལ་གཞོལ་ནས་རིག་སྔགས་གྲུབ་པའི་རྣལ་འབྱོར་བ་ཆེན་པོ་འདི་ལ་མཇལ་བ་ནི་ཁོ་བོར་སྐལ་བ་ཧ་ཅང་བཟང་པོ་ཞིག་བྱུང་བ་ཡིན་པས། ཆོས་དང་རིག་གཞུང་རིག་གཞུང་གཅིག་པའི་གྲོགས་པོ་དག་གིས་ཀྱང་སྨན་བཅོས་དང་སྨན་པས་བོར་བའི་ནད་པ་ཉམ་ཐག་དེ་འདྲ་ཡོད་ན་བླ་མ་འདི་ལ་འབྲེལ་བ་གནང་ཐུབ་ན། ནད་པ་དེ་དག་དུས་མིན་འཆི་བའི་གཡུལ་ལས་རྒྱལ་བའི་གོ་སྐབས་བཟང་པོ་རེ་ཡོད་ངེས་ཅན་རེད་ཅེས་ཀྱང་ཞུ་བར་སྤོབས་སོ།།

Subscribe to:
Post Comments (Atom)
0 comments:
Post a Comment