དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Wednesday, 4 December 2013
རང་བསྟན་རྗེས་ལུས་བྱེད་མི་རུང་བ་དྲན་པའི་གསོས་སྨན།
འཚོགས་ཐེངས་གཉིས་པ་སྤྱི་ལོ ༢༠༡༡་ལོའི་ཟླ་ ༠༡་ཚེས་༢༠ ནས་ཉིན་གསུམ་རིང་འཚོགས་པ་རེད། ཚོགས་ཐེངས་གཉིས་པ་དེ་དང་གསུམ་པ་གཉིས་ཀྱི་གྲ་སྒྲིག་གཙོ་འགན་ཁུར་བ་ཡིན། ཁུར་དགོས་དོན་ཚོགས་ཐེངས་དང་པོའི་གྲོས་ཆོད་ལག་ལེན་ཐེབས་ཐབས་དང་། གཉིས་སུ་ཚོགས་ཐེངས་གཉིས་པའི་སྔར་ལོ་གཉིས་ཀྱི་སྔོན་ལ་ང་ཚོ་རྫོགས་ཆེན་ཆོས་བརྒྱུད་ཀྱི་མཁན་སྤྲུལ་མང་པོ་ཞིག་རྡོར་ལྡན་ལ་མཉམ་འཛོམ་བྱུང་སྐབས་འབྱུང་འགྱུར་འདི་ལྟར་ཡང་ཡང་འཛོམ་ཐུབ་པའི་ཐབས་ཤེས་འཚོལ་དགོས་པའི་རེ་འདུན་དགོན་འཛིན་སྐྱོང་ལ་བྱུང་དོན་བཞིན་རིན་པོ་ཆེ་ལ་ཞུས་སྐབས་བཀའ་གནང་གཙང་མ་ཐོབ་ནས་གྲ་སྒྲིག་བྱས་པ་ཞིག་རེད། ཐེངས་གསུམ་པ་ཚོགས་ཐེངས་གཉིས་པའི་གྲོས་ཆོད་བཞིན་ལོ་གཉིས་རེ་ནས་འཚོགས་ཐུབ་ན་ཡག་པོ་ཡོད་པའི་གྲོས་ཆོད་བཞིན་སྤྱི་ལོ ༢༠༡༣ ལོའི་ཟླ་མགོར་འཚོགས་པ་རེད་ལགས། ད་ཕན་ནམ་འཚོགས་སྐབས་དེ་དུས་ཀྱི་འགན་འཛིན་ཚོ་ལ་རག་ལས་པ་ཞིག་དང་རྒྱལ་ཕྱི་ནང་གི་ཕར་འགྲོ་ཚུར་བསྐྱོད་ཀྱི་ཁོར་ཡུག་ལ་ངེས་པར་བལྟ་དགོས་པ་ཞིག་རེད། ཚོགས་འདུ་ཞིག་ཚོགས་ཡོང་དུས་གྲུབ་འབྲས་ཡོད་པ་རེ་འཚོགས་ཐུབ་ན་བཟང་གི། དེ་བས་དེང་རབས་ཀྱི་ཆབ་སྲིད་འཚོགས་འདུ་ལྟ་བུ་མ་རེད། དོན་ངོ་མ་རང་བསྟན་འཛིན་སྐྱོང་སྐོར་ཡིན་དུས་བོད་ཕྱི་ནང་གཉིས་ཆར་ནས་ངེས་པར་ཕེབས་དགོས་ཀྱི་འདུག བོད་ནང་ནས་ཕྱག་ཡིག་རེ་བསྐུར་བ་ཙམ་གྱིས་འདོད་པ་ཚིམ་གྱི་མི་འདུག ཁོང་རྣམས་ངེས་པར་ཕེབས་དགོས་པར་མ་ཟད་ཕེབས་ནས་གྲོས་བསྡུར་ཞིབ་ཚགས་གནང་རྒྱུ་གལ་ཆེན་རེད་བསམ་གྱི་ཡོད་ལགས།
དྲི་བ། འཚོགས་འདུའི་དམིགས་ཡུལ་གང་ཡིན།
ལན། གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་བླ་སློབ་སྐུ་ཚབ་སོགས་མཉམ་འཛོམས་ཀྱིས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། སྔ་འགྱུར་རྙིང་མ། ཁྱད་པར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བསྟན་པའི་བྱུང་རིམ་ལ་ཕྱི་མིག་བལྟས་ནས་འབྱུང་འགྱུར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་ལམ་འཚོལ་རྒྱུ་དེ་རེད། བསྟན་པ་ཉམ་ཆག་དང་འཕེལ་རིམ་མང་པོ་བྱུང་ཡོད་དུས་ཉམ་པ་སླར་བསྐྲུན་དང་ཉམ་མེད་གོང་ནས་གོང་དུ་སྤེལ་དགོས་པ་རེད། སྤེལ་བར་བྱེད་པ་ལ་མི་མང་པོ་འཛོམས་རྒྱུ་གལ་ཆེན་རེད། མི་མང་པོས་བཏེགས་ན་གདུང་མ་ཡང་ཟེར་བའི་དཔེ་ལྟར་མི་མང་མཉམ་འཛོམ་གྱི་ནུས་ཤུགས་ཆེན་པོ་ཞིག་ཡིན་དུས་ཐབས་ལམ་དེ་བསྡམས་པ་རེད། མཁས་པའི་ལེགས་བཤད་ནང་ན་མང་པོ་དང་གྲོས་བྱས་ན་གྲོས་སྐྱེ་གསུངས་བ་ལྟར། སྤྱིར་བསྟན་པ་འཛིན་སྐྱོང་ཡིན་ན་རེད་བྱ་བ་གང་ཞིག་བྱེད་དགོས་ན་གྲུབ་ཆ་མང་པོ་ཞིག་ངེས་པར་འཛོམས་དགོས་ཞེས་༸སྐྱབས་རྗེ་རྡོ་གྲུབ་ཚང་གིས་མདུན་གྱི་ཅོག་ཙེ་ལ་མཛུབ་མོ་བཙུགས་ནས་འདི་ལ་རྐང་པ་བཞི་ཡོད་ན་བརྟན་པོར་གནས་ཐུབ་པ་ལྟར་བསྟན་པ་དེའི་དབུ་འཛིན་དང་། དེའི་འཛིན་སྐྱོང་ལས་སྣེ་བ་རྣམས་པ། ཤེས་རིགས་ཡོན་ཏན་ཅན་གྱི་མི་སྣ་དང་། རྒྱུད་འཛིན་རྣམས་ཁ་རུབ་རུབ་དང་། ཁ་སྤུ་ཚོམས་ཚོམས་བྱས་ཡོང་ན་གང་ཡང་འགྲུབ་པའི་ངེས་ཤེས་དང་གདང་ཚོད་ཡོད་པ་ལས་དེ་ལས་གྲུབ་ཆ་གང་ཡང་རུང་བ་ཞིག་མ་ཚང་ན་འགྲུབ་ཁག་པོ་རེད། གྲུབ་དབང་པདྨ་མ་རིག་འཛིན་ནས་སྐུ་འཕྲེང་དྲུག་པའི་བར་དགོན་ལག་སུམ་བརྒྱ་ལྷག་གསར་འཛུགས་གནང་ཡོད་པའི་བཤད་རྒྱུན་ཡོད་རེད། ཡིན་ན་ཡང་དུས་འགྱུར་གྱི་ཁྲོད་ནས་མང་པོ་རྩ་བརླགས་བྱུང་ནས་ད་ཐེངས་དངོས་ཡོད་ཀྱི་དགོན་ལག་འདི་རེད་དང་མ་རེད་ཀྱིས་གྲངས་བགྲང་དགོས་ན་ག་ཚོད་ཡོད་ཧ་མི་དགོས་བའི་གནས་སྟང་ཞིག་ཆགས་འདུག ཁྱད་པར་ད་ཐེངས་མི་རབས་གསར་བ་འདིའི་སྒང་ནས་མི་ཆེ་ཆེ་ཆུང་ཆུང་ཚང་མ་ལ་འགན་རེ་བླང་ནས་རྫོགས་བསྟན་འདི་ཉམས་པ་སླར་གསོ་ངེས་པར་དགོས་ཀྱི་འདུག་བསམ་གི མི་སུ་དང་གང་ཞིག་ཡིན་ན་ཡང་དོན་ངོ་མའི་བསྟན་པ་འཛིན་སྐྱོང་སྐོར་ལ་བསམ་བློ་གཏོང་དགོས་པ་ལས་མིང་དང་གོ་ས་ཐོབ་འདོད། ཕྱིའི་རྣམ་པ་ཁྲ་ལམ་མེ་རེ་བྱས་ནས་ཀུན་སློང་དེ་ཙམ་གྱིས་མི་ཚེ་བསྐྱལ་བསྡད་ན་བསྟན་པ་ལ་དེ་ལས་ལྷག་པའི་གནོད་ཆེ་བ་ཞིག་མི་འདུག གྲུབ་དབང་སྐུ་འཕྲེང་བཞི་པས་བཤད་གྲྭ་ཤྲཱི་སེང་ཧ་གསར་འཛུགས་གནང་ནས་གངས་ལྗོངས་མཁས་པའི་གདན་ས་ཞེས་མིང་དོན་དང་ལྡན་པ་ཞིག་བྱུང་བ་རེད། ཡིན་ན་ཡང་སྐུ་འཕྲེང་དྲུག་པའི་སྐབས་གནམ་ས་གོ་ལོག་གིས་བསྟན་པ་སྤྱི་ཡོངས་ལ་ཉམས་རྒུད་ཆེན་པོ་ཞིག་བྱུང་པ་རེད། དེ་ནས་དུས་རབས་༢༠་པའི་ལོ་རབས་༧༠་པའི་ཆོས་ལུགས་ཀྱི་སྒོ་ཕྱེ་བ་ཙམ་ནས་ཆོས་ལུགས་གྲུབ་མཐའ་ཚང་མས་བསྟན་པ་སླར་གསོ་བྱས་པ་ལྟར་རྫོགས་བསྟན་ཡང་བསྐྱར་གསོ་བྱས་པ་རེད་ལ་བསྐྱར་གསོ་བྱས་པ་བཞིན་གང་འཚམ་བསྐྱར་གསོ་བྱས་ཐུབ་པ་རེད། མི་རབས་རྙིང་བའི་བཀའ་དྲིན་བསམ་ཡུལ་ལས་འདས་པ་རེད། རང་ལ་བསམ་བློ་བཏང་ན་ཁོང་རྣམས་ལ་སེམས་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། མི་རབས་གསར་བ་རྣམས་ཀྱིས་དེ་བཞིན་ཕྱོགས་གང་ས་ནས་རང་བསྟན་ལ་ནུས་ཤུགས་སྤེལ་དགོས་པ་དང་དེ་ལ་མཉམ་འཛོམས་མཉམ་ལས་དགོས་གལ་ཆེན་པོ་ཡིན་དུས་ཚོགས་འདུ་འདི་རིགས་གྲོས་བསྡུར་བྱེད་སའི་གར་སྟེགས་ཙམ་བསྐྲུན་པ་ཡིན། མཉམ་འཛོམས་དེའི་སྟབས་ཀྱིས་ཕན་ཚུན་ངོ་ཤེས་པ་གཅིག་པོ་ཡང་དགེ་མཚན་ཆེན་པོ་ཞིག་རེད་ངའི་མཉམ་མྱོང་གི་སྐད་ཆ་ཡིན། རྫོགས་ཆེན་ཆོས་བརྒྱུད་དེ་འཛམ་གླིང་ཤར་ནུབ་གང་སར་འདུག་ལ། དེར་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྡན་ས་ད་དུང་ཧ་ཅང་མང་པོ་འདུག་ཀྱང་ཚང་མ་རྒྱང་བཞུགས་གནང་འདུག སྔོན་མ་ཡིན་ན་ང་རྫོགས་ཆེན་ཆོས་བརྒྱུད་རེད་ཟེར་དགོས་ན་སྤོབས་པ་དང་གཟི་བརྗིད་ཅིག་ལ་སུས་ཀྱང་བརྩི་གི་རེད་ལ་བརྩི་ཆོག་གི་ཡང་རེད། ཡིན་ན་འབྱུང་འགྱུར་རྫོགས་ཆེན་ཆོས་བརྒྱུད་ཡིན་ཡང་མིན་ཁུལ་བྱེད་རྒྱུ་རེ་མི་འོང་རྒྱུ་ཆུ་མ་འོང་གོང་ནས་ཆུ་རགས། རླུང་མ་འོང་གོང་ནས་རླུང་ར་ཟེར་བའི་དཔེ་ལྟར་ཚང་མས་དོགས་ཟོན་བྱེད་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད་ལགས།
དྲི་བ། ཚོགས་འདུའི་གྲུབ་ཆ་ག་འདྲ་རེད། ལན། འཚོགས་འདུ་འདི་ཉིད་རྒྱལ་ཡོངས་༸གྲུབ་དབང་རྫོགས་ཆེན་པའི་ཚོགས་འདུ་ཞིག་རེད། བོད་ཕྱི་ནང་གཉིས་ནས་རྫོགས་ཆེན་པའི་ཆོས་བརྒྱུད་བརྒྱ་ཆ་དྲུག་ཅུ་ལྷག་མཉམ་འཛོམས་བྱུང་བ་རེད། གཙོ་བོ་ཕྱི་ཕྱོགས་ཀྱི་མཁན་སྤྲུལ་མང་ཙམ་ཕེབས་ཡོད་པ་དང་། བོད་ནང་བཞུགས་པའི་དགོན་སྡེ་ཁག་གིས་གསུངས་འཕྲིན་འབྱོར་ཡོད། ཚོགས་ཐེངས་གསུམ་པ་ལ་མཚོན་ན་དགོན་སྡེ་བརྒྱ་ལྷག་གཉིས་བརྒྱ་མ་ཟིན་ཙམ་གྱི་སྐུ་ཚབ་ཕེབས་འཆར་ཡོད་ཀྱང་། བོད་ནས་ལམ་ཡིག་མ་རག་པ་དང་། ལམ་ཡིག་ཡོད་ཀྱང་ཆོག་མཆན་མ་ལོན་པ་རེད། ཕྱི་ཕྱོགས་ནས་སྐབས་དེར་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་གདམས་ངག་མཛོད་གསུངས་ནས་དེ་ནས་མང་པོ་ཞིག་འགགས་པ་དང་། འབྲུག་ནས་ནམ་མཁའི་སྙིང་པོས་ཡང་དབང་ལུང་ཞིག་དང་ཁེལ་སོང་། དེ་བཞིན་ཝ་ར་ན་སུ་ནས་༸གོང་ས་མཆོག་གིས་སྤྱོད་འཇུག་གསུངས་པ། གཞན་དགོན་ཆེན་ཁག་གིས་རྒྱུགས་ཆེན་དང་། ཆོས་རྗེ་བླ་མའི་འདས་མཆོད་དང་ཐོ་ཐུགས་པ་སོགས་ཀྱིས་མང་ཞིག་དེ་རིགས་ནས་འགགས་ཀྱང་དངོས་སུ་ཕེབས་རིགས་དགོན་སྡེ་ཁག་གི་སྐུ་ཚབ་ ༤༠་ལྷག་དང་། གསུངས་འཕྲིན་ཡང་༤༠་ལྷག་ཁྱོན་དགོན་སྡེ་དགུ་བཅུ་མ་ཟིན་ཙམ་འབྱོར་ཡོད། གཙོ་བོ་རྫོགས་ཆེན་ཚང་ལ་ཡོངས་གྲགས་ཀྱི་མཆོག་སྤྲུལ་རྣམ་གསུམ་ཟེར་བ་ཞིག་ཡོད་པ་རེད། གཅིག་རྫོགས་ཆེན་རིན་པོ་ཆེ་བསྟན་པ་ཡོངས་ཀྱི་བདག་པོ་ཡིན་པ་ལྟར་དབུ་བཞུགས་གནང་བ་རེད། གཞན་རྫོགས་ཆེན་སྐུ་ཞོགས་དགེ་མང་རིན་པོ་ཆེ་ཁོང་དངོས་སུ་ཕེབས་པ་རེད། རྫོགས་ཆེན་དཔོན་སློབ་ཡིན་ན་ཚོགས་འདུ་ལ་མོས་མཐུན་ཡོད་གསུངས་ནས་འདུལ་བ་ནས་གསུངས་དོན་བཞིན་འདུན་པ་ཕུལ་ཡོད། དེ་འདྲ་ཡིན་དུས་རྫོགས་བསྟན་སྤྱི་ལ་ཁྱབ་པའི་ཚོགས་འདུ་དམིགས་བསལ་བ་ཞིག་ཡིན། ཚོགས་ཐེངས་གཉིས་པའི་སྐབས་ཀྱི་གྲོས་ཆོད་ཚོ་དགོན་ལག་ཡོངས་ནས་ལག་ལེན་བཏབ་ཡོད་པ་དེ་འདྲ་རེད་ལགས།
དྲི་བ། གྲོས་གཞི་གྲོས་ཆོད་ག་འདྲ་བྱུང་ཡོད། ལན། ཚོགས་འདུ་དང་པོའི་སྐབས་གྲོས་ཆོད་མང་པོ་ཡོད་རེད། ཐེངས་གཉིས་པའི་སྐབས་དམིགས་བསལ་གྲོས་ཆོད་བདུན་ཙམ་བྱུང་ཡོད། ཁྱད་པར་ཐེངས་གསུམ་པའི་སྐབས་གྲོས་གཞི་གལ་ཆེན་གསུམ་ཡོད། ༡༽ ཚོགས་འདུ་སྔོན་མ་དག་གི་གྲོས་ཆོད་ལག་ལེན་ཐུབ་ཡོད་མེད་སྐོར་ལ་བསྐྱར་ཞིབ་གནང་།
༢༽ འབྱུང་འགྱུར་རང་ལུགས་རྫོགས་ཆེན་པའི་བསྟན་པའི་སྙིང་པོ་བཤད་སྒྲུབ་ལས་གསུམ་གོང་འཕེལ་གཏོང་བའི་ཐབས་ལམ་འཚོལ་ཕྱོགས། ༣༽ ཁྱད་པར་བསྟན་པའི་རྩ་ལག་རང་ལུགས་༸གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ལམ་ཁ་གཅིག་དང་། བསམ་བློ་གཅིག ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་བསྟན་པ་འཛིན་སྐྱོང་སྤེལ་ཕྱོཊ་སྐོར་བཅས་གྲོས་གཞི་གསུམ་གྱི་སྒང་ལ་གྲོས་བསྡུར་རབ་དང་རིམ་པ་གནང་ནས་མཐར་གྲོས་ཆོད་དྲུག་བྱུང་ཡོད།
དྲི་བ། ཚོགས་འདུ་སྔོན་མ་གཉིས་དང་མ་འདྲ་བའི་དམིགས་བསལ་འདྲ་ཨེ་ཡོད། འཚོགས་འདུ་སྔ་མ་གཉིས་དང་མ་འདྲ་བ་ཞིག་ལ་ཚོགས་འདུ་སྐབས་དེར་རིན་པོ་ཆེ་རང་ངོས་ནས་མཁན་སྤྲུལ་འགའ་ཞིག་ཟུར་འགུག་གིས་བསྟན་བདག་འགན་འཛིན་མཁན་སྤྲུལ་ལྔ་དང་། བཤད་གྲའི་འགན་འཛིན་མཁན་པོ་བཞི། གྲྭ་ཚང་རྡོ་རྗེ་སློབ་དཔོན་སྤྲུལ་སྐུ་གསུམ་བཅས་ལོ་གཉིས་རེར་མི་མཐུད་ནས་འགན་ཁུར་དགོས་པའི་བཀའ་ཕབ་སོང་། བཀའ་ཕབ་པ་ནང་བཞིན་སྤྱི་ལོ ༢༠༡༣ ཟླ་༡ ཚེས ༡ ནས་༢༠༡༤ ཟླ ༡༢ པའི་ཚེས་ ༣༠་པར་རྫོགས་ཆེན་ཀོང་སྤྲུལ་གྱིས་འགན་ཁུར་དགོས་པ་རེད། དེ་ནས་གཡག་ཟེ་སྤྲུལ་སྐུ། མཁན་པོ་ཀུན་དགའ་བཀྲ་ཤིས། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ། རང་དང་བཅས་པ་མི་ལྔས་ལོ་བཅུའི་རིང་འགན་ཁུར་རྒྱུ་དང་རྗེས་སོར་མཁན་སྤྲུལ་ལྷག་བསམ་ཅན་གཞན་པར་ལམ་ཁ་སྤྲད་རྒྱུ་རེད། ཡིན་ན་ཡང་རིན་པོ་ཆེ་ལ་དང་ཐོག་ལས་རིམ་འགའ་ཞིག་སྙན་ཞུ་བཏང་ཡོད་པ་ལྟར་ཞལ་བཞེས་ཐོབ་ན་འགན་འཛིན་རྣམས་ཀྱིས་སྔ་འགྱུར་༸རྒྱལ་བ་རྫོགས་ཆེན་པའི་བསྟན་པར་དཀའ་ཚེགས་དང་དཔལ་འབྱོར་སོགས་གང་ཐད་ནས་ཀྱང་ཞབས་ཕྱི་ཞུ་མཁན་ཤ་སྟག་རེད་ནུས་པ་གང་ཡོད་ཕུད་ངེས་རེད། ང་རང་གི་གནས་སྐབས་བོད་རིགས་ཀྱི་གཞུང་དང་སྒེར་སོགས་ཕྱི་འབྲེལ་གྱི་འགན་འཛིན་བྱེད་རྒྱུ་གྲོས་མཐུན་བྱུང་བ་ལྟར་གང་ཐུབ་བྱེད་རྒྱུ་རེད། འབྱུང་འགྱུར་ལོ་གཉིས་ལ་ཞབས་ཕྱི་བྱེད་རྒྱུ་རེད་ལ་དེ་སྔ་མ་རྣམས་ཀྱིས་ལམ་ཁ་གང་བྱུང་བ་ལྟར་དེ་ལུགས་འགྲོ་རྒྱུ་རེད། དེ་བཞིན་སྐབས་དེར་མཁན་པོ་ལྔ་གསར་བསྐོ་བྱུང་ཡོད་དེ་ནི་རྫོགས་ཆེན་དགོན་པ་ཚུགས་ནས་མཁན་ཐོག་དང་པོའི་གྲས་རེད། ད་ཐེངས་མཁན་པོ་ཅུང་མང་ཙམ་བསྐོས་རྒྱུ་ཡོད་ཀྱང་འགའ་ཞིག་ཕ་ཡུལ་ཕེབས་ཡོད་པ་དང་། འགའ་ཞིག་ལ་རང་ངོས་མས་མོས་མཐུན་མེད་པ་བཅས་ཀྱིས་དེ་ཙམ་བསྐོས་པ་རེད། སྤྱིར་མཁན་པོ་ཟེར་དུས་ཡོན་ཏན་གང་འཚམ་ཡོད་དགོས་པ་མ་ཟད་མི་གཞི་དང་ཚུལ་ཁྲིམས་གཙོར་འདོན་གནང་དགོས་པ་བཞིན་གང་བཟང་རྣམས་བསྡམས་པ་ལས་སློབ་ཐོན་པ་ཚང་མར་ལག་ཁྱེར་སྤྲད་བཞག་པ་ཞིག་མིན།
དྲི་བ་སྐབས་དེར་སྐུ་ཉིད་ཤྲཱི་སེང་བཤད་གྲྭའི་ལས་ཐོག་མཁན་རབས་བཞི་པ་ཉིད་དུ་བསྐོས་བཞག་གནང་བྱུང་བར་ཚོར་སྣང་ག་འདྲ་བྱུང་། ལན། སྤྱིར་སྤྱི་ལོ་ ༢༠༠༧ ལོར་ཁྲིམས་ལྡན་སྡེ་སྣོད་འཛིན་པ་ཆོས་སྨྲ་བའི་མཚན་གནས་ཕུལ་བ་ནས་བཟུང་ལས་ཐོག་མཁན་པོའི་འགན་དེ་བཀལ་བ་རེད། བཀལ་བ་བཞིན་འགན་ཁུར་ནས་མི་ལོ་བདུན་ཙམ་ལ་གང་ཐུབ་གང་ནུས་ཀྱི་རྒྱལ་བ་རྫོགས་ཆེན་པའི་བསྟན་པར་ཞབས་ཕྱི་བྱས་ཁུལ་ཡིན། ཡིན་ན་ཡང་གནས་དུས་ཁོར་ཡུག་མང་པོ་ཞིག་གིས་གང་བསམ་པ་བཞིན་འགྲུབ་ཡ་ཁག་པོ་རེད། རང་ངོས་ནས་རྫོགས་བསྟན་འཛིན་སྐྱོང་སྤེལ་གསུམ་བྱས་པའི་དུས་ཀྱི་བརྒྱུད་རིམ་ནང་རེ་འཆར་བརྒྱ་ཆ་༢༠ ཙམ་འགྲུབ་སོང་། འགྲུབ་པ་དེ་ཡང་རང་གི་ཡིད་གཅུགས་ཆོས་གྲོགས་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་རམ་འདེགས་གནང་བ་དང་། ཁྱད་པར་རྫོགས་ཆེན་ཆོས་བརྒྱུད་ཀྱི་མཁན་སྤྲུལ་བླ་སློབ་སོགས་སྒེར་དོན་བྲལ་ཞིང་སྤྱི་སེམས་འཆང་བ་ཡོངས་ཀྱིས་ང་ལ་ཡིད་ཆེས་དང་རེ་བ་ཁ་མིན་དོན་གྱིས་བྱས་པའི་སྟོབས་ལས་བྱུང་བ་རེད། ཡིན་ན་ཡང་རེ་འཆར་བརྒྱ་ཆ་ ༨༠་ཙམ་འགྲུབ་ཐུབ་མ་སོང་། ཚོགས་ཐེངས་གསུམ་པའི་སྐབས་དེར་ངོས་ལ་ཡང་ལས་ཐོག་མཁན་པོའི་ཕྱག་ཁྱེར་སྤྲད་རྒྱུ་ཡིན་གསུངས་ཡོང་དུས་མ་སྐྱིད་པ་དང་ངོ་ཚ་འདྲ་བོ་བྱུང་སོང་། ང་ལ་དེ་ལྟ་བུའི་ཤེས་འཇོན་མེད་དུས་བློ་བབ་མ་བྱུང་བར་མ་ཟད་ལྡོག་ཐབས་བྱས་ཀྱང་ཕན་འབྲས་མ་བྱུང་བར་འཕགས་ཡུལ་རྫོགས་ཆེན་པའི་ལས་ཐོག་མཁན་རབས་བཞི་པའི་ཕྱག་ཁྱེར་སྤྲད་པ་རེད། མཁན་རབས་སྔོན་མ་ཚོ་བསམ་གྱིས་མི་ཁྱབ་པ་ཏག་ཏག་རེད། ཡིན་ན་ཡང་ང་ལ་ལག་ཁྱེར་སྤྲད་ན་འདྲ་མ་སྤྲད་འདྲ་རང་གི་གང་ནུས་ཀྱིས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མི་ནོར་བར་མི་ཚེ་ལྷག་མའི་ནང་ཞབས་ཕྱི་ཞུ་ཡ་དམ་བཅའ་བརྟན་པོ་ཡོད། དེ་ནི་ངའི་བླ་མ་བཀའ་དྲིན་ཅན་༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཚན་བརྗོད་པར་དཀའ་ཡང་དོན་གྱིས་སླད་དུ་མཚན་ནས་སྨྲོས་ན་མཁན་ཆེན་སེམས་དཔའ་ཆེན་པོ་འཇིགས་མེད་ཕུན་ཚོགས་སམ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་འཁོར་སློབ་འདུས་པ་རྒྱ་མཚོའི་དབུས་སུ་ཁྱོད་རང་ཚོ་སློབ་མ་སློབ་རྒྱུད་སུ་ཡིན་ཡང་སློབ་སྦྱོང་འདི་ནས་བྱས་རྗེས་རང་རང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མ་བརྗེད་པར་རང་བསྟན་ལ་བྱས་རྗེས་རེ་འཇོག་ཨེ་ཐུབ་བལྟ་རོགས་ཞེས་པའི་རེ་བསྐུལ་ཞུས་པ་ནམ་ཡང་སེམས་ན་ཉལ་ནས་གང་ཡོང་བྱས་པ་རེད། ཁྱད་པར་ང་རང་གི་འཛིན་སྐྱོང་བྱས་པའི་བརྒྱུད་རིམ་ནང་གི་རྩ་བའི་ལས་དོན་གཅིག་སྒྲིལ་དང་མཉམ་ལས་དེ་གལ་ཆེན་དུ་བརྩིས་ནས་སྤྱིར་བསྟན་པ་ཡོངས་རྫོགས་དང་། ཡང་དགོས་རྙིང་མ། ཁྱད་པར་དུ་རྫོགས་ཆེན་རང་གི་ཆོས་བརྒྱུད་རྣམས་རེད། རེ་བ་ལྟར་ང་རང་ཚོ་རྙིང་མའི་གདན་ས་དྲུག་ལ་གཅིག་སྒྲིལ་དང་མཉམ་ལས་ལ་མཚོན་ན་ཧ་ཅང་འབྲེལ་ལམ་ཟབ་མོ་ཡོད། དེ་བཞིན་བླ་རུང་ཆོས་སྒར་དང་། ཡ་ཆེན་ཆོས་སྒར་སོགས་ལ་འབྲེལ་ལམ་སྔར་ལྷག་ཚུགས་ཡོད། རྫོགས་ཆེན་རང་གི་ཆོས་བརྒྱུད་བརྒྱ་ཆ་༩༥ ལ་གཅིག་སྒྲིལ་མཉམ་ལས་བྱུང་ཡོད་པ་དེ་ནི་། ངའི་ལོ་མང་རིང་དཀའ་ལས་བརྒྱབ་པའི་འབྲས་བུ་རུ་ངོས་འཛིན་ཞུ་ཆོག མི་མང་པོས་ངོས་ལ་བོད་ཕྱི་ནང་གི་ཟམ་པ་ལྟ་བུ་ངོས་འཛིན་དང་བསྔགས་བརྗོད་བྱེད་མཁན་བྱུང་བ་རེད། ཡིན་ན་ཡང་མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཅོ་དྲུག་བཅུ་ཟེར་བའི་དཔེ་ལྟར་མི་འགའ་ཞིག་གཤིས་ཀ་ཁེ་མཚར་འདུག་ལ་ཕར་ག་ཚོད་མཉམ་ལས་གཅིག་སྒྲིལ་བྱས་ན་ལྟ་བ་འཁྲག་པོ་རུ་སོང་ནས་ཁོ་ཚོ་ང་རྒྱལ་གྱིས་ཁེང་ནས་ཁོ་ཚོ་ཡན་ན་མི་གཞན་མེད་པའི་བསམ་བློ་གཞན་པ་ཁུར་འགྲོ་མཁན་ཡང་འདུག དེ་རིགས་བསམ་བློ་རྗེས་ལུས་རེད་བསམ་གྱི་ཡོད། དུས་རབས་ཉེར་གཅིག་པ་འདིའི་ནང་རྒྱལ་ཁབ་དང་། མི་རིགས། ཚོགས་པ་དང་། སྲིད་དོན་པ་སོགས་ཚང་མ་མཉམ་ལས་གཅིག་སྒྲིལ་གྱི་ལམ་ཁར་ཞུགས་ནས་ཡར་རྒྱས་འགྲོ་གི་ཡོད་པར་མི་ཤེས་ནས་ད་དུང་དུས་རབས་ཀྱི་རྗེས་མ་ཟིན་ནས་དབང་བསྒྱུར་དང་། གཉའ་ནོན་བྱས་མཁན་ཡོད་ན་རྗེས་ལུས་དང་ལྐུག་པ་ཉིད་དུ་དུས་རབས་ཀྱི་ངོས་འཛིན་གནང་འགྲོ་གི་རེད་པ། དེ་ཙམ་རེད་ད་ཕན་དགོན་འདིའི་འཛིན་སྐྱོང་ནང་ངས་དམིགས་བསལ་སྔར་ལྷག་བྱེད་ཡ་མེད་དུས་མི་གཞན་པར་སྐུབས་སྟེགས་སྤྲད་ནས་ཞབས་ཕྱི་ཟུར་ནས་ཞུ་ཡ་གོང་སྨྲོས་ལྟར་རེད།
 སྤྱིར་མི་གཅིག་གིས་ཡུན་རིང་སྐུབས་སྟེགས་བཟུང་ན་ཡག་པོ་མེད་པ་རེད། མཐོ་སྲིད་འཛིན་ནས་དམའ་མ་བྱན་ཡན་བརྗེ་བོ་བརྒྱབ་ན་བསམ་བློ་གསར་བ་རེ་དང་ཐབས་ལམ་གསར་བ་རེ་ཡོང་ངེས་ཅན་ཡིན་ད་ཕན་འཛིན་སྐྱོང་འགན་འཛིན་གཞན་པ་རྣམས་ཀྱི་གང་གསུངས་བཞིན་ཕྱི་འབྲེལ་གཙོས་གང་འཇོན་ཤར་རྒྱུགས་གནང་རྒྱུ་གལ་ཆེན་དུ་ངོས་འཛིན་གྱི་ཡོད། རྫོགས་ཆེན་རིན་པོ་ཆེ་ལ་བསམ་བློ་བཏང་ན་ལོ་བརྒྱད་ལྷག་ཞིག་ལ་མཉམ་འགྲོ་མཉམ་བསྐྱོད་བྱས་པའི་དུས་རིམ་ནང་ང་ཁོང་ལ་དམིགས་བསལ་གྱིས་ཡིད་ཆེས་ཡོད། ཁོང་བླ་མ་ནི་བླ་མ་རང་ཡིན། ཡིན་ཀྱང་ལོས་ཡིན་རྡོ་གྲུབ་ཆེན་ལ་ནོར་འཁྲུལ་མེད་པ་ང་ཚོ་རྙིང་མ་ཙམ་མ་ཟད་ས་དགེ་བཀའ་རྙིང་སོགས་ཚང་མར་ཡིད་ཆེས་བློ་གཏད་ཡོད་ས་དང་ཆོས་དང་ཆབ་སྲིད་ཁ་ཁ་བྱེད་མཁན་དེ་འདྲ་ཡིན་དུས་གང་བྱས་པ་དེ་ཏག་ཏག་ཡོད་རེད། དེ་འདྲ་ཡིན་དུས་རིན་པོ་ཆེ་ལ་ཞབས་ཕྱི་ཅུང་ཙམ་རེ་བྱུང་བ་དེ་བསོད་ནམས་ཉིད་དུ་ངོས་འཛིན་གནང་གི་ཡོད་ལ། གཞན་རྣམས་དེ་བཞིན་མཉམ་འགྲོ་མཉམ་སྡོད་བྱས་འོང་ན་དམིགས་བསལ་བླ་མའི་ཁྱད་ཆོས་མཐོང་ཡོང་ངེས་ཞིག་ཡིན། ད་དེ་འདྲ་རེད་ལགས།
དྲི་བ། མཇུག་མཐར་རེ་བསྐུལ་འདྲ་ཡོད་དམ། ལན། རེ་བསྐུལ་ཟེར་དགོས་ན་འདྲ་རྫོགས་ཆེན་ཚང་གི་ཆོས་བརྒྱུད་ཚང་མ་མཉམ་ལས་གཅིག་སྒྲིལ་གྱིས་ཐབས་ལམ་བཙལ་ནས་རང་བསྟན་རྗེས་ལུས་མི་ཐེབས་ཡ་རྩ་བའི་མི་རེར་འགན་རེ་ཡོད་པ་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་པོ་རེད། མི་རེར་ལམ་ཁ་རེ་ཡོད་པ་བཞིན་མ་ནོར་བར་རང་ལམ་བསྙེགས་སོང་ན་བྱ་བ་དོན་དང་ལྡན་པ་ཞིག་དང་གཟི་བརྗིད་དང་ལྡན་པ་ཞིག་ཆགས་ངེས་རེད། དེ་བས་ལམ་ཁ་མང་པོ་ལ་འཚང་ཤིང་ཅོལ་འགྲོག་གིས་ཐོབ་ཡ་ཆུང་ངུ་ཞིག་གི་ཆེད་གཞན་ཀྱིས་ཆབ་སྲིད་ཀྱི་ལག་ཆར་གྱུར་སོང་ན་དོན་ངོ་མའི་རྫོགས་བསྟན་དེ་གང་འདྲ་ཆགས་འགྲོ་ཆ་མ་འཚལ་ཕྱིར་རྩ་བའི་འགན་འཛིན་ཆེ་རིམ་པ་རྣམས་ཀྱི་ལྷག་ཏུ་བསམ་བློ་གཏོང་དགོས་སྙམ། གཞན་རྗེས་འཇུག་གཞོན་སྐྱེས་ཚང་མས་གནས་ལུགས་བཙལ་ནས་རང་བསྟན་རྗེས་ལུས་བྱེད་མི་རུང་བ་དྲན་པའི་གསོས་སྨན་ཙམ་ཡིན། དེ་བས་ངས་གཞན་ལ་རེ་བསྐུལ་བྱེད་རྒྱུའི་ཤེས་འཇོན་མེད་ཀྱང་བསྟན་པའི་ལྷག་ཞབས་སུ་སྐྱེས་སོང་དུས་དྲན་གསོ་བྱེད་པའི་དབང་ཚད་བླང་བ་ཙམ་ཡིན། མཇུག་མཐར་རང་བསྟན་འདིའི་རྗེས་འཇུག་པ་ཚང་མ་ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ལ་རྟག་ཏུ་ལོངས་སུ་སྤྱོད་ནས་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་སྨོན་འདུན་ཉག་གཅིག་བཅས། ཐུགས་རྗེ་ཆེ་ཞུ་བ་ཡིན་ལགས།། །།
འཕགས་ཡུལ་གྲུབ་དབང་རྫོགས་ཆེན་དགོན་ཤྲཱི་སེང་ལས་ཐོག་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་སུ།
བོད་ཀྱི་བང་ཆེན་མེ་སོར་གསར་འགོད་པས་རིག་འཛིན་དུས་དེབ་ཆེད་བཅར་འདྲི་བྱས།

0 comments:

ཟིན་བྲིས་འཚོལ་ཡུལ