དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
Friday, 28 June 2013
གནའ་དེང་ཟུང་འབྲེལ།
|
གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ཏུ་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་སྤྲོད་ལེན་ཐུབ་རྒྱུ་གལ་ཆེའི་རང་བཞིན་ཡིན།
__________ཁ་བྱང་གི་འགྲེལ་བཤད།
སྔོན་གླེང་།
སྤྱིར་ཤེས་ཡོན་གྱི་དོན་ལ་སྔོན་དང་ད་ལྟའི་དུས་ཀྱི་མཁས་པ་སོ་སོས་རང་རང་གི་ཁོར་ཡུག་དང་ཤེས་ཡོན་གནས་བབས་ལ་ལྟོས་ནས་འགྲེལ་བཤད་མང་པོ་ཞིག་མཛད་ཡོད་ཀྱང་། ཤེས་ཡོན་ཞེས་པ་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་དང་། ནང་གི་ཤེས་པའི་ནུས་པ་སད་སྨིན་ཪྫོགས་གསུམ་བྱེད་པའི་མིའི་ཤེས་རྒྱུད་ཀྱི་ཡོན་ཏན་ཞིག་ལ་ངོས་འཛིན་བྱ་རྒྱུ།1 ཞེས་པ་དེ་ཡིན། དེ་ལྟར་ན་ཕྱིའི་དངོས་པོ་ཐ་དག་གི་གནས་ལུགས་ཤེས་རྒྱུ་དང་། ནང་སེམས་ཀྱི་གོ་རྟོགས་ཇི་ཆེ་དང་། བསམ་བློ་གཏོང་བའི་ནུས་པ་ལྡན་པ། བསམ་བློའི་གནས་ཚད་མཐར་ཕྱིན་པ་བཅས་ཤེས་ཡོན་གྱི་དོན་ལ་བཞག་ཡོད། དེ་ནི་གནའ་དེང་ཟུང་འབྲེལ་གྱིས་གྲུབ་པའི་ཤེས་ཡོན་གྱི་དོན་ལ་འཇུག་ཅིང་། བསླབ་བྱ་དང་། སློབ་བྱེད། བསླབ་ཡུལ། ལྷག་པར་དུ་སློབ་ཐབས་གཙོ་བོར་ཟུང་བའི་སྒོ་ནས་འགྱུར་བ་ཆེན་པོ་ཞིག་འགྲོ་བཞིན་ཡོད།
འཛམ་གླིང་ནང་སློབ་གྲྭ་བཙུགས་ནས་ཤེས་སྤྲོད་ལེན་བྱེད་ཚུལ་དེ་བཞིན་ཕྱི་ལོའི་སྔོན་གྱི་ལོ་ ༤༠༠༠ ཡས་མས་ནས་རོ་མན་དང་གྷི་རིག་ཁུལ་དུ་ཐོག་མར་དར་བར་གྲགས་ལ། རང་རེ་བོད་ཀྱི་ཡུལ་དུ་བླ་མས་སློབ་མར་སློབ་འཁྲིད་བྱེད་ཚུལ་དེ་སྔ་བའི་དབང་དུ་བྱས་ན་བོད་དུ་མིའི་འདུ་སྡོད་བྱེད་པའི་སྤྱི་ཚོགས་ནམ་བྱུང་བ་ནས་དར་ཡོད་ངེས་ལ། ཕྱི་བའི་དབང་དུ་བྱས་ན་ཕྱི་ལོ་དུས་རབས་བདུན་པ་ཙམ་ནས་དར་ཞིང་། སློབ་གྲྭ་བཙུགས་ནས་ཤེས་ཡོན་སྤྲོད་ལེན་བྱེད་ཚུལ་ནི་ཕྱི་ལོ་དུས་རབས་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་སྐབས་སུ་བོད་ཀྱི་བཅུ་ཕྲག་རིག་གནས་སློབ་སའི་སློབ་གྲྭ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་རྗེས་ནས་དངོས་སུ་འགོ་ཚུགས་པ་རེད། འོན་ཀྱང་སྐབས་དེ་དུས་ནས་དར་བའི་སློབ་འཁྲིད་ཀྱི་ལམ་ལུགས་ནི་སྲོལ་རྒྱུན་ནམ། ཡང་ན་ནང་སེམས་ཀྱི་བསླབ་བྱ་སློབ་བྱེད་ཁོ་ན་ལས་ཕྱིའི་ཡུལ་གྱི་གནས་ལུགས་ཏེ། དུས་རབས་ཉི་ཤུ་པ་ཙམ་བར་གྱི་ནུབ་ཕྱོགས་ཁུལ་གྱི་སློབ་འཁྲིད་བྱ་ཚུལ་ལ་དོ་སྣང་དེ་ཙམ་བྱས་མེད། དེར་རྟེན་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་འཛམ་གླིང་ཐ་དག་ཡར་རྒྱས་འགྲོ་སྐབས་བོད་གཅིག་བུ་རྗེས་ལུས་ལྟ་བུར་གྱུར་བ་རེད། ད་ལྟའི་དུས་སུ་འགྲོ་བ་མིའི་རིགས་སྤྱི་དང་ལྷག་པར་བོད་མི་རིགས་ཀྱི་ཆེད་གནའ་དེང་ཟུང་འབྲེལ་གྱི་ལམ་དུ་བསྐྱོད་རྒྱུ་ཧ་ཅང་གལ་ཆེར་གྱུར་ཡོད། དེར་རྟེན་གཞི་རིམ་སློབ་གྲྭ་ཁག་ཏུ་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་སྤྲོད་ལེན་ཐུབ་རྒྱུ་གལ་ཆེའི་རང་བཞིན་ཡིན་སྐོར་ཅུང་ཙམ་གླེང་བར་བྱ།
བསླབ་བྱ་གནའ་དེང་ཟུང་འབྲེལ་གྱི་གལ་ཆེའི་རང་བཞིན།
བསླབ་བྱ་ལ་དབྱེ་ན་ད་བར་འཛམ་གླིང་ཆེན་པོ་འདིར་འདོད་ལུགས་མི་འདྲ་བ་གཙོ་བོ་གཉིས་སུ་གྱུར་ཡོད། དེ་ཡང་སེམས་ཀྱི་འདུ་ཤེས་འཛིན་སྟངས་ལ་དཔྱོད་པ་དང་། ཕྱི་དངོས་པོའི་གནས་སྟངས་ལ་དཔྱོད་པ་གཉིས་རེད། འདོད་ལུགས་མི་འདྲ་བ་དེ་གཉིས་ཀྱིས་འཛམ་གླིང་ཧྲིལ་པོ་དུམ་བུ་གཉིས་ཙམ་ལ་བཏང་། ཐོག་མ་ནི་ཆོས་ལུགས་པའི་རྗེས་འབྲང་པ་སྟེ་ནང་སེམས་ཀྱི་གནས་ལུགས་ལ་དཔྱོད་པ་དག་རེད། དེ་ལ་ཡང་ཐམས་ཅད་མཁྱེན་པའི་གོ་འཕངས་ལ་དམིགས་པ་དང་། རང་རང་གི་སྟོན་པའི་རེ་འདུན་བསྒྲུབས་ནས་དེའི་འགྲམ་དུ་བསླེབ་འགྱུར་དམིགས་པ་གཉིས་ཡོད།
ཕྱི་དངོས་པོའི་གནས་ལུགས་ལ་དཔྱོད་པ་ནི་དེང་རབས་སམ་ཚན་རིག་དངོས་གཙོ་སྨྲ་བའི་རྗེས་འབྲངས་པ་སྟེ། ཕྱི་དངོས་པོའི་གནས་ལུགས་ཁོ་ན་ལ་དཔྱད་པ་བྱས་ནས་ཡར་རྒྱས་དང་གསར་གཏོད་ཀྱིས་མི་ཚེ་འདི་བདེ་སྐྱིད་སྙན་གྲགས་ངང་སྐྱེལ་རྒྱུའི་རིན་ཐང་ལ་དམིགས་པ་རེད། རང་རེ་བོད་ལ་མཚོན་ན་ད་བར་འདོད་ལུགས་དང་པོ་ལས་ཐམས་ཅད་མཁྱེན་པའི་གོ་འཕངས་ལ་དམིགས་མཁན་རིགས་ཡིན་པས་བསླབ་བྱ་ཐ་དག་ནང་སེམས་ཀྱི་གནས་ལུགས་ལ་དཔྱོད་པ་དེ་ཡིན། དེས་བོད་མི་རིགས་འདི་ཉིད་ད་ལྟའི་དུས་སུ་བཟང་སྤྱོད་ཀྱི་ཐོག་ནས་འཛམ་གླིང་ནང་ཡར་ཐོན་ཆེ་ཤོས་ཀྱི་གྲས་སུ་བསླེབས་ཡོད་ཀྱང་། ཕྱི་དངོས་པོའི་ཐོག་ནས་ཧ་ཅང་རྗེས་ལུས་སུ་གྱུར་ཡོད་རྐྱེན་དུས་རབས་ཉི་ཤུ་པའི་ནང་ཙམ་ནས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གསུམ་པ་དང་སྐུ་ཕྲེང་བཅུ་བཞི་པས་དེ་ཚོའི་ཐོག་ལ་དོ་སྣང་ཆེན་པོ་གནང་བ་དང་། ལྷག་པར་ཐམས་ཅད་མཁྱེན་པ་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་ ༡༩༥༩ ལོ་ནས་བོད་མིའི་སློབ་གྲྭ་ཁག་བཙུགས་ནས་དེང་རབས་སམ་དངོས་གཙོའི་ལྟ་གྲུབ་བསླབ་བྱར་འཇོག་འགོ་བརྩམས་གནང་ནས་ད་བར་ལོ་བཅུ་ཕྲག་འགའ་འགོར་བའི་རྗེས། དེང་རབས་ཀྱི་བསླབ་བྱ་ཁོ་ནས་འཛམ་གླིང་འདི་ཉིད་ཀྱི་ཕྱིའི་མཛེས་སྡུག་གི་ཐོག་ནས་ཡར་རྒྱས་ཆེན་པོ་ཞིག་འགྲོ་ཐུབ་རུང་། ནང་བཅུད་ཀྱི་སེམས་ཅན་ལ་སྡུག་བསྔལ་ལས་བདེ་སྐྱིད་ཀྱི་སྤྱི་ཚོགས་ཤིག་གི་ཁོར་ཡུག་བསྐྲུན་ཐུབ་ཀྱི་མེད་པའི་ཉམས་མྱོང་དང་། ཚོར་བ་ཟབ་མོ་བྱུང་མཐར་གནང་དེང་ཟུང་འབྲེལ་བསླབ་བྱ་འཇོག་རྒྱུའི་གྲོས་གོ་བརྩམས་པ་སོང་བ་རེད། དེ་ཡང“ཤེས་ཡོན་གྱི་དགོས་པ་ནི་མིའི་ཁྱད་ཆོས་ཤེས་རབ་དང་བྱམས་བརྩེ། དེ་དག་ལ་བརྟེན་པའི་བཟང་པོའི་ལྟ་སྤྱོད། གསར་གཏོད་སྒྱུ་རྩལ་བཅས་ཀྱི་ནུས་པ་རྣམས་སད་ཅིང་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང༌།” 1 “མིའི་ནང་གི་ཤེས་པའི་ནུས་པ་རྣམས་རྣམ་པར་སྦྱོང་ཞིང༌། ཤེས་བྱ་དང་བླང་དོར་གྱི་གནས་ལ་དཔྱད་པ་ཡང་དག་དང་གཞན་དྲིང་མི་འཇོག་པའི་སྒོ་ནས་འཇུག་པའི་ནུས་པ་སྟེར་བ་དང༌། དེ་ལ་བརྟེན་ནས་གང་ཟག་སོ་སོའི་འཕྲལ་ཕུགས་ཀྱི་མདུན་མ་ཙམ་མ་ཟད། རྒྱལ་ཁབ་དང་མི་རིགས། འཇིག་རྟེན་སྤྱིའི་རྩ་དོན་ཆེན་པོ་རྣམས་སྒྲུབ་ནུས་པར་བྱེད་པ”2དེ་ཡིན། དེ་ལྟར་ཡོང་བར་“བོད་ཀྱི་སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་བོ་དང༌། དེང་རབས་ཀྱི་ཤེས་ཡོན་དེའི་དགོས་ངེས་ཀྱི་ཟུང་ཟླར་བཟུང་བའི་ཤེས་ཡོན་གྱི་ལམ་སྲོལ་ལག་བསྟར་བྱ་རྒྱུ་”3གལ་ཆེན་དུ་གྱུར་ཡོད། བསླབ་བྱ་གནའ་དེང་ཟུང་འབྲེལ་དུ་བྱས་པའི་ཤེས་ཡོན་སྲིད་བྱུས་འདི་ལྟ་བུ་ནི་དུས་རབས་ཀྱི་དགོས་མཁོ་དང་མིའི་རིགས་ཀྱི་ཕུགས་བསམ་དུ་གྱུར་ཡོད་ལ། ཐམས་ཅད་མཁྱེན་པའི་དགོངས་པ་ཉག་ཅིག་སྟེ། ཐམས་ཅད་མཁྱེན་པས་རྒྱུན་ཏན་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲོད་ལེན་བྱ་དགོས་སྒོར་བཀའ་གནང་བཞིན་ཡོད་ལ། དམིགས་བཀར་ཕྱི་ལོ། ༢༠༡༠ཟླ། ༡༢ཚེས་ ༢༦ ཕྱི་ཡུལ་རྒྱ་གར་ལྡི་ལི་བོད་ཁྱིམ་ཚོགས་ཁང་དུ་མཐོ་སློབ་ཀྱི་དགེ་སློབ་ ༦༠༠ ལྷག་ལ་“སློབ་སྦྱོང་དེ་ཀླད་པའི་ཡོན་ཏན་གཅིག་པུ་མིན་པར་ལྷག་བསམ་གྱི་ཡོན་ཏན་ཟུང་དུ་འབྲེལ་བ་ཞིག་དགོས། དེའི་རྩ་བ་ནི་བོད་ཡིག་དང་བོད་མི་རིགས་ཀྱི་གནའ་རབས་ཀྱི་ཤེས་ཡོན་ལ་ཐུག་ཡོད། བོད་ཀྱི་གནའ་རབས་ནས་དར་བའི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་རྒྱུ་དང་། དེ་དང་མཉམ་དུ་དེང་རབས་ཀྱི་ཤེས་ཡོན་ལྡན་པའི་མི་སྣ་ཞིག་ཆགས་ན་འདབ་ཤོག་གཉིས་ལྡན་དང་བོ་མི་ཆ་ཚང་བ་ཞིག་ཆགས་ཀྱི་རེད། དེར་རྟེན་ཁྱེད་རང་ཚོས་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་སློབ་གཉེར་བྱེད་དགོས།’’4ཞེས་བཀའ་ནན་པོ་གནང་འདུག དེར་བརྟེན་གཞི་འབྲིང་སློབ་གྲྭ་ཁག་ཏུ་གནའ་དེང་ཟུང་འབྲེལ་གྱི་བསླབ་བྱ་དངོས་སུ་འཇོག་རྒྱུ་ད་ལྟའི་དུས་སུ་ཧ་ཅང་གི་དགོས་མཁོ་ཆེ་བ་དང་གལ་འགངས་ཤིན་ཏུ་ཆེ་བར་གྱུར་ཡོད་སྙམ།།
སློབ་བྱེད་གནའ་དེང་ཟུང་འབྲེལ་གྱི་གལ་ཆེའི་རང་བཞིན།
སློབ་་བྱེད་གནའ་དེང་ཟུང་འབྲེལ་ཞེས་པ་ནི་སློབ་འཁྲིད་དངོས་སུ་བྱེད་མཁན་དགེ་རྒན་གྱི་ཤེས་ཡོན་ནམ་ཁྱད་ཆོས་གནའ་དེང་ཟུང་དུ་འབྲེལ་བ་ཞིག་དགོས་པ་ལ་གོ་བ་ཡིན། དེ་ཡང་རང་རེ་བོད་ཀྱི་སྲོལ་རྒྱུན་གྱི་དགེ་རྒན་ནི་ཡག་པོ་བྱུང་བ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་ངོས་བཟུང་ནས་རེ་བ་དང་གོ་ས་མཐོན་པོ་བཞག་ཡོད། སྲོལ་རྒྱུན་གྱི་དགེ་རྒན་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་ཕངས་ཀྱི་ལམ་སྟོན་པ་པོ་ཡིན་ཅིང་། རང་ཉིད་ལ་དེར་འཁྲིད་པར་བྱེད་པའི་ཡོན་ཏན་བརྒྱད་དང་ལྡན་པ། བཞི་དང་ལྡན་པ། གཉིས་དང་ལྡན་པ་སོགས་ཡིན་དགོས་ཏེ། བྱང་ཆུབ་སེམས་དཔའི་ས་ལས། 5 དེ་ལ་རྣམ་པ་བརྒྱད་དང་ལྡན་ན་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་རྣམ་པ་ཐམས་ཅད་རྫོགས་པ་ཡིན་པར་རིག་པར་བྱ་སྟེ། ཞེས་སོགས་གསུངས་ལ། མདོ་སྡེ་རྒྱན་ལས།6 རྒྱ་ཆེ་ཐེ་ཚོམ་སྤོངས་བ་དང་། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་དགེ་རྒན་ནི་མང་དུ་ཐོས་པས་སྟོན་པ་རྒྱ་ཆེ་བ་དང་། ཤེས་རབ་ཆེ་བས་གཞན་གྱི་ཐེ་ཚོམ་གཅོད་པ་དང་། སྐྱེས་བུ་དམ་པའི་ལས་བྱེད་པས་ཚིག་གཟུང་བར་འོས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་ཀྱི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་སྟོན་པ་ལ་མཁས་པ་ཞིག་དགོས་པར་གསུངས་འདུག རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྤྱོད་འཇུག་ལས།7རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་དགེ་རྒན་ནི་ཐེག་ཆེན་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའོ་ཞེས་གསུངས། དེ་བཞིན་རང་རེ་བོད་ཀྱི་རིག་པའི་གནས་ཀུན་ལ་མཁས་པ་ས་པཎ་གྱིས་མཁས་འཇུག་ལས་ཀྱང་།8 གཙང་མཁས་གཞན་ལ་ཕན་པར་འདོད་པ་ཞེས་དགེ་རྒན་གྱི་མཚན་ཉིད་བཞག་ཡོད། འོན་ཀྱང་ནང་རིག་གི་དཔེ་གཞུང་ལས་ཐོན་པའི་མཚན་ཉིད་དེ་དག་དེང་དུས་སམ་ནུབ་ཕྱོགས་པའི་དགེ་རྒན་གྱི་མཚན་ཉིད་དང་རྒྱབ་འགལ་ལྟ་བུར་གྱུར་ཡོད། དེ་ཡང་ཁོང་ཚོས་དགེ་རྒན་ནི་རང་ཉིད་ཀྱིས་འཁྲིད་བྱའི་སློབ་ཚན་ཐོག་ཆེད་མཁས་པ་ཡིན་དགོས་པ། སློབ་འཁྲིད་ཐབས་ལམ་འདྲ་མིན་ཤེས་པ། དུས་རྟག་ཏུ་སློབ་འཁྲིད་འཆར་གཞི་ལེགས་པོ་སྒྲིག་ཤེས་མཁན། རང་གི་སློབ་ཕྲུག་ལ་རང་གི་སློབ་ཚན་ཐོག་ལམ་སྟོན་ལེགས་པོ་ཐུབ་མཁན། རྒྱུན་དུ་ཤེས་ཡོན་དང་ཁ་མ་བྲལ་བ་ཞིག་དགོས་པར་ཤོད་ཀྱི་ཡོད། དེར་རྟེན་བོད་ཀྱི་སྲོལ་རྒྱུན་གྱིས་ཕྱིའི་ཤེས་ཚད་དང་ཉམས་མྱོང་གཙོ་བོར་མི་འཛིན་པར། ནང་གི་བསམ་པའི་འཁྱེར་བཟོ་གཙོ་བོར་འཛིན་ཅིང་། དེང་རབས་ཀྱིས་ཕྱིའི་ལག་འཁྱེར་དང་། ཤེས་ཚད། ཉམས་མྱོང་གཙོ་བོར་འཛིན་པས་དེ་གཉིས་བར་འགལ་བ་ཆེན་པོ་ཡོད།
དེང་སང་གི་དུས་སུ་སྲོལ་རྒྱུན་གྱི་མཚན་ཉིད་དང་ལྡན་པའི་དགེ་རྒན་ཞིག་ཡོང་རྒྱུ་ཤིན་ཏུ་ནས་དཀའ་མོ་རེད། གལ་སྲིད་བྱུང་ཡང་སྤྱི་ཚོགས་འདི་འདྲ་ཞིག་ལ་དོན་མཐུན་གྱི་ཕན་ཐོགས་ཐུབ་རྒྱུ་ཁག་པོར་གྱུར་ཡོད་ལ། དེ་བཞིན་ཟང་ཟིང་སྤྱི་ཚོགས་འདིར་དེང་རབས་ཀྱི་མཚན་ཉིད་ལྡན་པའི་དགེ་རྒན་ཁོ་ན་བཞག་ན་མིའི་རིགས་ཀྱི་སྤྱི་ཚོགས་ཆེན་པོ་འདི་ནས་བཟང་སྤྱོད་དང་སྲོལ་རྒྱུན་གྱི་ལེགས་བྱང་རྒྱུན་འཛིན་ཐུབ་པའི་མི་རབས་རྗེས་མ་གསོ་སྐྱོང་ཐུབ་རྒྱུ་དེ་བས་ཀྱང་དཀའ་མཚམས་རེད། དེར་རྟེན་གཞུང་འཛིན་ཤེས་ཡོན་སྡེ་ཚན་དང་དགེ་འོས་སློབ་གྲྭ་ཁག་གིས་གནའ་དེང་ཟུང་འབྲེལ་གྱི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་ཧ་ཅང་གི་གལ་ཆེར་གྱུར་ཡོད།
གནའ་དེང་ཟུང་འབྲེལ་གྱི་དགེ་རྒན་ནི་རང་རང་གི་འཁྲིད་བྱའི་སློབ་ཚན་ཐོག་དགེ་རྒན་འོས་པའི་ལག་འཁྱེར་ཡོད་པ་དང་། དམའ་མཐར་“སློབ་མ་ལས་ཡོན་ཏན་ལྷག་པ་དང་། གཞན་ལ་ཕན་པའི་བསམ་པ་ཡོད་པ། སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་ཡོད་པ། སློབ་མའི་མིག་དཔེར་འོས་པའི་སྤྱོད་ལམ་ལྡན་པ། གཞན་དང་ཐུན་མོང་མིན་པའི་རང་གི་སློབ་ཁྲིད་སྲོལ་ཡོད་པ།” 9 ནམ་ཡང་སློབ་གསོ་རིག་པའི་ཁོར་ཡུག་ལས་ཁ་མི་བྲལ་བ་ལྟ་བུ་ཞིག་དགོས་འདུག་སྙམ། སྤྱིར་“མི་རིགས་དང་སྤྱི་ཚོགས་ཀྱི་འབྱུང་འགྱུར་གནས་བབས་ཤེས་ཡོན་ལ་རག་ལུས་ཤིང༌། ཤེས་ཡོན་བཟང་ཞན་དགེ་རྒན་ལ་རག་ལུས་པས། དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན་སྟབས། མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་དང༌།”10 ཡང་“དགེ་རྒན་རྣམས་ཕྱིའི་མཚན་ཉིད་ཤེས་ཚད་དང་ཉམས་མྱོང་རྣམས་དེང་རབས་ཀྱི་ཤེས་ཡོན་རིག་པའི་གཞུང་ནས་བྱུང་བ་ལྟར་དང༌། ནང་གི་མཚན་ཉིད་བསམ་པའི་འཁྱེར་སོ་སོགས་བོད་ཀྱི་སྲོལ་རྒྱུན་རིག་པའི་གཞུང་ནས་བྱུང་བ་ལྟར་ཕྱི་ནང་གཉིས་ཀའི་མཚན་ཉིད་ཚང་བའི་དགེ་རྒན་གང་མང་རྒྱུན་ལྡན་དུ་སྐྲུན་ཐུབ་པའི་ལས་གཞི་གསར་འགོད་བྱ་རྒྱུ།”11ནི་ད་ལྟའི་དུས་ཀྱི་དགོས་མཁོ་གལ་ཆེན་ཞིག་ཡིན། གལ་ཏེ་དེ་ལྟར་བྱུང་ན་དམིགས་ཡུལ་དང་དོན་པོ་བསྒྲུབ་རྒྱུར་ཐེ་ཚོམ་དགོས་པ་མ་རེད་ཨང་། འོན་ཀྱང་དགེ་རྒན་གནས་ཚད་གོང་འཕེལ་དུ་གཏོང་དགོས་ན་དགེ་རྒན་ལས་དོན་ལ་ཆེ་མཐོངས་དང་། དགེ་རྒན་ཚོའི་འཚོ་བའི་གནས་ཚད་མཐོར་འདེགས་བྱ་རྒྱུ་དེ་ད་ལྟའི་དུས་ཀྱི་ལག་ཆ་ལེགས་ཤོས་ཤིག་རེད་འདོད།
བསླབ་ཡུལ་གནའ་དེང་ཟུང་འབྲེལ་གྱི་གལ་ཆེའི་རང་བཞིན།
སློབ་ཁྲིད་བྱ་ཡུལ་གནའ་དེང་ཟུང་འབྲེལ་ཞེས་པ་ནི་སློབ་མས་དངོས་སུ་སློབ་སྦྱོང་བྱེད་སྐབས་གནའ་དེང་ཟུང་འབྲེལ་གྱི་ལམ་ལུགས་ལ་འཇུག་དགོས་ཚུལ་ལ་གོ་བ་ཡིན། དེ་ཡང་རང་རེ་བོད་ཀྱི་སྲོལ་རྒྱུན་དུ་སློབ་མའི་མཚན་ཉིད་ནི། འཕགས་པ་ལྷས། དབུ་མ་བཞི་བརྒྱ་པ་ལས། “གཟུར་གནས་བློ་ལྡན་དོན་གཉེར་བ། ཉན་པོའི་སྣོད་ཅེས་བྱ་བར་བཤད།།” 12 ཅེས་སྦྱང་བྱའི་སློབ་ཚན་གང་ཞིག་ཡིན་ཡང་དངོས་སུ་སྦྱོང་བའི་སྐབས་རང་རང་གི་འདོད་ལུགས་མཆོག་ཏུ་འཛིན་པ་ལྟ་བུའི་ཉེ་རིང་མེད་པར་བློ་གཟུ་བོར་གནས་པ་དང་། ལྷན་སྐྱེས་ཀྱི་བློ་རིག་དང་ལྡན་པ། སྦྱང་བྱའི་སློབ་ཚན་གང་དང་གང་ལ་ཡང་སྒྱིད་ལུག་པ་སྣོད་ཀྱི་སྐྱོན་གསུམ་དང་ལྡན་པ་མ་ཡིན་པར་དོན་གཉེར་གྱི་བསམ་པ་དང་ལྡན་པ་ཞིག་ལ་བཞག་ཡོད་ལ། ས་པཎ་གྱིས་ཀྱང་། མཁས་འཇུག་ལས། “བློ་གསལ་ཤེས་འདོད་བླ་མར་གུས། །”13 ཞེས་གསུངས། དེ་ཡང་ “དང་བོ་ནི། ལྷན་སྐྱེས་ཀྱི་བློ་རིག་གསལ་བ། གཉིས་པ། སྦྱང་བྱ་ལ་ཤེས་འདོད་ཀྱི་མོས་པ་ཆེ་བ། གསུམ་པ། བླ་མའམ་དགེ་རྒན་ལ་བརྩི་བཀུར་མཐོ་བ་ཞིག་ཡིན་དགོས་པའོ། །”14 འོན་ཀྱང་སྲོལ་རྒྱུན་གྱི་སློབ་མའི་མཚན་ཉིད་དེ་དག་ལས་ང་ཚོས་མཐོང་ཐུབ་པ་ནི། སློབ་མ་ཚོས་རྒྱུན་དུ་དགེ་རྒན་གང་བསླབས་ལ་གཙོར་བཟུང་སྦྱོང་བ་བྱེད་པ་ལས་སློབ་མ་རང་རང་གི་རྣམ་དཔྱོད་རིག་པས་དཔྱད་ནས་སྦྱང་བྱའི་དོན་རྟོགས་ཚུལ་ཞིག་མེད་པ་ལྟ་བུར་སྣང་།
དེང་གི་སློབ་མའི་མཚན་ཉིད་ལ། 1.ཀུན་སྤྱོད། སློབ་མ་བཟང་པོ་ནི་བསླབ་གཞི་གསར་པ་དག་ལ་རང་ཉིད་དབྱིངས་མེད་ཀྱང་འབད་བརྩོན་དང་སྤྲོ་བ་བལྟས་ནས་སྦྱོང་ནུས་པ། 2.ཤེས་ཡོན་གྱི་ནུས་པ། སློབ་མ་བཟང་པོ་ནི་འཛིན་གྲྭའི་ནང་འབྲི་ཀློག་ལེགས་ཤིང་། བགྲོ་གླེང་བྱེད་རྒྱུར་དགའ་བ། འབྲེལ་འདྲིས་ལེགས་པ། 3.འཇོན་ཐང་། སློབ་མ་བཟང་པོ་ནི་རང་གི་སློབ་ཚན་སྦྱོང་བར་སྒྱུ་རྩལ་དང་ལྡན་ཞིང་། མཐའ་མར་ཡིག་རྒྱུགས་སྐབས་གྲུབ་འབྲས་ལེགས་པོ་ལོན་ཐུབ་པ་15 སོགས་ཡོན་ཏན་དྲུག་དང་ལྡན་པ་ཞིག་བཞག་འདུག
ཕྱོགས་ཡོངས་ནས་བསམས་ན་གནའ་རབས་ཏེ་བོད་ཀྱི་སྲོལ་རྒྱུན་སློབ་མ་ནི་ནང་སེམས་ཀྱི་འདུ་ཤེས་འཛིན་སྟངས་གཙོ་བོར་གཟུང་བ་དང་། དེང་རབས་པས་སློབ་མའི་ཕྱིའི་གཟུགས་ཀྱི་རྣམ་འགྱུར་ཁོ་ན་གཙོ་བོར་གཟུང་བ་རེད། འོན་ཀྱང་ད་ལྟའི་དུས་སུ་གོ་ལ་ཆེན་པོ་འདི་ཉིད་ཀྱི་ཕྱིའི་ཡར་རྒྱས་ཀྱི་རྗེས་བཟིན་པ་དང་འཇིག་རྟེན་འདིའི་ནང་སྙིང་ཡོད་ཚད་དེ། འཇིག་ལ་ཉེ་བའི་བཟང་སྤྱོད་དང་འབྲེལ་བའི་རིག་པའི་གཞུང་ལུགས་དེ་དག་སྐྱོབ་ཐབས་སུ་གནའ་དེང་ཟུང་འབྲེལ་གྱི་སློབ་མ་གང་མང་གསོ་སྐྱོང་བྱེད་རྒྱུ་གལ་ཆེར་གྱུར་ཡོད། དེ་ཡང་སློབ་མ་བཟང་པོ་ཞིག་ཡོང་བ་ནི་དགེ་རྒན་བཟང་པོ་ཞིག་ལ་བསྟེན་དགོས་ཤིང་། གཙོ་བོ་དགེ་རྒན་དང་སློབ་མ་གཉིས་བར་ལ་འབྲེལ་བ་བཟང་པོ་ཞིག་དགོས་རྒྱུ་དེ་རེད། དེ་ནི་གཙོ་བོ་དགེ་རྒན་གྱི་ལག་ཏུ་ཡོད་པས་གོང་ནས་བརྗོད་ཟིན་ལྟར་དགེ་རྒན་གནའ་དེང་ཟུང་འབྲེལ་དགོས་རྒྱུ་གལ་ཆེར་གྱུར་ཡོད་ཅེས་སླར་ཡང་ཞུ་འདོད།
དངོས་སུ་བསླབ་སྦྱང་བྱེད་སྐབས་འཁྲིད་ཐབས་གནའ་དེང་ཟུང་འབྲེལ་གྱི་གལ་ཆེའི་རང་བཞིན།
སྐབས་འདིར་འཁྲིད་ཐབས་གནའ་དེང་ཟུང་འབྲེལ་ཞེས་པ་ནི་དངོས་སུ་བསླབ་སྦྱང་བྱེད་དུས་གནའ་དེང་གི་འཁྲིད་སྦྱང་ཟུང་དུ་འབྲེལ་རྒྱུ་གལ་ཆེའི་སྐོར་ཡིན་ཞིང་། དེ་ལ་ཡང་གནའ་དེང་གི་འཁྲིད་ཐབས་ཁག་ལོགས་སུ་བཀོད་ན། རང་རེ་བོད་ཀྱི་གནའ་རབས་སམ་སྲོལ་རྒྱུན་གི་འཁྲིད་ཐབས་ནི། ཕྱི་ལོའི་སྔོན་གྱི་དུས་རབས་ལྔ་པ་བཞི་པ་ཙམ་ནས་དུས་རབས་བཅུ་གཅིག་ཙམ་བར་གྱི་ན་ལན་དྷ་དང་ཝིར་ཀྲ་མ་ལ་ཤི་ལ་སོགས་སུ་སྟོན་པ་སངས་རྒྱས་གྱི་སློབ་རྒྱུད་དང་བཅས་པས་ནང་བསྟན་གྱི་འཁྲིད་ཐབས་ཇི་བཟུང་བ་ལྟར་ཡིན། འཁྲིད་ཐབས་དེས་བླ་མའམ་སློབ་དཔོན་གཙོ་བོར་བཟུང་ཞིང་། སློབ་དཔོན་གྱིས་གང་བསྟན་ལམ་དང་བླ་མས་གང་གསུངས་ལ་རྗེས་སུ་འབྲང་ནས་ཉམས་ལེན་གྱི་ཐོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་ས་ལ་བརྩོན་རྒྱུ་གཙོ་བོར་འཛིན་གྱི་པ་ལས་ཕྱི་དངོས་པོའི་གནས་ལུགས་ལ་རང་རང་གི་རིག་པས་དཔྱས་ནས་གོ་རྟོགས་གསར་འཚོལ་བྱ་རྒྱུར་དེ་ཙམ་གྱིས་དོ་སྣང་བྱེད་སྲོལ་བྱུང་མེད།
ཕྱི་ལོ་དུས་རབས་བཅུ་གཉིས་ཙམ་ནས་ཕྱ་པ་ཆོས་སེང་གིས་བོད་དུ་རིགས་ལམ་དང་བློ་རྟགས་ཀྱི་རྣམ་གཞག་གསར་གཏོད་མཛད་རྗེས་སྔོན་གྱི་འཁྲིད་ཐབས་ཐོག་ཡར་རྒྱས་ཆེན་པོ་ཕྱིན་ཡོད། དེ་ཡང་སྐབས་དེ་ནས་བླ་མ་དང་སློབ་དཔོན་གྱིས་གང་ཁྲིད་ཐོག་སློབ་མ་སོ་སོས་གཞུང་ལུགས་ལ་བལྟ་དགོས་ཤིང། ཆོས་གྲྭ་ཚུགས་སྐབས་རང་རང་གི་འཛིན་གྲོགས་དང་ལྷན་དུ་རྟགས་གསལ་གྱི་ལམ་ནས་བརྡར་ཤ་བཅད་དེ་དོགས་གནས་རྣམས་སེལ་ཐབས་བྱ་དགོས། གལ་ཏེ་ད་དུང་དོགས་པ་མ་ཆོད་ན་བླ་མ་དང་སློབ་དཔོན་ནས་བཀའ་སློབ་དང་ལམ་སྟོན་ཞུ་དགོས་པ་ཡིན། དེ་ལྟར་ན་ལུགས་འདིས་བླ་མ་དང་སློབ་དཔོན་གཙོ་བོའམ་དགེ་རྒན་དབུས་བཞག་བྱེད་ཀྱི་ཡོད་ཀྱང་། སློབ་མ་ལ་རང་རང་གིས་གཞུང་ཀློག་རྒྱུ་དང་། གཞུང་ལུགས་ཀྱི་གོ་དོན་ལ་བསམ་བློ་བཏང་ནས་བགྲོ་གླེང་བྱས་ཏེ་བརྡར་ཤ་གཅོད་རྒྱུ་སོགས་ཀྱི་འགན་ཁྲི་ཆེན་པོ་ཡོད། འཁྲིད་ཐབས་དེ་བཞིན་ད་ལྟ་ཡང་ཉམས་པ་མེད་པར་བོད་ལུགས་དགོན་སྡེ་དང་བཤད་གྲྭ་ཁག་ཏུ་རྒྱུན་སྐྱོང་བཞིན་པ་རེད། འོན་ཀྱང་བོད་ཀྱི་སྲོལ་རྒྱུན་དུ་རབ་བྱུང་དང་ཞི་དྲག་དཔོན་རིགས་ལས་ནུབ་ཕྱོགས་པ་ལྟ་བུ་མི་དམངས་བྱིངས་ལ་སློབ་གྲྭ་བཙུགས་ནས་སློབ་འཁྲིད་བྱེད་སྲོལ་དེ་ཙམ་དར་མེད་པ་རེད།
ནུབ་ཕྱོགས་ཁུལ་དུ་གནའ་རབས་སམ་སྲོལ་རྒྱུན་གྱི་སློབ་འཁྲིད་ཐབས་ལམ་ནི་དགེ་རྒན་དབུས་བཞག་ཟེར་བ་ཡིན་ཞིང་དགེ་རྒན་ནི་གཙོ་བོ་ཡིན། འཛིན་གྲྭའི་ནང་སློབ་འཁྲིད་བྱེད་སྐབས་བསླབ་དེབ་ཀློག་མཁན་དགེ་རྒན་དང་། སྒྲུང་འཆད་མཁན་དང་འགྲེལ་བཤད་བྱེད་པོ་རྒན་ཡིན་དགོས། སློབ་མ་ཚོར་དགེ་རྒན་གྱིས་གང་བཤད་ཉན་རྒྱུ་དང། དགེ་རྒན་གྱི་གང་བསླབས་སྐྱོར་སྦྱང་བྱ་རྒྱུ་ལས་གཞན་འགན་འཁྲི་གང་ཡང་མེད། ཡིག་རྒྱུགས་སྐབས་སུ་ཡང་རྒྱུགས་ཤོག་ཐོག་དགེ་རྒན་གྱི་གང་བསླབས་པ་གཞིར་བཞག་ཐོག་ནས་དྲི་བ་བསླེབས་དགོས་ཤིང་ལན་འདེབས་ཀྱང་དགེ་རྒན་གྱིས་གང་བསླབས་པ་དེ་རང་ཐུབ་དགོས་པ་ཡིན། དེར་རྟེན་སློབ་མ་རྣམས་ལ་བསམ་བློའི་རང་དབང་མེད་ལ། སྦྱང་བྱའི་ཐོག་ལ་རང་རང་གི་རིག་རྩལ་ངོམས་ནས་རང་དབང་སྦྱོང་བའི་ཐོབ་ཐང་བྲལ་བ་རེད།
དུས་རབས་ཉི་ཤུ་པའི་བར་སྨད་ཙམ་ནས་དགེ་རྒན་དབུས་བཞག་ཟེར་བ་དེའི་སྐྱོན་ཆ་མང་པོ་ཞིག་ཤེས་རྗེས་དེང་རབས་ཀྱི་ནུབ་ཕྱོགས་པའི་འཁྲིད་ཐབས་སློབ་མ་དབུས་བཞག་ཟེར་བའི་ལུགས་དེ་སློབ་གྲྭ་ཁག་ལ་འགོ་བརྩམས་པ་རེད། སློབ་མ་དབུས་བཞག་ཟེར་བ་ནི་སློབ་གྲྭའི་ནང་བསླབ་སྦྱང་བྱེད་སྐབས་བྱེད་སྒོ་ཐ་དག་སློབ་མས་གཙོ་བོར་བྱེད་པ་སྟེ། བསླབ་དེབ་ཀླག་རྒྱུ་དང་། དོན་དག་རྟོགས་རྒྱུ། འགྲེལ་བཤད་ཐུབ་རྒྱུ། ད་དུང་ཆེད་རྩོམ་འབྲི་རྒྱུ་སོགས་ཐ་དག་སློབ་མས་བྱེད་དགོས། དགེ་རྒན་ནི་སློབ་གྲྭའི་ནང་ལྟད་མོ་ལྟ་མཁན་ནམ་བསམ་འཆར་སྤེལ་མཁན་ལྟ་བུར་གྱུར་ཡོད། དེ་ལྟར་ལམ་ལུགས་དེས་གསར་གཏོད་དང་གསར་བརྙེད་མང་པོ་ཞིག་ཡོང་གི་ཡོད་རུང་སྲོལ་རྒྱུན་རིག་གནས་ཀྱི་དཀའ་གནད་ལྟ་བུ་སློབ་མ་ཚོས་རྟོགས་མི་ཐུབ་པའི་སྐྱོན་ཆ་ཆེན་པོ་ཡོད་པ་རེད།
ཕྱོགས་ཡོངས་ནས་བསམས་ན་སྲོལ་རྒྱུན་གཅིག་བུ་དང་དེང་རབས་གཅིག་བུའི་འཁྲིད་ཐབས་ལོགས་སུ་བཟུང་ན་གཤོག་པ་གཅིག་པ་ལྟ་བུ་ཆ་མ་ཚང་བ་ཞིག་ཏུ་འགྱུར་འགྲོ་བཞིན་ཡོད། དེས་ན་ཐབས་ཤེས་ཟུང་འཇུག་ལྟ་བུས་“ཤེས་ཡོན་སློབ་སྤེལ་གྱི་ལས་དོན་ནང་དགེ་རྒན་ལས་གལ་གནད་ཆེ་བ་ཞིག་མེད་གཤིས། དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་གྱི་ལམ་སྲོལ་དེ་གཟུང་རྒྱུ། འོན་ཀྱང་དགེ་རྒན་གྱིས་སློབ་ཕྲུག་ལ་དངོས་སུ་སློབ་སྟོན་བྱེད་སྐབས་སློབ་ཕྲུག་དབུས་སུ་བཞག་པའི་ཐབས་ཚུལ་གཟུང་དགོས”པ་ཡིན། དེ་ཡང་སློབ་གྲྭའི་ནང་དངོས་སུ་བསླབ་སྦྱང་བྱེད་སྐབས་དཔེ་དེབ་བཀླག་རྒྱུ་དང་། བསམ་གཞིག་བྱ་རྒྱུ། འབྲི་རྩོམ་བྱ་རྒྱུ་སོགས་དེང་རབས་ཀྱི་འཁྲིད་ཐབས་བཞིན་འགན་འཁྲི་གཙོ་བོ་སློབ་མ་ཚོར་ཡོད་དགོས་ཀྱང་། དགེ་རྒན་ནི་ནམ་ཡང་སློབ་མ་ཚོའི་འགྲམ་དུ་ཡོད་ཅིང་། ལམ་སྟོན་དང་སློབ་སྟོན། དོགས་གནད་གཅོད་རོགས་དང་བཀའ་འདྲི་ཞུ་ཡུལ་དུ་ཡོད་དགོས། དགེ་རྒན་གྱིས་སློབ་མའི་བཟང་སྤྱོད་དང་། མ་འོངས་པར་ལམ་བཟང་པོ་ཞིག་ཏུ་འཁྲིད་རྒྱུའི་འགན་འཁྲི་འཁྱེར་དགོས།
མདོར་ན་རྒྱུན་དུ་སློབ་གྲྭའི་ནང་དགེ་རྒན་གལ་གནད་ཆེ་ཞིང་། དགེ་རྒན་ནི་སློབ་ཕྲུག་ཚོའི་མིག་དཔེ་དང་། ལམ་སྟོན་པའི་སྒྲོན་མེ་ལྟ་བུ་ཡིན་དགོས་ལ། སློབ་མ་ཚོར་སློབ་སྦྱོང་བྱེད་སྐབས་བསམ་བློའི་རང་དབང་། སྦྱོང་ཐབས་ཀྱི་རང་དབང་། གོ་རྟོགས་དང་རྣམ་རྟོག་གི་རང་དབང་ལྡན་པ་དགོས་སོ། འདི་ལྟ་བུའི་ཟུང་འབྲེལ་གྱི་ལམ་དུ་སྐྱོད་ཐུབ་ན་མ་འོངས་པར་གོ་ལ་ཧྲིལ་པོར་ཕན་ཐོགས་ཆེན་པོ་ཞིག་ཡོང་ངེས་སུ་སོང་། འཁྲིད་ཐབས་གནའ་དེང་ཟུང་འབྲེལ་བྱ་རྒྱུ་ནི་ཧ་ཅང་གལ་གནད་ཆེའོ།
མཇུག་གི་ཚིག་གསུམ།
བདག་གིས་བལྟས་ན་ད་ལྟའི་དུས་རབས་ཀྱི་དགོས་མཁོ་དང་མིའི་རིགས་ཀྱི་མ་འོངས་པར་བསམས་ན། གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ཏུ་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་སྤྲོད་ལེན་ཐུབ་རྒྱུ་ཧ་ཅང་གལ་ཆེན་དང་གནད་ཀྱི་དོན་པོར་གྱུར་ཡོད། དེ་ལྟར་བྱུང་ན་རང་ཅག་གི་ད་ལྟའི་བསམ་བློ་དང་། ཐམས་ཅད་མཁྱེན་པའི་བཞེད་དགོངས་ལྟར་བོད་ལྗོངས་འདི་བཞིན་མ་འོངས་པར་གནའ་དེང་ཟུང་འབྲེལ་གྱི་ཞི་བའི་རྒྱལ་ཁབ་གཅིག་ཏུ་འགྱུར་ཐུབ་རྒྱུ་དང་། གོ་ལ་ཧྲིལ་པོར་གནའ་དེང་ཟུང་འབྲེལ་གྱི་ཞི་བའི་མིག་དཔེ་འོས་པོ་ཞིག་སྟོན་གྱུར་ཐུབ་རྒྱུ་རེད། བདག་གིས་འདི་ནས་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་སྤྲོད་ལེན་རྒྱལ་བའི་སྨོན་པའི་ངང་མཚམས་འཇོག་པར་བྱ།
ཟླ་ཤས་སྔོན་གྲོགས་པོ་ཞིག་གིས་བསྐུལ་བྲིས་པ་ ༢༠༡༣།༠༦།༡༥ ཉིན་ཅུང་བཅོས་ཁུལ་གྱིས་འདིར་དྲངས་ཡོད།
ཟུར་བལྟའི་ཁུངས།
1. ཤེས་ཡོན་སྲིད་བྱུས། བཙན་བྱོལ་བོད་མིའི་སྒྲིག་འཛུགས།
2. ཤེས་ཡོན་སྲིད་བྱུས། བཙན་བྱོལ་བོད་མིའི་སྒྲིག་འཛུགས།
3. ཤེས་ཡོན་སྲིད་བྱུས། བཙན་བྱོལ་བོད་མིའི་སྒྲིག་འཛུགས།
4. ༢༠༡༠ ཟླ། ༡༢ ཚེས། ༢༦ ལྡི་ལི་བོད་ཁྱིམ་ཚོགས་ཁང་དུ་གསུངས་པའི་༧གོང་ས་མཆོག་གི་བཀའ། བང་ཆེན་དྲ་རྒྱ།
5. བྱང་ཆུབ་སེམས་དཔའི་ས།
6. མདོ་སྡེ་རྒྱན།
7. བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། ཞི་བ་ལྷ།
8. མཁས་པ་ལ་འཇུག་པའི་སྒོ། ས་པཎ།
9. དགེ་རྒན་གྱི་འོས་འགན་གླེང་བའི་གཏམ། སྟོབས་ལྡན། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
10. ཤེས་ཡོན་སྲིད་བྱུས། བཙན་བྱོལ་བོད་མིའི་སྒྲིག་འཛུགས།
11. ཤེས་ཡོན་སྲིད་བྱུས། བཙན་བྱོལ་བོད་མིའི་སྒྲིག་འཛུགས།
12. དབུ་མ་བཞི་བརྒྱ་པ། འཕགས་པ་ལྷ།
13. མཁས་འཇུགས་པཎ།
14. དེང་གི་དགེ་རྒན་དང་སློབ་མའི་ཐད་སྤེལ་བའི་གླེང་བརྗོད། རྣམ་ཤེས་ཀྱི་ཁ་དོག་ཟིན་བྲིས་དྲ་བ།
15. How To Become A Good Student, WIKIMEDIA INDIA
16. ཤེས་ཡོན་སྲིད་བྱུས། བཙན་བྱོལ་བོད་མིའི་སྒྲིག་འཛུགས།
|
Subscribe to:
Post Comments (Atom)
0 comments:
Post a Comment