དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 15 March 2014

༄༅།།རིག་འཛིན་དགའ་རབ་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བའི་བཅོ་ལྔའི་དུང་ཟླ་དཀར་པོ།།

ན་མོ་མ་ཧྰ་གུ་རུ་ཤྲཱི་ཨ་ནནྟ་བཛྲ་ས་ཏྭ་ཡེ།།

ཀ་དག་གདོད་མའི་གནས་ལུགས་རང་རིག་ཉིད་རྟོགས་པས།།

ཁ་དོག་སྣ་ཚོགས་འཇའ་ལུས་ལྷུན་གྲུབ་ཀྱི་སྤྲུལ་སྐུ།

ག་བུར་དབང་ལྟར་རིག་འཛིན་མཁས་གྲུབ་ཀྱི་རྒྱལ་པོ།།

ང་ཡི་བརྒྱུད་གསུམ་བླ་མའི་སྤྱི་གཟུགས་ལ་འདུད་དོ།།

ཅ་ནོར་འཁོར་འདས་རྣམས་ཀུན་ཆོས་སྐུ་རུ་འཆར་ཞིང་།།

ཆ་རྐྱེན་ཀུན་བཟང་རྫོགས་ཆེན་སྟོན་པ་རུ་སྣང་བར།།

ཇ་ཆང་རྟོག་སྒྲུང་རིགས་མིན་ཀུན་བྱེད་ཀྱི་རྒྱལ་པོ།།

ཉ་གང་ཟླ་བཞིན་ཡོངས་རྫོགས་ཀུན་ཁྱབ་ལ་འདུད་དོ།།

ཏ་ཐྰ་ག་ཏའི་བསྟན་པའི་སྙིང་ཐིག་གི་བདག་པོ།།

ཐ་དག་ཤེས་བྱ་ཀུན་གཟིགས་བདེ་གཤེགས་ཀྱི་དགོངས་པ།།

ད་འདས་མ་འོངས་འདྲེན་པའི་རྒྱལ་ཀུན་གྱི་སྤྱི་གཟུགས།།

ན་རཀ་སྡུག་ཀུན་བསལ་མཛད་དགའ་རབ་རྗེར་འདུད་དོ།།

པ་ར་མི་ཏའི་མདོ་སྔགས་དགོངས་འདུས་ཀྱི་ཟབ་གནད།།

ཕ་མ་གཉིས་མེད་རྒྱུད་སྡེའི་ཡང་གསང་གི་གནས་ལུགས།།

བ་ལ་ཧ་བཞིན་རིག་པ་སྤྱི་བརྟོལ་དུ་བསྟན་མཁས།།

མ་བུ་ངོ་སྤྲོད་ཚིག་གསུམ་གནད་བརྡེག་ལ་འདུད་དོ།།

ཙྭ་རི་གནས་མཆོག་བཞུགས་པའི་སྒོམ་ཆེན་གྱི་ཉམས་ལེན།།

ཚ་གྲང་དཀའ་སྤྱད་གནང་བའི་ཉན་རང་གི་སྤྱོད་པ།།

ཛ་ཡའི་ཐེག་པའི་རྩེ་རྒྱལ་ཨ་ཏི་ཡི་སྲོལ་འགྱེད།།

ཝ་ལེར་བསམ་ཚེ་བཀའ་དྲིན་ཟླ་བྲལ་ཁྱེད་འདུད་དོ།།

ཞྭ་དམར་སྔ་འགྱུར་བསྟན་འཛིན་དགའ་རབ་རྗེ་དྲན་ཚེ།།

ཟྭ་ཚོད་རྩམ་གཟན་བླ་མའི་འབྱུང་གནས་སུ་མཐོང་བས།།

འ་ཅག་གངས་ཅན་སྤྱི་དང་རྒྱལ་བསྟན་གྱི་མངའ་བདག།

ཡ་མཚན་ཀུན་བཟང་རྡོར་སེམས་དབྱེར་མེད་ལ་འདུད་དོ།།

ར་རིའི་དྲི་མ་ཀུན་བྲལ་རྫོགས་ཆེན་གྱི་ཤིང་རྟ།

ལ་ཟླའི་མན་ངག་ཀུན་གྱི་བཀའ་བབས་ཀྱི་གཏེར་སྟོན།།

ཤ་ཁྲག་འཇའ་ལུས་གྲོལ་བའི་བླ་མ་ཁྱེད་མཁྱེན་ནོ།།

ས་ལམ་བདེ་མྱུར་ཐོབ་པའི་དངོས་གྲུབ་ཅིག་སྩོལ་ཤོག།

ཧ་ཅང་སྒོ་གསུམ་གུས་པས་གསོལ་འདེབས་ལ་འབད་ཚེ།།

ཨ་ཏིའི་ཟབ་དོན་བརྒྱུད་པའི་རྣལ་འབྱོར་གྱི་ཚོགས་ལ།།

སྨིན་གྲོལ་སྣང་བཞི་མཐར་ཕྱིན་དཔལ་ཡོན་གྱིས་དབང་ཕྱུག།

བསྟན་འགྲོར་ཕན་བདེའི་དོན་ཀུན་ལྷུན་གྲུབ་སྨོན་ནོ།།

ཞེས་རབ་རྒྱན་ཤིང་རྟའི་ཆོ་འཕྲུལ་ཟླ་བའི་ཚེས་པ་བཅོ་ལྔ་འམ་རང་བཞིན་རྫོགས་པ་ཆེན་པོའི་སྟོན་པ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེའི་འཁྲུངས་སྐར་དང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འཇའ་ལུས་འཕོ་བ་ཆེན་པོ་གཤེགས་པའི་ཚུལ་བསྟན་པའི་ཚེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བརྒྱལ་ཞིང་ས་ལ་འགྱེལ་ནས་ཀྱེ་མ་ཀྱི་ཧུད་ཅེས་སྒྲ་ཆེན་པོ་ཕྱུངས་པས་དགའ་རབ་རྡོ་རྗེ་འོད་ཀྱི་དཀྱིལ་ནས་ཕྱག་གཡས་པ་ཕྱུངས་ཏེ་བརྒྱལ་བ་ལས་སློང་བའི་དོན་དུ་གསང་བའི་ཞལ་ཆེམས་ཚིག་གསུམ་གནད་དུ་བརྡེག་པ་ཕྱག་གཡས་པའི་མཐིལ་དུ་བཻ་ཌཱུ་མཐིང་ཁ་ཞུན་མས་རང་བྱོན་དུ་བྲིས་པ་བབས་ཏེ་རིན་པོ་ཆེ་ཤེལ་གྱི་ཟ་མ་ཏོག་སེན་གང་པ་གཅིག་སྣོད་དུ་བབས་པས་འཇམ་དཔལ་བཤེས་གཉེན་བརྒྱལ་བ་ལས་གྲོལ་བར་གྱུར་ནས་རྟོགས་པའི་གདིང་དང་ལྡན་པར་གྱུར་པའི་དུས་ཆེན་ཁྱད་པར་ཅན་ལ་ཤར་ཕྱོགས་པ་མཁའ་འགྲོ་ཡེ་ཤེས་ཆོས་སྒྲོན་གྱིས་བསྐུར་བ་ལྟར་ཤྲྰི་སྨྱོན་པས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་གྲལ་ནས་གསོལ་བ་འདེབས་པར་དགེའོ།།

0 comments:

ཟིན་བྲིས་འཚོལ་ཡུལ