དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Tuesday 12 February 2013
ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པའི་ཆོས་དར།

 ཆོས་དར་གྱི་གཞི་རྒྱལ་སྤྱིའི་ནང་པའི་དར་ཆ་ཡེ་ཤེས་ལྔའི་ཁ་དོག་ཅན་ལས་བྱས་པ་ནི་ནང་པ་ཡིན་པའི་མཚོན་བྱེད་སྤྱི་ལྟར་དང་། བྱེ་བྲག་དེ་ལས་ཁ་དོག་སྔོན་པོ་ཅན་རྩ་བའི་དར་གྱི་གཞིའི་ཁ་དོག་ཏུ་བྱས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་དུ་མ་ལས། ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག་ཅེས་སོགས་གཉུགས་སེམས་འོད་གསལ་ཆོས་ཉིད་འགྱུར་བ་མེད་པ་མཚོན་བྱེད་ཀྱི་ཁ་དོག་སྔོན་པོ་ཡིན་པར་གསུངས་པ་བཞིན། དེ་ཉིད་རྒྱས་པར་སྟོན་པ་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་འདི་ཆོས་ཐམས་ཅད་ཀྱི་འབྲས་བུའི་སྐྱེས་སོ་མཐར་ཐུག་པ་ཡིན་པར་མཚོན་པ་དང་། དཀར་དམར་མཐིང་ཀའི་ཁ་དོག་གི་འཇའ་རིས་གསུམ་བྱུང་བ་ནི་སྐུ་གསུང་ཐུགས་གསུམ་གྱི་མཚོན་བྱེད་དང་། ཁ་དོག་དེ་གཉིས་དྲང་པོ་དང་ཟླུམ་པོ་བཅས་ལན་གྲངས་གཉིས་སུ་བྱུང་བ་ནི། སྔགས་བླ་མེད་ཀྱི་གྲུབ་མཐའི་རྩ་བ་སྟེ། འབྲས་དུས་ཀྱི་སྐུ་གསུམ་གདོད་ནས་གཞི་ལ་སྤང་ཐོབ་མེད་པར་ལྷུན་གྱིས་གྲུབ་པས། མ་ཧཱ་ཡོ་ག་ཡན་ཆད་ལ་མཉམ་རྗེས་ཀྱི་དབྱེ་བ་མེད་པར་སེམས་ཅན་རྣམས་ད་ལྟ་ཉིད་ནས་དག་པ་གཉིས་ལྡན་གྱི་སངས་རྒྱས་ཀྱི་རང་བཞིན་མཐར་ཐུག་ཏུ་བཞུགས་པར་ཤེས་པའི་རྟོགས་པའི་གདེངས་ཐོབ་པར་མཚོན་པ་དང་། ཐིག་ལེའི་དབུས་ཀྱི་པདྨ་དཀར་པོ་ནི། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱི་རང་བཞིན་སྟེ། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཉོན་མོངས་མེད་པའི་སྙིང་རྗེ་ཆེན་པོའི་འཇུག་པ་ཤིན་ཏུ་དག་པར་མཚོན་ཞིང་། ཡང་འཇམ་མགོན་མི་ཕམ་རིན་པོ་ཆེས། སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང༌།། བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ།། པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག། སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར་སྐལ་བཟང་གི་སངས་རྒྱས་སྟོང་རྩའི་དབུས་ན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་པདྨ་དཀར་པོ་ལྟར་བསྔགས་པས། མི་མཇེད་འཇིག་རྟེན་གྱི་ཞིང་འདིའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རྗེས་དྲན་ཀྱི་སྣང་བ་དང་མི་འབྲལ་བར་མཚོན་པ་དང་། ཡང་བཀའ་གདམས་གླེགས་བམ་ལས།། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་མོ་གཡུ་ཡི་མཎྡྲལ་ཡོད།། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད།། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད།། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། ཀྱེཻ་གངས་རིའི་མགོན་པོ་སྤྱན་རས་གཟིགས།། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།། ཅེས་སོགས་གསུངས་པ་བཞིན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་ཞིང་། སྤྱན་རས་གཟིགས་ཀྱི་ཕྱག་མཚན་པདྨ་དཀར་པོ་ཡིན་པས། འདིར་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་འཇུག་པ་བྱེ་བྲག་ཏུ་མཚོན་པ་ཡིན་ནོ༎ ཆོས་དར་འདི་ལ་གཞི་ལམ་འབྲས་གསུམ་དང་། ཐེག་པ་གསུམ་དང་སྦྱར་བའི་འགྲེལ་བཤད་རྒྱས་པ་ཡོད་ཀྱང་། དེ་རིང་འདིར་རྟེན་འབྲེལ་དམིགས་བསལ་ཞིག་དང་བསྟུན་ནས་ཤིན་ཏུ་བསྡུས་པའི་འགྲེལ་བ་རྟ་ཐོག་མ་འདི་འཕྲལ་ལ་སྦྱར་བ་ལགས། བཀྲ་ཤིས་ཞལ་གྲོ།
༧སྐྱབས་རྗེ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་གསུངས། །

0 comments:

ཟིན་བྲིས་འཚོལ་ཡུལ