དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
སྙིང་རྗེ་དང་འཚེ་བ་མེད་པ། 
༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པས་གསུངས། །
ངོས་ལ་འཛམ་བུ་གླིང་གི་རྙོག་དྲ་ཇི་ལྟར་སེལ་རྒྱུའི་ཐབས་ལམ་དམིགས་བསལ་ཅན་གང་ཡང་མེད། དེས་ན་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་ཐོག་ནས་བཤད་ན་ལེགས་པར་སྙམ། དེང་དུས་རང་བྱུང་གི་རྐྱེན་ངན་མང་པོ་ཡོད་བཞིན་པའི་ཐོག་བྷོ་སི་ནེ་ཡའི་རྙོག་དྲ་སོགས་མིས་བཟོས་པའི་དཀའ་ངལ་ཡང་མང་པོ་ཡོང་གི་ཡོད། ནམ་རྒྱུན་གྱི་གནས་ཚུལ་དང་བརྙན་འཕྲིན་གྱི་ནང་ཉེས་མེད་ཀྱི་མི་རྣམས་ཀྱིས་སྡུག་བསྔལ་ཇི་ཙམ་མྱོང་གི་ཡོད་པ་ང་ཚོས་མཐོང་གི་ཡོད། འཛམ་གླིང་གི་ཡུལ་གྲུ་གཞན་ལ་ཡང་མི་མང་པོ་དམར་གསོད་གཏོང་བ་དང༌། ཐ་ན་ཕྲུ་གུས་ཕྲུ་གུ་གསོད་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོང་གི་ཡོད།
     སྐབས་འགར་མི་ལ་ལས་ང་ལ་དེ་ཚོའི་སྐོར་ལ་བསླབ་བྱ་བྱ་རྒྱུ་ཅི་ཞིག་ཡོད་དམ་ཞེས་འདྲི་ཡི་འདུག་རུང༌། ང་ལ་ཐབས་ཤེས་འདི་ཡིན་ཞེས་བརྗོད་རྒྱུ་མེད་ཅེས་བཤད་ཀྱི་ཡོད། ངོས་རང་གི་བསམ་པར་རྙོག་དྲ་དེ་དག་ནི་ཐོག་མར་སྣང་ཆུང་དུ་བཏང་བའི་འབྲས་བུ་ཡིན་པ་ལས་དུས་སྐབས་དེ་རང་ལ་གློ་བུར་དུ་བྱུང་བ་ཞིག་མིན་པར་སེམས། དེ་དག་ལ་རྒྱུ་དང་རྐྱེན་མང་པོ་ཡོད་པ་དང་རྒྱུ་རྐྱེན་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་ཏེ་མཐར་འབ་སུ་མ་འདུས་པ་ཆགས་ཀྱི་ཡོད་པ་དང༌། ཚབས་ཆེའི་དུས་གནས་མང་པོ་ཞིག་མིའི་སེམས་དབང་བསྒྱུར་བྱེད་མ་ཐུབ་པའི་འབྲས་བུ་ཡིན། དེ་འདྲའི་བཀྲ་མི་ཤིས་པའི་གནས་ཚུལ་དངོས་སུ་བྱུང་བའི་སྐབས་ལ་གདོང་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད།
མིའི་བསམ་བློ་རྣམ་དཔྱོད་དང་ཟུང་འབྲེལ་དམ་པོ་བྱེད་དགོས། དེའི་གོ་དོན་ནི་མིའི་རྣམ་དཔྱོད་དང་བྱམས་བརྩེའི་བློ་ཟུང་འབྲེལ་བྱེད་དགོས་པ་འདི་ཡིན། མིའི་རྣམ་དཔྱོད་ཙམ་ནི་གཏོར་བཤིག་གཏོང་མཁན་ནམ་བཟང་པོ་འཛུགས་སྐྲུན་བྱེད་མཁན་གང་གི་ཕྱོགས་སུ་འགྲོ་མིན་ཐག་བཅད་ནས་བཤད་མི་ཐུབ། དེ་དག་བརྩེ་སེམས་དང་མཉམ་དུ་འབྲེལ་བའི་སྐབས་སུ་གྲུབ་འབྲས་ཧ་ཅང་བཟང་པོ་སྐྲུན་ཐུབ་ཀྱི་ཡོད། བསམ་བློ་ཡག་པོ་གཅུན་མ་ཐུབ་པའི་སྐབས་སུ་མིའི་རྣམ་དཔྱོད་ཀྱིས་ལས་ཀ་བྱེད་མཚམས་འཇོག་ཏུ་འཇུག་གི་ཡོད།
      ད་ལྟའི་ཆར་གནས་ཚུལ་མང་པོ་ཞིག་གནས་སྟངས་འདིའི་ཐོག་སླེབས་ཏེ་ཡོད། མི་སྒེར་པའམ་འགོ་ཁྲིད་པ་འགས་ཕན་ཚུན་གསོད་རེས་བྱེད་ཀྱི་ཡོད་པ་དེའི་རྒྱུ་མཚན་ཅི་ཡིན་དྲིས་ན་ལན་གསལ་བོ་ཞིག་རྒྱག་གི་མེད། མི་གསོད་པའི་བྱ་བ་འདི་བརྒྱུད་ནས་མི་དེ་ཚོའི་མི་དགེ་བ་དང་གཏི་ཐུག་རང་བཞིན་གྱི་ཉོན་མོངས་དྲག་པོ་ཕྱིར་མངོན་པ་དང༌། གཞན་སྡུག་བསྔལ་ཚབས་ཆེ་མྱོང་དུ་འཇུག་གི་ཡོད། དེར་བརྟེན་ང་ཚོས་གནས་ཚུལ་དེ་ཚོའི་ནང་ནས་བསླབ་བྱ་ལེན་དགོས་པ་གང་འདུག
གལ་ཏེ་ང་རང་ཚོས་མ་འོངས་པར་མིའི་འགྲོ་བ་བདེ་སྐྱིད་ལྡན་པ་དང༌། འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་དགོས་ན་དཀའ་ངལ་གྱི་རྩ་བ་དེ་རང་ལ་གདོང་ལེན་བྱེད་དགོས། སྲིད་དོན་དང་དཔལ་འབྱོར་གྱི་དབང་ཤུགས་ཀྱིས་དཀའ་ངལ་མང་པོ་བཟོ་ཡི་ཡོད་ན་ཡང་རེད། དེ་དག་གི་རྩ་བ་མཐར་ཐུག་མིའི་ནང་སེམས་ལ་རག་ལས་ཡོད།
     འགྲོ་བ་མིའི་ངག་གི་སྨྲ་བརྗོད་དང༌། ལུས་ཀྱི་རྣམ་འགྱུར། ཐ་ན་བྱ་བ་ཆུང་ཆུང་ཞིག་ཡིན་ཀྱང་དེ་ལ་བཟང་ངན་གྱི་ཀུན་སློང་ཡོད་པ་ཡིན། མཐར་གཏུགས་ན་ཚང་མ་ང་རང་ཚོའི་ཀུན་སློང་ལ་རག་ལུས་པ་ཡིན། བྱ་བ་ཡང་དག་པ་དང་ཡར་རྒྱས་ལྡན་པ། ཚུལ་དང་མཐུན་པ་བཅས་ཡོང་བ་ཀུན་སློང་ལ་ཐུག་པས་དེ་གལ་ཆེན་པོ་ཡིན། ངོས་ཀྱིས་མིའི་རྣམ་དཔྱོད་བྱམས་བརྩེ་དང་སྙིང་རྗེའི་བསམ་བློ་དང་འབྲེལ་བ་དེ་ལ་མིའི་ཚོར་སྣང་ཞེས་བརྗོད་ཀྱི་ཡོད། དེ་ནི་གལ་ཆེན་པོར་མཐོང་གི་འདུག
དེང་དུས་ཀྱི་ཤེས་རིག་སློབ་གསོས་སྤྱིར་བཏང་གི་ཤེས་བྱ་དང་མིའི་ཀླད་པ་གྲུང་པོ་བཟོ་རྒྱུར་དོ་སྣང་ཆེན་པོ་བྱེད་པ་ལས། ནང་བསམ་བློ་ཡར་རྒྱས་གཏོང་རྒྱུའི་ཐད་དོ་སྣང་འདང་ངེས་ཤིག་བྱེད་ཀྱི་མེད་ཅིང༌། དེ་དག་ཆོས་ལུགས་དང་ཆོས་ཀྱི་སྡེ་ཚན་གྱི་ལས་  འགན་དུ་བརྩིས་ནས་སྣང་མེད་དུ་འཇོག་གི་ཡོད་པ་དེ་ནི་ཤེས་རིག་སློབ་གསོའི་ཐབས་ལམ་འདང་ངེས་ཤིག་མ་རེད་སྙམ།
     འཛམ་གླིང་གི་ཆོས་ལུགས་ཚང་མར་མིའི་བསམ་པ་བཟང་པོ་ཡར་རྒྱས་གཏོང་རྒྱུའི་ཐད་ཞབས་འདེགས་བསྒྲུབ་ཐུབ་རྒྱུའི་ནུས་པ་ཧ་ཅང་ཆེན་པོ་ཡོད་ཀྱང་དེ་ཙམ་གྱིས་ཀྱང་འདང་གི་མེད། ཆོས་ལུགས་ནི་མི་མང་པོས་ལུགས་སྲོལ་རྙིང་པ་དང་དུས་ཚོད་ཡོལ་ཟིན་པ་ཞིག་ལ་བརྩི་ཡི་ཡོད་པ་དང༌། ཆོས་ལུགས་མི་སྣ་རྣམས་ཀྱང་ཅུང་ཟད་དམ་བསྒྲགས་ཆེ་བས་མི་ཚེའི་དངོས་ཡོད་ཀྱི་གནས་སྟངས་དང་རྒྱུན་ལྡན་གྱི་དཀའ་ངལ་རྣམས་ལས་ཐ་དད་དུ་གནས་པ་ལྟ་བུར་ཡོད། སྐབས་འགར་བོད་པའི་ལུགས་སྲོལ་ཐེ་བའི་ཆོས་ལུགས་ཀྱི་གོམས་སྲོལ་མང་པོ་ཞིག་ཆོས་ལུགས་དེ་དང་དེའི་གནད་དོན་ཇི་བཞིན་མ་ཤེས་པར་ཆོ་ག་ཕྱག་ལེན་ལ་དམིགས་བསལ་དོ་གལ་ཆེན་པོ་བྱས་སྟབས། ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་དང་ཤུགས་རྐྱེན་ཐེབས་རྒྱུའི་ནུས་པ་ཆུང་དུ་འགྲོ་ཡི་ཡོད། དེར་བརྟེན་བཟང་སྤྱོད་ཀྱི་འགན་དེ་ཆོས་ལུགས་ཀྱི་ཚོགས་པ་གཅིག་པུར་དཀྲིས་ན་མི་འགྲིག དཀའ་ངལ་ཧ་ཅང་མང་ལ་རྒྱ་ཆེན་པོ་ཡིན་པས་དེ་ལ་གདོང་ལེན་བྱེད་མཁན་གྱི་མི་གྲངས་ཉུང་དྲགས་ན་ནུས་པ་ཐོན་མི་ཐུབ།
ཨ་རི་དང་དེ་མིན་རྒྱལ་ཁབ་ཁ་ཤས་ལ་མིའི་བཟང་སྤྱོད་ཀྱིས་མ་ལྡང་བའི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་ང་ཚོས་མཐོང་གསལ་ཡིན། རྙོག་དྲ་དེ་དག་སེལ་ཆེད་སྐོར་སྲུང་བའི་གྲངས་དང་སྟོབས་ཤུགས་ཆེ་རུ་གཏོང་བའམ། ཡང་ན་འཕྲུལ་ཆས་བེད་སྤྱད་དེ་དཀའ་ངལ་སེལ་བའི་ཐབས་ལམ་གཞན་འཚོལ་གྱི་ཡོད་ནའང༌། མི་སྒེར་རེ་རེའི་ནང་བསམ་བློར་བསྒྱུར་བཅོས་དང་ཡར་རྒྱས་ཤིག་མ་བྱུང་ན་ཕྱིའི་གཅུན་ཐབས་ཀྱིས་ཁ་ལོ་བསྒྱུར་མི་ཐུབ། དེར་རྟེན་ང་རང་ཚོ་འགྲོ་བ་མི་ཡིན་པ་དང་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་རེ་རེར་སྤྱི་ཚོགས་དང་འགྲོ་བ་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཡང་དག་པའི་ལས་ཀ་བྱེད་རྒྱུའི་འགན་ཡོད། གང་ལ་ཞེ་ན། འབྱུང་འགྱུར་གྱི་མིའི་རང་གཤིས་བཟང་པོ་ཞི་བདེའི་ཚོར་སྣང་ལྡན་པ་ཞིག་བྱུང་ན་ཚང་མར་ཁེ་བཟང་ཡོད།
      གལ་ཏེ་མིའི་བཟང་སྤྱོད་ཀྱི་ཡོན་ཏན་ཉམས་རྒུད་དུ་ཕྱིན་ན་ལྐོག་ཟ་རུལ་སུངས་དང༌། བཤུ་གཞོག ཐུབ་ཚོད། མགོ་སྐོར་གཏོང་བ་སོགས་བྱ་ངན་ངང་གིས་ཡོང་རྒྱུ་དང༌། དེའི་འབྲས་བུར་མིའི་སྤྱི་ཚོགས་ལ་དཀའ་ངལ་ཡོང་ངེས་ཡིན། རྒྱལ་ཁབ་ནང་ཁྲིམས་དང་སྒྲིག་འཛུགས་སོགས་ཅི་འདྲ་ཞིག་ཡོད་ཀྱང་མི་ངན་མགོ་བདེ་དྲན་འཁྲུལ་བྱེད་མཁན་དེ་རིགས་ལ་གང་ལྟར་ལམ་ཀ་རག་གི་ཡོད་པ་རེད། གལ་ཏེ་སྤྱི་ཚོགས་ཀྱི་ནང་བཟང་པོའི་ཀུན་སྤྱོད་ལ་རིན་ཐང་དེ་ཙམ་མེད་པ་ཆགས་ཚེ་ང་ཚོ་ཚང་མར་དཀའ་ངལ་འཕྲད་རྒྱུ་ཡིན། དེས་ན་མི་སྒེར་རེ་རེའི་བསམ་བློ་གཏོང་སྟངས་དེ་སྤྱི་ཚོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པར་མ་ཟད། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཟབ་པོ་ཞིག་ཏན་ཏན་ཡོད།
སྤྱིའི་དཀའ་ངལ་ནི་ཆེན་པོ་ཞིག་ཡིན་པ་དང་སྒེར་ནི་ཆུང་ཆུང་ཞིག་ཡིན་པས། ངས་འབད་བརྩོན་ཇི་ཙམ་བྱས་ཀྱང་སྤྱིའི་དཀའ་ངལ་སེལ་རྒྱུར་ཤུགས་རྐྱེན་གང་ཡང་ཐེབས་མི་ཐུབ་སྙམ་པའི་བསམ་བློ་དེ་ནི་བསམ་བློ་གཏོང་སྟངས་ཡང་དག་པ་ཞིག་མིན། སྤྱིའི་དཀའ་ངལ་ཆེན་པོ་དེ་མི་སྒེར་རེ་རེའི་ངོས་ནས་སེལ་ཐབས་ཀྱི་འབད་བརྩོན་བྱས་པ་ཡིན་ན་མཐར་སེལ་ཐུབ་པ་ཡིན།
     གལ་ཏེ་མི་སྒེར་སོ་སོའི་ངོས་ནས་ཁེར་རྐྱང་དུ་བལྟས་ནས་སྡོད་པའམ། ཡང་ན་བཏང་སྙོམས་དང་སྣང་མེད་བསྐྱུར་འཇོག་བྱས་ཏེ་གཞན་ཞིག་ནས་གློ་བུར་དུ་འགྱུར་བ་འགྲོ་རྒྱུ་དང༌། ནམ་མཁའ་ནས་བབས་པ་ལྟ་བུའམ་སྨོན་ལམ་དང་སྒོམ་བརྒྱབ་ནས་འགྱུར་བ་ཡོང་རེ་བྱེད་པ་ནི་སྟོང་སེམས་ཡིན། སྨོན་ལམ་བརྒྱབ་ནས་བྱིན་རླབས་དང་འབྲས་བུ་ཕྲན་བུ་ཡོང་གི་ཡོད་ཀྱང༌། གཙོ་བོ་ནི་རང་ངོས་ནས་འབད་བརྩོན་བྱེད་དགོས།
     སངས་རྒྱས་དང་དེ་མིན་འཇིག་རྟེན་བཀོད་པ་པོ་ལ་ནུས་པ་ངེས་ཅན་ཡོད་ཀྱང༌། གཞི་རྩ་མི་སྒེར་སོ་སོའི་ངོས་ནས་གདེང་སྤོབས་ཆེན་པོས་འབད་བརྩོན་བྱས་ན་ཡིད་ཚིམ་པའི་གྲུབ་འབྲས་ཤིག་འཕྲལ་དུ་ཐོབ་མིན་ཇི་ལྟར་ཡང༌། འབད་བརྩོན་བྱས་པ་དེ་དག་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད། དེ་ལྟར་འབད་བརྩོན་ཆེན་པོ་བྱས་ནས་རེ་འདོད་མ་འགྲུབ་ཀྱང་ཡིད་ཐང་ཆད་དགོས་དོན་མེད། མ་མཐར་ཡང་འགྱོད་པ་སྐྱེ་མི་དགོས་པ་ཞིག་ཡོང་ངེས་ཡིན། རང་རང་སོ་སོའི་ངོས་ནས་འཐུས་ཤོར་བཏང་བའི་དབང་གིས་གང་ཡང་མ་འགྲུབ་པ་བྱུང་ན་དེ་ནི་ཆེས་ཐབས་རྡུགས་དང་འགྱོད་པ་སྐྱེ་གཞི་ཞིག་ཡིན། མི་སོ་སོའི་ངོས་ནས་རང་ལ་ནུས་པ་ཡོད་པ་ངོ་ཤེས་པར་བྱས་ཏེ་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་ཡིན།
ངོས་རང་གི་མི་ཚེའི་དུས་ཚོད་མང་ཤོས་རང་གི་རྒྱལ་ཁབ་ཀྱི་ཕྱི་རོལ་དུ་སྐྱབས་བཅོལ་བ་བྱས་ནས་སྡོད་དགོས་བྱུང་ཡང༌། བོད་མི་མང་པོས་ང་ལ་ཡིད་ཆེས་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད་སྟབས། ངའི་འགན་འཁུར་ཡང་དེ་བས་ཆེ་རུ་སོང་ཡོད་པར་མ་ཟད། དཀའ་ངལ་ཡང་མང་པོ་ཕྲད་དང་འཕྲད་བཞིན་ཡོད།
      དེ་འདྲའི་བརྒྱུད་རིམ་ནང་དཀའ་སྡུག་མང་པོ་ཞིག་མྱངས་པའི་ཉམས་མྱོང་གིས། མི་གཞན་དཀའ་ངལ་འཕྲད་པ་དང་བསྡུར་ན་ངོས་ལ་སྡུག་བསྔལ་དེ་ཙམ་ཡོང་གི་མི་འདུག གནས་ཚུལ་ངན་པ་དང་ཆག་སྒོའི་རིགས་བྱུང་སྐབས་དངངས་སྐྲག་དང༌། སྐྱོ་སེམས། སུན་སྣང་སོགས་ཡོང་གི་འདུག་ཀྱང་དེ་ཡུན་རིང་པོར་སྡོད་ཀྱི་མི་འདུག དེས་རྐྱེན་བྱས་ཏེ་སེམས་བརྟན་པོ་དང་ཞི་བདེའི་ཐོག་གནས་ཐུབ་པ་འདིས་ང་ལ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ལ། ངའི་རྣམ་དཔྱོད་དང་ཤེས་རབ་སོགས་ཀྱང་འགོག་རྐྱེན་དེ་ཙམ་མེད་པར་སྔར་རྒྱུན་བཞིན་བེད་སྤྱོད་བྱེད་ཐུབ་པ་དང༌། མཚན་མོ་ཡང་གཉིད་སྐྱིད་པོ་ཁུག་གི་འདུག ལྟོས་ས་ལྟོས་འཇོག་གིས་ངའི་སེམས་ཞི་བདེ་ལྷིང་འཇགས་ཡོད་པར་བརྟེན་བཟའ་བཏུང་འཇུ་སྟོབས་དང༌། གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་བ་ལ་ཡང་ཕན་པ་བཅས་ང་ལ་ཁེ་བཟང་ཆེན་པོ་ཡོང་གི་འདུག
     དེ་བཞིན་ང་ཚོ་བོད་མིའི་ཁྲོད་ནས་ནང་མི་ཚང་མ་མེད་པ་ཆགས་པ་དང༌། ཚབས་ཆེའི་མནར་གཅོད་ཕོག་པ་སོགས་དཀའ་ངལ་འཕྲད་མྱོང་བའི་མི་མང་པོ་ཞིག་སེམས་བརྟན་ལྷིང་དང་ཞི་བདེའི་ངང་གནས་ཐུབ་པ་ཡོང་གི་ཡོད།
འདས་པའི་ལོ་བཞིའི་རིང་ལ་ང་ཚོས་ཚན་རིག་མཁས་པ་སེམས་ཁམས་རིག་པ་བ་དང༌། ཀླད་ཁམས་རིག་པ་བ། དངོས་ཁམས་རིག་པ་བ་སོགས་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་མཉམ་དུ་ཚོགས་འདུ་འཚོགས་སྐབས། སེམས་ཀྱི་དཀའ་ངལ་མང་པོ་ཞིག་གི་སྐོར་གྲོས་བསྡུར་གྱིས་འགྲེལ་བཤད་རྒྱག་སྐབས་ཁོང་ཚོ་ངོ་མཚར་སྐྱེ་ཞིང་ཧ་ལས་ཀྱི་འདུག     བོད་མི་ཁ་ཤས་ཀྱིས་ཧ་ཅང་དཀའ་ངལ་ཆེན་པོ་མྱངས་ཀྱང་སེམས་ཀྱི་གནས་སྟངས་མ་འཁྲུགས་པར་ཧ་ཅང་བརྟན་པོ་དང་ཞི་ལྷིང་དུ་གནས་ཡོད། འོ་ན། དེ་ལྟར་དཀའ་ངལ་མྱོང་སྐབས་སེམས་ཞི་ལྷིང་དུ་གནས་ཐུབ་པའི་ནང་གི་ནུས་ཤུགས་དེ་ཅི་ཞིག་ཡིན་ནམ་ཞེ་ན། དེ་ནི་ཕྱིའི་རྐྱེན་སྨན་ཁབ་དང༌། ཉལ་ཐ། མྱོས་བྱེད་སོགས་ཀྱི་ནུས་པས་མིན་ལ། ཕྱི་ནས་དཀོན་མཆོག་ལྟ་བུས་བྱིན་རླབས་གནང་བའང་མིན་པར་ནང་སེམས་ཀྱི་སྦྱོང་བརྡར་ཡང་དག་པ་བྱས་ཏེ་བྱུང་བ་ཡིན།
ཆོས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་སེམས་ལ་སྦྱོང་བརྡར་བྱས་པ་བརྒྱུད་སེམས་ཀྱི་ལྟ་ཚུལ་ལ་བསྒྱུར་བཅོས་གཏོང་ཐུབ། དེའི་འབྲས་བུ་ལ་ཞི་བདེ་བག་ཕེབས་ངང་དཀའ་ངལ་དང་ཛ་དྲག་གི་གནས་ཚུལ་ལ་གདོང་ལེན་དང༌། མགོ་རྙོག་གི་གནས་ཚུལ་མང་པོ་ཁྱད་གསོད་བྱེད་ཐུབ་པ་ཡོང་གི་ཡོད། འདས་པའི་ཉམས་མྱོང་ནང་ཉམས་མྱོང་ཅན་གྱི་མི་དང་གྲོས་བསྡུར་བྱས་ན་ཞི་འཇམ་གྱི་ཐོག་ནས་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་བ་དང༌། དཔེར་ན། མིས་བཟོས་པའི་རྙོག་དྲ་མི་ཚང་གཅིག་གི་དཀའ་ངལ་དང༌། ཚོགས་པ་གཅིག་གི་དཀའ་ངལ་སོགས་སྨོས་ཅི། རྒྱལ་སྤྱིའི་རང་བཞིན་ལྡན་པའི་དཀའ་ངལ་ཞིག་ཡིན་ཀྱང་དེ་དག་ཆུང་དུ་གཏོང་ཐུབ་རྒྱུར་ཐེ་ཚོམ་མེད།
 
      ཤེས་ཡོན་གྱི་ལམ་ལུགས་དང༌། ཁྱིམ་ཚང་གི་འཚོ་བ་གཉིས་ནི་སྡེ་ཚན་གལ་ཆེན་པོ་གཉིས་ཡིན། ཤེས་རིག་གི་སྡེ་ཚན་ནང་གལ་ཆེ་ཤོས་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་ཙམ་མིན་པར་ནང་སེམས་པ་བཟང་པོ་ཡར་རྒྱས་གཏོང་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས། སེམས་ཀྱི་ཀུན་སྤྱོད་བཟང་པོ་ཞེས་བརྗོད་པ་འདི་ཆོས་ལུགས་ཤིག་གི་ལྟ་ཚུལ་གྱི་ཐོག་ནས་བཤད་པ་མིན་པར། མི་ཞིག་ཡིན་ཕྱིན་སེམས་པ་བཟང་པོ་དང་བྱམས་བརྩེས་ཕྱུག་པ་ཞིག་ངེས་པར་དགོས་པ་བཤད་ཀྱི་ཡོད། བྱམས་བརྩེའི་རང་བཞིན་ལྡན་པའི་སེམས་ཤིག་ཡོད་ན་རང་བཞིན་གྱིས་ནང་གི་སྙིང་སྟོབས་རྒྱས་ཤིང༌། དེའི་འབྲས་བུར་དོགས་ཟོན་དང་ཞེད་སྣང་སོགས་མེད་པར་སེམས་ཧ་ཅང་སྐྱིད་པོ་དང་གུ་ཡངས་པོ་ཆགས་ཏེ། སྤྱི་ཚོགས་ཐོག་ནས་གྲོགས་པོ་མང་པོ་རྙེད་ཐུབ།
དགེ་རྒན་གྱི་ལྟ་ཚུལ་གཞིར་བཞག་སྟེ་ཤེས་རིག་གི་ཐོག་ལ་མནོ་བསམ་གཏོང་སྐབས། དགེ་རྒན་གྱི་ཀུན་སྤྱོད་དང་ལས་ཀ་བྱེད་སྟངས་བརྒྱུད་ནས་སློབ་ཕྲུག་གི་སེམས་ནང་མིའི་བྱམས་བརྩེ་དང༌། དེའི་རིན་ཐང་གི་ཤུགས་རྐྱེན་ནམ་བག་ཆགས་ཤིག་ངེས་པར་འཇོག་ཐུབ་པ་གསལ་པོ་ཡིན། ཕྱོགས་གཞན་ཞིག་ནས་སྐྱེ་སྒོ་བཀག་པའི་ཐབས་ལམ་བརྒྱུད་ནས་མི་འབོར་ཚོད་འཛིན་དང་མིའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་དང༌། རང་ཉིད་ཀྱིས་ལྟ་སྐྱོང་བྱེད་ཐུབ་ཚོད་ཀྱི་ཕྲུ་གུ་སྐྱེས་འཚར་བྱེད་གལ་དང༌། སློབ་སྦྱོང་དང་མཉམ་དུ་ཕྲུ་གུའི་བསམ་བློའི་ནང་ལ་མིའི་རིན་ཐང་དང་བརྩེ་སེམས་སོགས་སླེབས་ཐབས་བྱེད་དགོས།
གསར་འགྱུར་གྱི་ལས་རིགས་ཁག་ཀྱང་སྡེ་ཚན་གལ་ཆེན་པོ་ཞིག་ཡིན། དེང་གི་དུས་རབས་ནང་གསར་འགྱུར་གནས་ཚུལ་གྱིས་སྐབས་རེར་རྙོག་དྲའི་རིགས་རྟིང་སློང་བྱེད་ཀྱི་ཡོད། འོན་ཀྱང་དེ་དག་ནི་སྤྱིར་བཏང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན། ལྷག་དོན་དམངས་གཙོའི་རྒྱལ་ཁབ་ཁག་གི་ནང་ལ་གསར་འགོད་ཀྱི་རང་དབང་དེ་ནི་གལ་འགངས་ཧ་ཅང་ཆེན་པོ་ཡིན། གསར་འགོད་རང་དབང་གིས་གཙོ་བོ་ལྐོག་ཟ་རུལ་སུངས་འགོག་ཐུབ་པ་དང༌། རྙོག་གླེང་གི་རིགས་ཀྱང་ཐེར་འདོན་གསལ་པོ་བྱེད་ཐུབ་ཀྱི་ཡོད། གསར་འགྱུར་གྱི་ནང་ལ་བཟང་ངན་ལེགས་ཉེས་གཉིས་ཀ་འགྲེལ་བཤད་ཕྱོགས་སུ་མ་ལྷུང་བ་བྱ་རྒྱུ་གལ་ཆེན་པོ་ཡིན། ཚགས་པར་འགོད་མཁན་རྣམས་ཀྱིས་དུས་རྒྱུན་གནས་ཚུལ་སྡུག་པའི་ལས་རིགས། དཔེར་ན། མི་གསོད་རེས་དང༌། བཙན་གཡེམ། ཇག་བཅོམ་བྱེད་པ་སོགས་ཀྱི་གནས་ཚུལ་དོ་སྣང་ཆེན་པོས་བཀོད་པ་ལས། ཐོན་དགོས་ངེས་ཀྱི་གནས་ཚུལ་བཟང་པོའི་རིགས་དང༌། ཕྲུ་གུ་དང་ནད་པ་ལ་བྱམས་བརྩེའི་འཚོ་སྐྱོང་གི་ཁེ་ཕན་ཅི་ཙམ་རག་གི་ཡོད་པ་སོགས་ལེགས་པའི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་རིམ་ལྡན་པ་འགོད་རྒྱུ་འདང་གི་མི་འདུག
     གསར་ཤོག་ཐོག་གནས་ཚུལ་སྡུག་པའི་རིགས་འགོད་རྒྱུ་མང་དྲགས་པའི་རྐྱེན་གྱིས་མི་དམངས་ཀྱི་སེམས་སུ་མིའི་རང་བཞིན་དེ་གཞི་རྩའི་ཆ་ནས་སྡུག་པ་ཞིག་རེད་འདུག་སྙམ་པའི་རྣམ་རྟོག་སྐྱེས་ཏེ། སེམས་པ་སྦུག་སུབ་དོག་པོ་དང་མི་སྐྱིད་པ། བློ་ཕམ། སོ་སོ་རང་ཉིད་ལའང་གདེང་ཚོད་མེད་པ་བཅས་ཆགས་ཀྱི་ཡོད། དེ་ནི་ཐབས་རྡུགས་དང་ཉེན་ཁ་ཆེན་བོ་ཞིག་ཡིན། དེར་བརྟེན་གསར་འགོད་པར་སྤྱི་ཚོགས་ཀྱི་ལས་འགན་གལ་ཆེན་ཞིག་ཡོད་པར་མ་ཟད། ཆོས་ལུགས་མི་སྣ་ཚོར་ཡང་དེའི་ཐད་དམིགས་བསལ་གྱི་ལས་འགན་ཆེན་པོ་ཞིག་ཡོད།
      ཐབས་ལམ་དང་ལས་རིགས་འདྲ་མིན་བརྒྱུད་བྱམས་བརྩེ་ལྡན་པའི་སེམས་ཀྱི་རིན་ཐང་ཡར་རྒྱས་གཏོང་དགོས་པ་དེ་ལས་སླ་བོ་ཞིག་མིན། འོན་ཀྱང་འགྲོ་བ་མིའི་གནས་སྟངས་ད་ལྟ་ལས་ལེགས་པ་དང༌། མ་འོངས་པར་རང་གཞན་ཚང་མ་སྐྱིད་པོ་ཡོང་བའི་ཐབས་ལམ་དེ་ཁོ་ན་ཡིན།
     ད་ནི་ནང་ཆོས་ཉམས་ལེན་གྱི་ཐབས་ལམ་ཁ་ཤས་ངོ་སྤྲོད་བྱེད་རྒྱུའི་དང་པོར། ཆོས་ལུགས་ནང་ཕན་ཚུན་མཐུན་པོ་བྱ་རྒྱུ་གལ་ཆེ་ཡིན་པའི་སྐོར་བཤད་རྒྱུ་ཡིན། འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་ཁག་གི་རྩ་བའི་གྲུབ་མཐའི་འདོད་ཚུལ་མི་འདྲ་བ་ཡོད་ཀྱང༌། ཆོས་ལུགས་དེ་དག་ཚང་མས་འགྲོ་བ་མིའི་ཆེད་དུ་གདམས་ངག་གི་སློབ་སྟོན་བཟང་པོ་གཅིག་མཚུངས་སུ་གནང་ཡོད། ཆོས་ལུགས་སོ་སོའི་རྗེས་འཇུག་པའི་ནང་བསམ་བློའི་གནས་ཚད་ཇེ་མཐོར་སོང་བའི་ངོ་མཚར་ཅན་གྱི་སྐྱེས་བུ་མང་པོ་ཡོད་ཅིང༌། དེ་དག་གིས་ནང་སེམས་ལ་བསྒྱུར་བཅོས་བཏང་བའི་འབྲས་བུར་སྙིང་རྗེ་དང་ཤེས་རབ་ལྡན་པ་ཆགས་ཡོད་པ་དེས། བཞེད་སྲོལ་མི་འདྲ་བའི་ཆོས་ལུགས་ཚང་མར་མིའི་བསམ་བློ་བསྒྱུར་བཅོས་གཏོང་རྒྱུའི་ནུས་པ་ལྡན་ཡོད་པ་བསྟན་ཡོད།
དེར་བརྟེན་ང་རང་ཚོ་དགའ་པོ་ཡོད་མིན་ལ་མ་ལྟོས་པར་ཆོས་ལུགས་ཆེ་ཁག་དེ་དག་མུ་མཐུད་གནས་རྒྱུ་ཡིན། འདས་པའི་དུས་སུ་ཆོས་ལུགས་ཀྱི་གོམས་སྲོལ་དེ་དག་གིས་རང་རེའི་ཕ་མེས་ཡང་མེས་ཀྱི་མི་རབས་མང་པོ་ཞིག་ལ་ཁེ་ཕན་ཐོབ་ཡོད་པ་དང༌། ད་ལྟའི་ཆར་ཡང་ཕན་ཐོགས་ཡོང་བཞིན་པ་མ་ཟད་མ་འོངས་པར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན་པར་བརྟེན། བཞེད་སྲོལ་མིའདྲ་བའི་ཆོས་ལུགས་རྣམས་ནང་ཁུལ་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན།
ཆོས་ལུགས་ཚང་མར་ཐུན་མོང་གི་རྨང་གཞི་ཞིག་ཡོད་སྟབས་མཐུན་སྒྲིལ་བྱེད་ཐུབ། ལམ་ལུགས་དང་གོམས་སྲོལ་གཞན་ཇི་ཙམ་ཤེས་རྟོགས་བྱུང་ན། རང་བཞིན་གྱིས་ཆོས་ལུགས་གཞན་དག་ལ་གུས་བཀུར་དང་བརྩི་མཐོང་ཡོང་རྒྱུ་ཡིན། ཕན་ཚུན་དོན་དམ་པའི་ཤེས་རྟོགས་ཡོད་ན་ཕན་ཚུན་དོན་དམ་པའི་གུས་བཀུར་ཡོང་ཐུབ། ནང་པ་སངས་རྒྱས་པ་ལྟར་ན་མཐུན་སྒྲིལ་དེ་ལྟ་བུ་ཡོང་བ་ནི་སེམས་སྦྱོར་བརྡར་གྱི་ཐབས་ཚུལ་ལ་བརྟེན་དགོས་པ་ཡིན།
       ནང་པ་སངས་རྒྱས་པས་གནས་ཚུལ་ཐམས་ཅད་ལས་ཀྱི་འབྲས་བུ་ཡིན་པར་འདོད་སྟབས། འབྲས་བུ་ཡག་པོ་ཡོང་བའི་ཆེད་སེམས་བསྒྱུར་བཅོས་ཀྱི་སྦྱོང་བརྡར་ལ་དོ་ནན་ཆེན་པོ་བྱེད་ཀྱི་ཡོད། དེ་ལ་ལས་ཞེས་བརྗོད་ཅིང༌། མ་འོངས་པ་ནི་ད་ལྟའི་ལས་ལ་ལྟོས་པ་དེ་ལས་རྒྱུ་འབྲས་ཀྱི་ཁྲིམས་སམ་རྣམ་གཞག་ཡིན།
     ལུས་ངག་ཡིད་གསུམ་གྱི་ལས་ཀྱི་ནང་ནས་གཙོ་བོ་ཡིད་ཀྱི་ལས་ཏེ་སེམས་ཀྱི་ཀུན་སློང་གིས་རྐྱེན་གྱི་གཙོ་བོ་བྱེད་ཀྱི་ཡོད། ལུས་ངག་གི་ལས་ཀྱི་ངོ་བོ་གཅིག་པ་ཡིན་ནའང་ཀུན་སློང་མི་འདྲ་བའི་དབང་གིས་འགའ་རེས་དགེ་བ་དང་འགའ་རེས་མི་དགེ་བ་ཆགས་ཀྱི་ཡོད། ནམ་རྒྱུན་རང་རེས་མི་དགེ་བར་བརྩི་བའི་ལས་ཁ་ཤས་ཀུན་སློང་གི་དབང་གིས་དགེ་བའི་ལས་སུ་གྱུར་བ་ཡོང་གི་ཡོད། ཡིད་ཀྱི་ལས་ནི་མེད་དུ་མི་རུང་བའི་རྐྱེན་གྱི་གཙོ་བོ་ཡིན་སྟབས། གནས་དུས་གང་ཞིག་དང་རྐྱེན་ཅི་འདྲ་ཞིག་ཡིན་ཀྱང་མཐར་སོ་སོའི་སེམས་ལ་བརྟེན་དགོས།     མཐར་ཐུག་གི་དམིགས་ཡུལ་ནི་ཐར་པ་ཡིན་པ་དང༌། ཐར་པའི་གོ་དོན་ཡང་ཉོན་མོངས་པའི་རིགས་གཏན་ནས་མེད་པ་བཟོས་པའི་སེམས་ཀྱི་རང་བཞིན་ཞིག་སྟེ། མདོར་ན་སེམས་ཀྱི་ཡོན་ཏན་ཡིན།
ནམ་ཞིག་སེམས་དང་རིག་པ་དེ་དག་ལ་འགལ་རྐྱེན་གང་ཡང་མེད་པར་ཤེས་བྱའི་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་ཅིང༌། ཡར་རྒྱས་མཐར་ཕྱིན་པ་དེའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་བརྙེས་པ་ཡིན་པས། དེ་ལ་ང་ཚོས་རྣམ་མཁྱེན་ཅེས་བརྗོད་ཅིང་དེ་ཡང་སེམས་ཀྱི་ཡོན་ཏན་ཞིག་ཡིན། བསྒྱུར་བཅོས་གཏོང་ཡུལ་སེམས་ཡིན་ཅིང་བསྒྱུར་བཅོས་གཏོང་བ་པོ་ཡང་སེམས་ཡིན་པར་མ་ཟད། བསྒྱུར་བཅོས་བཏང་བའི་གྲུབ་འབྲས་དང་ལྡན་པའི་གཞི་ཡང་སེམས་དེ་རང་ཡིན།
       མི་ཁ་ཤས་ཀྱིས་ནང་པའི་གཞུང་ལུགས་ནི་སེམས་ཀྱི་ཚན་རིག་རེད་ཅེས་བརྗོད་པ་དེ་ལྟར་འགྲེལ་བཤད་བྱས་པ་ནི་འོས་པ་ཡིན། ནང་པའི་གཞུང་ལུགས་སུ་སེམས་ཀྱི་རང་བཞིན་ལ་ཐ་སྙད་དང༌། དོན་དམ་པའི་སྐབས་ལ་སོགས་པའི་དབྱེ་བ་ཕྱེ་སྟེ་འགྲེལ་བཤད་རྒྱག་སྟངས་ཡོད་པ་དང༌། བསམ་བློའི་རིགས་མི་འདྲ་བ་ལ་དབྱེ་འབྱེད་བྱེད་སྟངས་སྣ་ཚོགས་ཡོད། སྔགས་ཐེག་པའི་སྐབས་སུ་སེམས་ཀྱི་རིམ་པ་ལ་རགས་པ་དང༌། ཕྲ་བ། ཤིན་ཏུ་ཕྲ་བའི་ཁྱད་པར་འབྱེད་ཀྱི་ཡོད། སེམས་བསྒྱུར་བཅོས་གཏོང་བའི་ཐབས་ལམ་དེ་ག་སེམས་ཀྱི་རང་བཞིན་ཡིན་སྟབས་སྒོམ་རྒྱག་རྒྱུ་ནི་ནང་ཆོས་ཉམས་ལེན་གྱི་གལ་ཆེ་ཤོས་ཤིག་ཡིན། སྒོམ་སྒྲུབ་མ་བྱས་པར་སེམས་ལ་བསྒྱུར་བཅོས་གཏོང་མི་ཐུབ།
སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཡོད། ཉོན་མོངས་ལ་ཁ་གཏད་གཅོག་པའི་མཚོན་ཆའི་གཙོ་བོ་ནི་དཔྱད་སྒོམ་ཡིན་པས། དཔྱད་སྒོམ་བརྒྱུད་ནས་ལྡོག་ཏུ་མེད་པའི་ངེས་ཤེས་གསར་བའི་རིགས་ཡར་རྒྱས་གཏོང་དགོས། ངེས་ཤེས་ཅི་ཙམ་དུ་ཡར་རྒྱས་ཕྱིན་པ་དེའི་ཚོད་ཀྱིས་ལྡོག་ཕྱོགས་ཀྱི་བློ་རྣམས་ཉམས་དམས་པར་བྱེད་ཅིང་ཉོན་མོངས་ཀྱི་ཕྱོགས་མེད་པ་བཟོ་བ་ཡིན།
 
      ལྷག་མཐོང་ནི་དཔྱད་སྒོམ་ཁྱད་པར་བ་ཞིག་ཡིན་པས་དེ་བརྟན་པོ་ཡོང་ཆེད་སེམས་རྩེ་གཅིག་པའི་ནུས་སྟོབས་ཆེན་པོ་ཞིག་ཡོད་དགོས་རྒྱུ་ཧ་ཅང་གལ་ཆེ། ནམ་རྒྱུན་ང་རང་ཚོའི་སེམས་ཁ་འཐོར་ནས། སེམས་ཀྱི་ཕྱོགས་གཅིག་མ་གཏོགས་བེད་སྤྱོད་གཏོང་མ་ཐུབ་པའི་རྐྱེན་གྱིས་སེམས་ཀྱི་ནུས་པ་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་གི་ཡོད། འཇོག་སྒོམ་མམ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བརྒྱུད་ནས་སེམས་ཀྱི་ནུས་པ་ཆ་ཚང་རྒྱུ་ལམ་གཅིག་ཐོག་ཏུ་བསྒྲིལ་ཏེ། ཆུ་གློག་གི་ནུས་ཤུགས་ལྟར་སེམས་ཀྱི་ནུས་པ་རྣམས་ཕྱོགས་གཅིག་ལ་སྡུད་ཀྱི་ཡོད། དཔེར་ན། ཆུ་བཀྲམས་པའི་སྐབས་སུ་ནུས་ཤུགས་མེད་པ་དང༌། ཆུ་ཐམས་ཅད་ཕྱོགས་གཅིག་ལ་བསྡུས་ན་ནུས་ཤུགས་ཆེན་པོ་ཡོད་པ་ལྟར། བསམ་བློ་ཁ་འཐོར་དེ་དག་ལའང་རང་བཞིན་དུ་ཤེས་བྱ་ཤེས་པའི་ནུས་པ་ལྡན་ཡོད་རུང༌། བསམ་བློ་ཁ་འཐོར་བའི་དབང་གིས་ནུས་པ་ཆེན་པོ་མེད། འཇོག་སྒོམ་ལ་བརྟེན་ནས་ཤེས་པའི་ནུས་པ་ཆ་ཚང་གཅིག་སྡུད་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
    དཔྱད་སྒོམ་ལ་ཡང་རིགས་གཉིས་ཡོད་དེ། དད་པ་དང་སྙིང་རྗེ་ལྟ་བུ་ནི་ཤེས་པ་གང་ཞིག་དད་པ་དང་སྙིང་རྗེའི་རང་བཞིན་ནམ་ངོ་བོར་བསྐྱེད་ནས་བསྒོམ་དགོས་པ་ཞིག་དང༌། དཔྱད་སྒོམ་ཅིག་ཤོས་ནི་མི་རྟག་པ་དང་སྟོང་པ་ཉིད་ལྟ་བུ་ཤེས་པ་དེའི་རྟོགས་པའི་ཡུལ་དུ་བྱས་ནས་བསྒོམ་དགོས་པ་བཅས་གཉིས་ཡིན། སྒོམ་ལ་མི་འདྲ་བ་མང་ནའང༌། དེ་གཉིས་ནི་ནང་པའི་ཆོས་ཀྱི་ཉམས་ལེན་ནང་གལ་ཆེ་ལ་འབྲེལ་བ་ཆེན་པོ་ཡོད།
དེ་མཚུངས་ཀུན་སློང་ཡང་ཧ་ཅང་གལ་ཆེན་པོ་ཡིན། བྱང་སེམས་ཀྱི་ཐེག་པའི་ནང་ལ་བྱ་བ་གང་ཡིན་ཀྱང༌། ཐ་ན་འཇིག་རྟེན་པའི་ཚེ་འདིའི་བྱ་བ་ཡན་ཆད། རྐྱེན་གྱི་གཙོ་བོ་ཡང་དག་པའི་སངས་རྒྱས་ཀྱི་གོ་འཕང་ལ་འདྲེན་པར་བྱེད་པའི་ལམ་ལ་འཇུག་འདོད་ཀྱི་ཀུན་སློང་གིས་ཟིན་པར་བྱེད་དགོས། འདིའི་རྐྱེན་གཙོ་བོ་བྱང་ཆུབ་ཀྱི་སེམས་དེ་མཐའ་མེད་པའི་སེམས་ཅན་ལ་དམིགས་པའི་གཞན་ཕན་གྱི་སེམས་ཤིག་ཡིན།
ཀུན་སློང་དེ་དང་མཉམ་དུ་སྒོམ་གྱི་རྣམ་གཞག་མི་འདྲ་བའི་ཉམས་ལེན་གྱིས་མཐར་སངས་རྒྱས་ཀྱི་གོ་འཕང་ལ་འཁྲིད་པར་བྱེད། ཤིན་ཏུ་སྒྲུབ་དཀའ་ཞིང་ལག་ལེན་བསྟར་དཀའ་བའི་སྒོམ་སྒྲུབ་ཀྱི་རིགས་ལ་ཨ་གསར་བྱས་ནས་ཡོང་མི་ཐུབ། ཨརྱཱ་དེ་ལྦས་བཞི་བརྒྱ་པར་གསུངས་པ་བཞིན། དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བར་དུ་གཅོད་པའི་ཉོན་མོངས་པའི་དྲི་མ་དང༌། བག་ཆགས་སོགས་ཤེས་བྱའི་བགེགས་ཐམས་ཅད་ཟད་པ་ཞིག་ལ་ཟེར་བས། ཉམས་ལེན་གྱི་རིམ་པ་འདི་དག་ངེས་པར་གོམ་པ་རིམ་བགྲོད་ཀྱིས་འགྲོ་དགོས།
     འཁྲུལ་པའི་བག་ཆགས་རྣམས་སྤོང་ཆེད་ཐོག་མར་ཉོན་མོངས་རྣམས་མེད་པ་བཟོ་དགོས་པ་དང༌། དེའི་རིམ་པ་དང་པོར་ཚུལ་ཁྲིམས་ཀྱི་ཉམས་ལེན་དགོས་སྟབས། དགེ་ཚུལ་སློང་གི་སྡོམ་ཅན་ཡིན་ནའང་འདྲ། སྐྱ་སེར་སུ་འདྲ་ཞིག་ཡིན་ཀྱང་ཉམས་ལེན་གྱི་ཐོག་མའི་རྩ་འཛིན་བྱེད་ས་ཚུལ་ཁྲིམས་ཡིན་པར་ཁྱད་པར་མེད། གཙོ་བོ་མི་དགེ་བའི་ལས་བཅུ་ལས་ལུས་ཀྱི་མི་དགེ་བ་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ། འདོད་པའི་ལོག་པར་གཡེམ་པ། ངག་གི་རྫུན་བཤད་པ། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཞི་དང༌། སེམས་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་སྤོང་དགོས།
     ལོག་ལྟ་ལ་འགྲེལ་བཤད་རྒྱག་སྟངས་གཉིས་ཡོད་པས། གཅིག་ནི་ཆོས་གང་ཡང་ཡོད་པ་མ་རེད་ཅེས་ཅི་ཡང་མེད་པར་ཁས་ལེན་པའི་ལྟ་བ་དེ་ཡིན་ལ། ཅིག་ཤོས་ནི་ཆོས་ཐམས་ཅད་རང་ངོས་ནས་སམ་རང་དབང་གིས་གྲུབ་ཡོད་པ་རེད་ཅེས་སྒྲོ་འདོགས་པའི་ལྟ་བ་ཡིན། ཚུལ་ཁྲིམས་ཀྱི་ཉམས་ལེན་ཆེད་ཉིན་རེའི་མི་ཚེའི་ནང་དྲན་ཤེས་དང་བག་ཡོད་ཡང་ཡང་བསྟེན་རྒྱུ་དེ་གཙོ་བོ་ཡིན། མི་ཞིག་དང་མཉམ་དུ་སྐད་ཆ་བཤད་སྐབས་སོ་སོས་རྫུན་གཏམ་ཤོད་ཀྱི་ཡོད་མེད་བརྟག་དཔྱད་བྱེད་དགོས་པ་དང༌། ཉིན་རེའི་འཚོ་བའི་ནང་ལ་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་བརྟག་དཔྱད་ཡང་ཡང་གཏོང་དགོས།
      སྐབས་རེར་དམིགས་བསལ་གྱི་གནས་སྟངས་འོག་ནས་མགོ་སྐོར་ཏོག་ཙམ་གཏོང་དགོས་པ། དཔེར་ན། མི་མང་པོའི་སྲོག་སྐྱོབ་ཆེད་རྫུན་བཤད་རུང་བ་ལྟ་བུའི་གནས་སྐབས་ཙམ་ལ་མ་གཏོགས་དྲང་པོ་དང་བདེན་པ་བདེན་ཐུབ་བྱེད་དགོས། ཐོག་མ་ཉིད་ནས་གུས་ཞབས་ཆེ་མདོག་ཁ་བོ་བྱས་ན་མི་ལ་དོགས་ཟོན་སློང་ཉེན་ཡོད་པས། གཞན་དགའ་བའི་སྐད་ཆ་གུ་ཡངས་པོ་དང་སྲོང་པོར་བཤད་ན་དེས་ནང་གི་ལྗིད་ཚད་དཔོག་ཐུབ། ང་ཚོས་སེམས་པ་བཟང་པོ་བྱེད་དགོས་ཤིང་གཞན་ལ་གནོད་པ་བྱེད་རྒྱུར་འཛེམ་དགོས། དེ་ལ་དཀར་ཟས་རིགས་ལོངས་སུ་སྤྱོད་པའི་ལུགས་སྲོལ་བཟང་པོ་རྒྱུན་འཇགས་ཐུབ་ན་ལེགས་གནས་ཆེ།
     ལོ་རབས་དྲུག་ཅུ་པའི་ནང་ངོས་རང་ཤ་མེད་ཀྱི་ཁ་ཟས་བསྟེན་རྒྱུར་འབད་བརྩོན་བྱས་པར་མ་ཟད། ལྷག་དོན་ལོ་གཉིས་རིང་ཤ་བཟས་མེད། འོན་ཀྱང་ཤ་རྩ་བ་ནས་སྤོང་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་གཟུགས་པོའི་འཕྲོད་བསྟེན་ལ་དཀའ་ངལ་མང་པོ་ཞིག་འཕྲད་པས་ཡིན། དེང་སང་ཉིན་གནངས་ཆགས་རེས་མོས་ཀྱིས་ལོ་གཅིག་ལ་ཟླ་བ་དྲུག་ཤ་མེད་ཡིན། ཉེ་ཆར་ངོས་རང་དྷ་རམ་ས་ལ་ནས་འཇའ་མུའུ་གནམ་ཐང་ལ་འགྲོ་སྐབས། བྱ་དེ་མང་པོ་སྒམ་ཆུང་ཆུང་དེ་འདྲའི་ནང་ལ་ཉར་ཡོད་པ་མཐོང་བྱུང༌། མཐོང་སྣང་དེས་ཧ་ཅང་གི་དངངས་སྐྲག་བྱུང༌། དེ་བཞིན་མཚོ་མཐའི་ཡུལ་གྲུར་ཉ་ཟ་མཁན་གྱི་མི་རྣམས་ཀྱིས་ཉིན་རེར་ཉ་སྟོང་ཕྲག་མང་པོ་གསོད་ཀྱི་ཡོད་པ་དང༌། མི་གཅིག་གི་གྲོད་ཁོག་རྒྱགས་ཆེད་སེམས་ཅན་མང་པོའི་སྲོག་ལ་གནོད་འཚེ་བྱེད་ཀྱི་ཡོད། དེས་ན་ཤ་མེད་ཀྱི་ཟས་རིགས་བསྟེན་རྒྱུའི་གོམས་སྲོལ་དར་ཁྱབ་གོང་འཕེལ་གཏོང་རྒྱུ་ཤིན་ཏུ་གལ་ཆེ་བ་མཐོང་གི་འདུག
     ངོས་རང་གི་བསམ་པར་དངོས་ཡོད་གནས་ཚུལ་ལ་གཞིགས་ན་མི་འབོར་གྱི་གྲངས་ཀ་ཉུང་ན་སྙམ། ངེས་པར་དུ་སྲོག་ལྡན་གྱི་རིགས་གཞན་རྣམས་སྲུང་སྐྱོབ་བྱེད་དགོས་པ་དང༌། མི་གྲངས་ཉུང་ན་ཕན་ཚུན་འཆམ་མཐུན་དང་བདེ་སྐྱིད་ཆེ་བ་ཡོང་རྒྱུ་རེད་སྙམ། སྤྱི་ཚོགས་ནང་བཟོད་མི་བདེ་བའི་གནས་སྟངས་གཙོ་བོ་གཅིག་དབུལ་ཞིང་ཕོངས་པ་ལ་ཐུག་ཡོད་སྟབས། འཛམ་གླིང་གི་དཔལ་འབྱོར་གྱི་གནས་སྟངས་ནི་རྩ་འགངས་ཆེན་པོ་ཞིག་ཡིན། ལོག་གཡེམ་ནི་ཁྱིམ་ཚང་ནང་མི་དང་རྒྱ་ཆེའི་སྤྱི་ཚོགས་ཀྱི་ཞི་བདེ་གཏོར་བཤིག་གཏོང་བའི་རྐྱེན་གཙོ་བོ་ཞིག་ཡིན་པར་སྨོས་ཅི། ལྷག་དོན་དེང་དུས་རེག་དུག་གི་ན་ཚ་ཤིན་ཏུ་བཅོས་དཀའ་བའི་ཚབས་ཆེ་ཞིག་ཡོད་པའི་སྐབས་སུ་སྡོམ་པ་རང་བསྲུང་གི་ཁྲིམས་དེ་ངེས་པར་དགོས་གལ་ཆེན་པོ་ཡིན།
ཁྲིམས་རང་བསྲུང་གི་ཀུན་སྤྱོད་བཟང་པོ་ཉམས་ལེན་བྱས་ན་མི་ཚེ་དོན་དང་ལྡན་པ་ཡོང་བ་དང༌། གཞན་གྱིས་གུས་བརྩི་བྱེད་སའི་སྐྱེ་བོ་ཞིག་ཆགས་ཏེ་མཐར་ཐུག་བདེ་ནས་བདེ་བར་བགྲོད་ཐུབ་པར་མ་ཟད། དེའི་ཐོག་ཁྱིམ་ཚང་དང་མི་སྡེའི་སྤྱི་ཚོགས་ཀྱི་ནང་ལ་ཆེ་མཐོང་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཏེ་སྒེར་སོ་སོ་ཡང་སྐྱིད་པོ་ཡོང་གི་རེད།
    
       ཕྱོགས་གཞན་ཞིག་ནས་བལྟས་ན་ཕྱི་ལྟར་དུ་གྲྭ་པ་དང་ཨ་ནེའི་མི་ཚེ་སྐྱེལ་སྟངས་ཡིད་དབང་འཕྲོག་པོ་ཞིག་མེད་པ་དང༌། སྐྱ་བོ་ཚོའི་མི་ཚེ་སྐྱེལ་སྟངས་ཁྲ་ཁྲ་ཟང་ཟིང་དང་ཡིད་དབང་འཕྲོག་པོ་ཞིག་ཏུ་སྣང་གི་ཡོད། ང་ཚོ་གྲྭ་བཙུན་གྱི་མི་ཚེ་འདི་ཁྲ་ཁྲ་ཟང་ཟིང་མེད་ཀྱང་ཕུགས་རྒྱང་རིང་པོའི་ཐོག་གྲྭ་བཙུན་ཚོའི་བསམ་བློའི་གནས་སྟངས་ཞི་བདེ་ལྷིང་འཇགས་ཆེ་བ་ཡོད། ཚུལ་ཁྲིམས་ཀྱི་ཉམས་ལེན་མེད་པའི་མི་རྣམས་ཁྲ་ཁྲ་ཟང་ཟིང་དང་སྐབས་འགར་སྐྱིད་མདོག་ཁ་པོ་དང༌། མཚམས་རེར་སུན་བཙིར་ཤིན་ཏུ་ཆེ་བའི་གནས་སྟངས་འོག་ཁོང་ཚོའི་བྱ་སྤྱོད་ཀྱང་འཁྲུགས་ཆ་ཆེ་བས། དེ་དག་གིས་གཟུགས་པོར་ཕན་ཐོགས་གང་ཡང་མེད། དེ་བས་སེམས་བརྟན་ལྷིང་དང་ཞི་བདེར་གནས་ན་སྐྱིད་པོ་ངོ་མ་ཡིན།
དེ་འདྲའི་དགེ་བཅུའི་ཁྲིམས་ཀྱིས་རང་སེམས་ལ་སྟངས་འཛིན་གྱི་ཉམས་ལེན་བྱེད་པ་བརྒྱུད། ང་ཚོས་གནོད་འཚེ་མེད་པའི་ཐོག་ནས་ཕྲུ་གུ་སྐྱེ་འགོག་གི་དཀའ་ངལ་སེལ་རྒྱུར་ཞབས་འདེགས་ཆེན་པོ་སྒྲུབ་ཐུབ། དེ་ནི་ཉིན་རེའི་འཚོ་བའི་ནང་ཚུལ་ཁྲིམས་ཀྱི་ཉམས་ལེན་ཇི་ལྟར་བྱེད་དགོས་པའི་སྐོར་ཡིན། ང་ཚོའི་དགྲ་བོ་ངོ་མ་ཉོན་མོངས་པའི་སེམས་དཔེར་ན་ཁོང་ཁྲོ་དང༌། ང་རྒྱལ། ཕྲག་དོག་སོགས་ཡིན། ང་ཚོའི་མ་འོངས་པ་དང་བདེ་སྐྱིད་གཏོར་བཤིག་གཏོང་མཁན་ངོ་མ་ཡང་དེ་དག་ཡིན། དགྲ་བོའི་ཉེན་ཁ་ལས་སྐྱོབ་ཆེད་འོས་ཤིང་འཚམས་པའི་རང་བསྲུང་གི་ཐམས་ལམ་ཞིག་སོ་སོས་ལག་ལེན་དུ་མ་བསྟར་ན། དགྲ་བོ་དེ་དག་ལས་རྣམ་པར་རྒྱལ་ཐུབ་རྒྱུ་ཧ་ཅང་དཀའ།
     ཉོན་མོངས་པའི་སེམས་དང་གདོང་ཐུག་གིས་འཐབ་འཛིང་བྱེད་སྐབས་ལས་སླ་པོ་མེད་པར་དཀའ་ལས་ཁག་པོ་ཡོད་ནའང༌། རང་གིས་རང་སེམས་བསྲུང་ནས་སོ་སོ་དགྲ་བོའི་ཉེན་ཁ་ལས་སྐྱོབ་པའི་ཐབས་ལམ་ཞིག་ལག་བསྟར་བྱེད་དགོས། མ་མཐར་ཡང་ཉོན་མོངས་པའི་གཞན་དབང་དུ་སོང་བའི་ཀུན་སྤྱོད་ངན་པའི་རིགས་རྒྱལ་དུ་མི་འཇུག་པར་འགོག་ཐུབ་པ་བྱེད་པ་ནི་ཚུལ་ཁྲིམས་ཡིན། དྲན་ཤེས་བག་ཡོད་དང་ལྡན་པའི་སྒོ་ནས་ཚུལ་ཁྲིམས་ཀྱི་ཉམས་ལེན་ལ་འདྲིས་པར་བྱས་ན་མཐར་ཉམས་ལེན་དེ་སོ་སོའི་མི་ཚེའི་ཆ་ཤས་ཤིག་ཆགས་ཀྱི་རེད། ཚུལ་ཁྲིམས་ནི་ཉོན་མོངས་པའི་སེམས་དང་ཐད་ཀར་འཐབ་འཛིང་བྱེད་སའི་རྨང་གཞི་ལྟ་བུ་ཡིན། གལ་ཏེ་སྟོབས་དང་ལྡན་པའི་གཟུགས་པོ་ཞིག་ཡོད་ཚེ་ལག་པས་བརྟན་པོ་བྱས་ནས་སྟ་རེས་ཤིང་ལ་གནད་དུ་བསྣུན་ནས་ཤིང་གཅོད་ཐུབ་པ་ལྟར། ཚུལ་ཁྲིམས་ནི་སྟོབས་དང་ལྡན་པའི་གཟུགས་པོ་དང་གཅིག་མཚུངས་ཡིན།
      ཤུགས་ཆེ་ཞིང་བརྟན་ཆ་དང་ལྡན་པའི་ལག་པས་དམིགས་འབེན་ལ་གནད་དུ་བསྣུན་ཐུབ་པ་ལྟར། ཏིང་ངེ་འཛིན་དེ་བརྟན་ཆ་དང་ལྡན་པའི་ལག་པ་དང་ཤེས་རབ་ནི་དངོས་གནས་ཤིང་གཅོད་པར་བྱེད་པའི་སྟ་རེ་ལྟ་བུ་ཡིན། འོ་ན་ལྷག་མཐོང་ཞེས་པ་ཅི་ཞིག་ཡིན་ནམ་ཞེ་ན། དེ་ལ་འཆི་བ་དང་མི་རྟག་པ་སྒོམ་པ་སོགས་འབྲེལ་ཡོད་ཀྱི་སྒོམ་རྒྱག་སྟངས་སྣ་ཚོགས་པ་ཞིག་ཡོད། བྱང་སེམས་ཀྱི་ཐེག་པ་ལྟར་ན་ལྷག་མཐོང་གི་གཙོ་བོ་དེ་རང་གཞན་སོགས་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་རྟོགས་ཤིང༌། དཔྱད་སྒོམ་ལས་བྱུང་བའི་ཤེས་རབ་ཅིག་ལ་འཇོག
ཆོས་རྣམསཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་པའི་ཆེད་དུ་ང་ཚོས་ཐོག་མར་སྣང་ཚུལ་དང་གནས་ཚུལ་གྱི་ཁྱད་པར་ཅི་ཡིན་ཤེས་དགོས་ཤིང༌། རྒྱུན་དུ་ནས་ང་ཚོར་ཆོས་ཤིག་སྣང་བ་ན་སྣང་ཚུལ་གཞན་ཞིག་སྣང་ནས་གནས་ཚུལ་དེ་ལས་གཞན་ཞིག་ཡོང་གི་ཡོད་པའི་འགལ་འདུ་ཡང་ཡང་ཡོང་གི་ཡོད། འདིས་ང་ཚོས་སྟོང་ཉིད་དམ་མཐར་ཐུག་གི་རང་བཞིན་ཞེས་བཤད་པའི་སྟོང་ཉིད་ནི་ཆོས་རྣམས་ཀྱི་རང་དབང་བའི་ངོ་བོ་མེད་པ་ཙམ་ཞིག་ལ་འཇོག་ནའང༌། དབང་ཤེས་དང་ཀླད་པར་ཆོས་རྣམས་སྣང་བའི་ཚེ་ལྟོས་མེད་རང་ངོས་ནས་སམ་རང་དབང་བའི་ཚུལ་གྱིས་ཡོད་པ་ཞིག་ཏུ་སྣང༌།
     དེ་ལྟར་ནའང་སྣང་བ་བཞིན་དུ་བདེན་པར་ཡོད་ན་རིགས་པས་བཙལ་ནས་དཔྱད་པ་བྱེད་སྐབས་གསལ་དུ་འགྲོ་དགོས་ནའང༌། དཔྱད་ན་སྣང་བ་ལྟར་དུ་ཡོད་པ་ཞིག་རྙེད་རྒྱུ་མེད་པར་བརྟེན། སྣང་ཚུལ་དང་གནས་ཚུལ་གཉིས་ལ་ཁྱད་པར་ཡོད། སྣང་གནས་གཉིས་ཀྱི་རྣམ་གཞག་འདི་གསལ་དུ་གཏོང་ཆེད་ནང་པའི་གཞུང་ལས་ཆེད་དུ་དམིགས་ཏེ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་སྟེ་བདེན་པ་གཉིས་གསུངས་པ་ཡིན།
བདེན་པ་གཉིས་ལ་ཐོས་བསམ་སློབ་གཉེར་བྱེད་སྐབས་དོན་དམ་བདེན་པ་ཡོད་པ་གསལ་པོ་ཤེས་ཐུབ་ཅིང༌། ཆོས་ཐམས་ཅད་ཀྱི་སྟེང་གི་དོན་དམ་བདེན་པའམ་གནས་ལུགས་སྟོང་བ་ཉིད་རྟོགས་ན་ཉོན་མོངས་པའི་སེམས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཐུབ། གང་ལགས་ཤེ་སསསསན། སྤྱིར་བཏང་ཉོན་མོངས་པའི་སེམས་ཐམས་ཅད་རང་དབང་བའི་ཚུལ་གྱིས་ཡོད་པར་འཛིན་པའི་ཤེས་པ་ཞིག་གིས་རྩ་བ་བྱེད་ཅིང༌། དེ་འདྲའི་རང་དབང་བའི་ཚུལ་དུ་ཡོད་པར་འཛིན་པའི་བློ་དེས་ཉོན་མོངས་པའི་བློ་ཐམས་ཅད་ཀྱི་གཞི་རྟེན་བྱས་པས་ཡིན།
      དེ་ནི་ནང་གི་དགྲ་བོ་ཉོན་མོངས་པའི་སེམས་དང་གདོང་ཐུག་གིས་གཡུལ་འགྱེད་བའི་རིམ་པ་གཉིས་པ་དེ་ཆགས་ཡོད་པ་དང༌། ཉོན་མོངས་པའི་སེམས་དེ་དག་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ་ཚེ་དེ་ལ་ཐར་པ་ཞེས་བརྗོད།
དེ་ལྟར་ཕར་རྒོལ་གྱིས་ཉོན་མོངས་པའི་སེམས་ལས་གཡུལ་རྒྱལ་ནའང༌། ད་དུང་ཕྱོགས་ཐམས་ཅད་ནས་རྣམ་པར་རྒྱལ་བ་མེད་པར་འཇབ་རྒོལ་བྱེད་མཁན་ཁ་ཤས་ལྷག་ཡོད། འཇབ་རྒོལ་བྱེད་མཁན་དང་འདྲ་བའི་ཉོན་མོངས་པའི་སེམས་ཀྱི་བག་ཆགས་དེ་དག་རྩ་མེད་བཟོ་བར། དེ་ལ་འབད་བརྩོན་ཤུགས་ཆེན་པོ་དགོས་ཀྱི་ཡོད། མཚམས་འདིར་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ཟིན་པའི་སྒོ་ནས་ཕར་ཕྱིན་བཅུའམ་དྲུག་ལ་སོགས་པའི་ཉམས་ལེན་ལ་ཞུགས་ཏེ། སྟོང་ཉིད་རྟོགས་པའི་བློའི་ནུས་པ་གོང་མཐོར་གཏོང་བ་ནི་བྱང་ཆུབ་སེམས་དཔའི་ཉམས་ལེན་གནང་སྟངས་ཤིག་ཡིན། དེ་ལ་ཨ་གསར་དང་བྲེལ་བ་མི་བྱེད་པར་ངང་རྒྱུད་རིང་པོས་གོམ་པ་རིམ་བགྲོད་ཀྱིས་ཉམས་ལེན་ལ་ཞུགས་དགོས་པ་ཧ་ཅང་གསལ་པོ་རེད། སངས་རྒྱས་ཀྱི་གོ་འཕང་དང་ཐར་པར་འགྲེལ་བརྗོད་བྱེད་སྐབས་མི་ཁ་ཤས་ཀྱིས་ཨ་གསར་ལྟ་བུ་བྱེད་ཀྱང༌། ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་རིམ་པས་འབད་བརྩོན་བྱེད་དགོས་པ་ལས་ཨ་གསར་བྱེད་རྒྱུ་མེད།
མཚམས་རེ་མི་ཁ་ཤས་ཀྱིས་དུས་ཡུན་རིང་པོ་དེ་འདྲ་འབད་བརྩོན་ག་ལ་བྱེད་ནུས་སྙམ་ནས་བློ་ཞུམ་པའང་ཡོད། དེ་ནི་ཡག་པོ་མིན། ངོས་རང་གི་བསམ་པར་བོད་པ་ཚོས་ནང་ཆོས་གང་འཚམས་ཡག་པོ་ཤེས་ཀྱི་ཡོད་ནའང་ཛ་དྲག་མེད་པའི་རྐྱེན་གྱིས་ཉམས་ལེན་བྱེད་རྒྱུར་མཚམས་རེར་སྒྱིད་ལུག་ནས་སྡོད་ཀྱི་ཡོད། ང་ཚོའི་ཆོས་གྲོགས་གསར་བ་དམིགས་བསལ་ནུབ་ཕྱོགས་པ་ཁ་ཤས་ཤིན་ཏུ་ཛ་དྲག་ཆེན་པོ་རེད། མཚམས་རེར་ཛ་དྲག་ཐལ་ཆེ་དྲགས་མེད་དམ་སྙམ། དེ་ལྟར་བྱས་པའི་རྐྱེན་གྱིས་ལོ་ཤས་རྗེས་ཉམས་ལེན་བྱེད་རྒྱུའི་འདོད་པ་རྦད་དེ་བརླག་གི་ཡོད། ཛ་དྲག་བྱེད་པ་ཡག་པོ་ཡིན་ཀྱང་ངང་རྒྱུད་རིང་པོ་དང་མཉམ་དུ་བྱེད་དགོས་པ་མ་གཏོགས། ཕུ་ཐག་ཐུང་བའི་ཛ་དྲག་གི་བྱེད་སྟངས་ཀྱིས་སེམས་གནད་དུ་མི་གནས་པ་སོགས་ཀྱི་ཆག་སྒོ་འདྲ་མིན་སློང་གི་ཡོད།
 
     ཉོན་མོངས་པའི་བག་ཆགས་ཆ་ཚང་གཙང་མ་བཟོ་རྒྱུ་ཆེས་ཤིན་ཏུ་དཀའ་སྟབས། དེ་གསང་སྔགས་ཀྱི་ཆོས་སྐོར་ལས་དམིགས་བསལ་སྔགས་བླ་མེད་ཀྱིས་ཁ་སྣོན་རྒྱག་དགོས། ཡིན་ནའང་རིམ་པ་འདི་ལས་སླ་བོ་མེད་པས་དམིགས་བསལ་གྱི་ཁྱད་ཆོས་བཟང་པོ་ཚང་དགོས། ཆོས་ལ་ཡིད་ཆེས་ཡོད་མེད་ཇི་ལྟར་ཡང་དང་པོ་དེ་ང་ཚོ་ཚང་མ་མི་ཡིན་པ་གཅིག་མཚུངས་ཡིན་པས། མིའི་འགྲོ་བ་ཞིག་ཡིན་པའི་ཆ་ནས་ང་ཚོར་འཕྲལ་ཕུགས་གཉིས་ཀའི་ལེགས་ཉེས་ཀྱི་མཇུག་འབྲས་ཅི་ཞིག་ཡོང་མིན་ཤེས་པའི་ནུས་པ་ཧ་ལས་པ་ཡོད། བཟང་ཕྱོགས་ནས་བཤད་ན་ང་ཚོ་འགྲོ་བ་མི་ཙམ་མིན་པར་དུད་འགྲོ་གཞན་དང༌། སེམས་ཅན་ཐམས་ཅད་དང༌། སོ་སོའི་ཁོར་ཡུག་དང་བཅས་པར་ལྟ་རྟོག་བྱེད་དགོས་པའི་འགན་ཧ་ཅང་ཆེན་པོ་ཡོད།
དེ་འདྲ་ཡིན་དུས་འགྲོ་བ་མི་ཡག་པོ། སྤུས་དག་པོ། མི་ཚེ་དོན་དང་ལྡན་པ། སེམས་བཟང་ཅན་ཡོང་བར་འབད་བརྩོན་ངེས་པར་དུ་བྱེད་དགོས། དེ་ལྟར་བྱས་ན་རང་ཤུགས་ཀྱིས་སྒེར་གྱི་མི་ཚེ་སྐྱིད་པོ་ཡོང་བར་མ་ཟད། ནང་མི་དང་སྤྱི་ཚོགས་སོགས་ལ་བདེ་སྐྱིད་རང་ཤུགས་ཀྱིས་ཡོང་སྟེ། རང་གཞན་གཉིས་ཀར་ཕན་ཐོགས་ཡོད།
     ནང་པ་ཡིན་པར་ཁས་འཆེ་མཁན་ཚང་མས་ནང་ཆོས་ཤེས་བྱ་ཙམ་དུ་བརྩིས་ཏེ་འདོད་པ་ཚིམས་ནས་མི་སྡོད་པར། ཁ་ཞེ་གཉིས་མེད་ཀྱིས་སེམས་གཏིང་ནས་ཉམས་ལེན་དང༌། འབད་བརྩོན་ལྷོད་མེད་བྱས་ཏེ་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་དགོས། དུས་ཚོད་ནི་གལ་གནད་ཆེ་བའི་རྐྱེན་གཙོ་བོ་ཞིག་ཡིན། ཆོས་ཕྱོགས་ཀྱི་ཉམས་ལེན་གང་ཞིག་འགོ་བཙུགས་ཙམ་ཉིད་ནས་འཕྲལ་མར་སེམས་ནང་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་རྒྱུའི་རེ་བ་བརྒྱབ་པ་ནི་རྟགས་མཚན་ཡག་པོ་མིན་པས། བསྐལ་བ་མང་པོའི་གྲངས་ཀ་བརྒྱབ་སྟེ་བརྩོན་པ་བསྐྱེད་ན་ནང་གི་སྟོབས་ཤུགས་ཆེ་རུ་གཏོང་ཐུབ།
     ང་ཚོའི་གསུང་རབ་ཀྱི་ནང་ལ་ལོ་གསུམ་གྱི་ནང་ཚུན་ལ་འཚང་རྒྱ་ཐུབ་ཀྱི་རེད་ཅེས་གསུངས་ཡོད་ཀྱང༌། ངོས་ནས་དེ་ནི་ཧ་ཅང་ལག་ལེན་བསྟར་དཀའ་བ་ཞིག་ཏུ་མཐོང༌། སྐབས་རེ་ཟོལ་བསྟོད་ཀྱི་སྐད་ཆ་དེ་འདྲ་བཤད་པ་བདེན་པར་བསམ་སྟེ་ཡིད་ཆེས་བྱས་ནའང༌། དོན་དངོས་ཐོག་སེམས་ཐག་གཙང་བཅད་དང༌། བཟློག་ཏུ་མེད་པའི་སྙིང་སྟོབས་མངའ་བ་རྗེ་བཙུན་མི་ལ་ལྟ་བུའི་གང་ཟག་གིས་ཀྱང་ལོ་གསུམ་གྱི་ནང་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་རྒྱུ་ཁག་པོ་ཡིན།
དེར་མ་ཟད་ང་རང་ཚོའི་གྲུབ་པ་ཐོབ་པའི་སྐྱེས་བུ་དང་རྣལ་འབྱོར་བ་སོགས་དམ་ཆོས་ཉམས་སུ་ལེན་པའི་སྐྱེས་ཆེན་དེ་དག་ལོ་གསུམ་གྱི་ནང་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་གནས་ཚུལ་གཅིག་ཀྱང་གོ་མ་མྱོང༌། དེར་བརྟེན་ཁ་ནས་ལོ་གསུམ་བརྗོད་པ་ཙམ་གྱིས་འགྲིག་ཐབས་མེད། ལོ་འདི་དང་ཚེ་རབས་འདི་ཙམ་མིན་པར་ཚེ་རབས་ནས་ཚེ་རབས་དང་བསྐལ་བ་ནས་བསྐལ་པའི་བར་གྱི་འཆར་གཞི་ཡག་པོ་འདིང་དགོས། ངོས་རང་ལ་མཚོན་ན་བསྐལ་བ་དང་བསྐལ་བ་གྲངས་མེད་པར་བསམ་གཞིགས་བྱས་ན་སྔར་བས་ཀྱང་ནང་གི་སེམས་ཤུགས་འཕེལ་བ་དང་སེམས་ལྷིང་འཇགས་ཡོང་གི་འདུག། །།
༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་གསུངས་སོ། །

ཟིན་བྲིས་འཚོལ་ཡུལ