དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
༄༅། །བརྡ་ཐོ་གསལ་བསྒྲགས་དད་པའི་མེ་ལོང་། །
མཛའ་བརྩེ་ཡིད་ཀྱི་དང་བའི་གཉེན་བཤེས་ཀུན། །
ཀུན་བཟང་དུས་ཀྱི་འཁོར་ལོའི་ཚོགས་གྲལ་དུ། །
མི་འབྲལ་རྟག་ཏུ་འགྲོག་པའི་ཕྱག་རྒྱ་བཅས། །
ཨེ་ཝྃ་ཆོས་སྨན་ཁང་དུ་ཕེབས་བསུ་ཞུ། །
མཛའ་ཞིང་བརྩེ་བའི་གྲོགས་པོ་དང་སྤུན་ཟླ་ཚོ་ལ་ཞུ་བྱ། །
དེང་གི་དགེ་ཆར་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་དང་གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་ལ་ཞུགས་པའི་ཆོས་ལྡན་བོད་ཀྱི་བསྟན་པ་རིན་པོ་ཆེ་ལ་དད་པའི་རང་རིགས་སྤུན་ཟླ་རྣམ་པ་དང་གྲོགས་མཆེད་དག་ལ་ཞུ་འབྲས། བདག་ཅག་གི་ལྟ་གྲུབ་འདི་ཆེས་སྔ་མོའི་དུས་ནས་བོད་དུ་དར་ཞིང་མཁས་གྲུབ་ཀྱིས་སྐྱེས་ཆེན་དམ་པ་རྣམས་ཀྱིས་དབུ་ཁྲིད་དེ་དགེ་འདུན་འདུས་པའི་ཚོགས་དང་དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་ཀྱིས་མ་ཉམས་པར་གནས་ཡོད། འོན་ཀྱང་བར་སྐབས་ཤིག་ཏུ་ཆོས་དང་གང་ཟག་ཐ་དད་དུ་སོང་བའི་གཞན་དབང་གིས་ཉམས་ཉེས་ཅི་རིགས་བྱུང་ཡང་དམ་པའི་ཆོས་ཀྱི་ངོ་བོ་སེམས་ཀྱི་ཞི་བདེ་བཤད་སྒྲུབ་ཀྱི་བསྟན་པའི་རྒྱུན་མ་ཉམས་པར་ད་ལྟ་བར་དུ་གནས་ཡོད། ཁྱད་པར་དུ་རང་གཤིས་ཁམས་དང་དབང་པོ་ལ་མངོན་པར་གྲུབ་པའི་དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་གསང་བ་ཟབ་མོ་རྣམས་རིས་མེད་བསྟན་པའི་གསལ་རྒྱན་ཆེན་པོ་ཞིག་ཏུ་གནས་ཡོད། དེ་ལ་བཀའ་གཏེར་དག་སྣང་གི་བརྒྱུད་པ་དུ་མ་ཡོད་པ་ལས་འདིར་རིང་བརྒྱུད་བཀའ་མ་ལྟ་བུ་དང་། ཟབ་མོ་གཏེར་གྱི་བརྒྱུད་པ་དང་དག་སྣང་མན་ངག་གི་བརྒྱུད་པ་གསུམ་ལས། འདིར་རིག་འཛིན་པདྨ་དྲག་སྔགས་གླིང་པའི་གཏེར་གསར་གཞིར་བྱས་ནས་བརྒྱུད་པ་གསུམ་ལྡན་གྱི་བསྙེན་སྒྲུབ་ཡན་ལག་ཚད་ལྡན་སྔོན་དུ་སོང་ནས་ད་ནི་བསྟན་པ་སྤྱི་དང་ཁྱད་པར་རང་ཡུལ་སྤུན་ཟླ་ཡོངས་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་བསྟན་པའི་དུས་ཚོད་ཅིག་འཆར་བར་ཐུབ་ན་ཅི་མ་རུང་སྙམ་ཡོད། རང་གི་ཚེ་སྲོག་དང་དཀའ་ངལ་ལ་མི་འཛེམས་པར་རང་ཡུལ་དུ་ཡོང་གི་ཡིན། དེར་བརྟེན དཔལ་འབྱོར་དང་ཟིང་ཟིང་འདུ་འཛི་སྒྲུབ་པའི་རྟེན་དུ་མིན་པར། བདག་ཅག་གི་འཇིག་རྟེན་འདི་ཕྱིའི་འབྱུང་ཁམས་ཀྱི་གྱོང་རྒུད་མཐའ་དག་ནང་དགེ་བློ་ཉམས་པའི་རྐྱེན་ལས་བྱུང་བ་ཡིན་པས། དེང་དུས་ཕལ་ཆེ་བས་བླང་དོར་ལ་རབ་ཏུ་རྨོངས་ནས་དགེ་སྡིག་ལས་འབྲས་ལ་མི་བརྩི། འཚོ་བའི་འཇིག་རྟེན་ཁོར་ཡུག་ལ་བདག་སྲུང་མ་ཤེས་པར་བརླགས། རྨོངས་དད་བཙན་རྒྱལ་རིང་ལུགས་ལ་སྐྱབས་སུ་སོང་བས་ས་ཆུ་མེ་རླུང་གི་འབྱུང་བ་འཁྲུགས། སེམས་ཀྱི་བདེ་སྐྱིད་མེད་པར་འཇིགས་བསྐྲག་གི་ཚོར་བ་རྒྱ་ཆེ་ཞིང་སྐྱེ་ཁམས་དངོས་པོ་རྣམ་བཀྲག་མདངས་ཉམས། རྡུལ་ཕྲན་གྱི་མཚོན་ཆ་དར། ཁྱད་པར་དུ་ན་ནིང་ཡུལ་ཤུལ་དང་འབྲུག་ཆུར་ས་ཡོམ་དང་རི་ཉིལ། རྒྱ་ནག་ཡུལ་ལ་མཚོན་ན་ཡང་ཞིང་མི་གྲོང་ཚོ་ཕལ་ཆེ་བའི་ཞིང་མུ་དང་ཁང་ཁྱིམ་ཞིག་པ། ནད་ཡམས་དང་དམག་འཁྲུག དྲག་གནོན་དང་གནར་སྐྱོད། ད་ལོ་ཡང་འཇར་པན་དུ་ས་འགུལ་མཚོ་འཁྱོམ་གྱི་གནོད་པ་བསམ་ཡུལ་ལས་འདས་པ་བྱུང་བའི་སྡུག་བསྔལ་དང་། འབྱུང་འགྱུར་འདི་ཕྱི་བར་དོའི་འཇིགས་པ་མཐའ་དག་སངས་བའི་ཆེད་དུ་དཔལ་དུས་འཁོར་གྱི་ཚོགས་སྒྲུབ་དང་སྨོན་ལམ་འཚོགས་པ་བྱས་ན་རང་གཞན་ཚང་མ་གནས་སྐབས་བདེ་ཞིང་མཐར་བདེ་ནས་བདེ་བར་འགྲོ་བའི་དོན་ཆེན་ཡོངས་བར་མཐོང་ནས་འཇམ་དཔལ་རྫོགས་པ་ཆེན་པོ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཟབ་མོའི་སྨིན་གྲོལ་ལ་བརྟེན་ནས་ནང་སེམས་ཀྱི་བདེ་སྐྱིད་རྒྱས་པ་དང་ཕྱིའི་འབྱུང་འཁྲུག་ ཞི་བའི་ཐབས་སུ་བརྩོན་པ་ཡིན་ན་རིས་སུ་མ་ཆད་པའི་གྲུབ་མཐའ་སྨྲ་བའི་སྐྱ་སེར་ཕོ་མོ་ཀུན་པོའི་ལྷག་བསམ་དང་མཐུན་འགྱུར་གནང་བར་མཁྱེན་མཁྱེན་མཁྱེན། གཙོ་བོ་ང་ཚོར་ཕན་གནོད་གང་ཡང་ད་ལྟའི་གནས་སྟངས་དང་མ་འོངས་པའི་མདུན་ལམ་གྱི་སྟེང་གི་ལེགས་ཉེས་བླངས་དོར་བྱ་བ་ཇི་ལྟར་དགོས་ཤེས་པ་ཤིན་ཏུ་གལ་ཆེན་པོ་རེད། དེས་ནས་འཚོགས་འདུའི་དམིགས་ཡུལ་ཡང་བདག་ཅག་འཇིག་རྟེན་ཁམས་སུ་གནས་པའི་སྲོག་ལྡན་ཚང་མ་ཞི་བདེའི་འཚོ་བ་ཞིག་རིང་དུ་གནས་པའི་ཐབས་སུ་བསམ་པའི་ཚོགས་སྒྲུབ་ཅིག་ཡིན། དེ་ལ་
༡ འཚོགས་གནས་ཁམས་སྟོད་སྐྱེན་པོ་དགོན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དུ་ཡིན།
༢ དུས་ཚོད་བོད་ཟླ་དྲུག་པའི་ཚེས་དགུ་ནསབཅོ་ལྔ་འམ་སྤྱི་ལོ་༢༠༡༡ ༨ ༧ ནས༡༣ བར།
༣ ཉིན་བདུན་རིང་ལ་རིན་མེད་ཀྱི་གུང་ཚིགས་དང་གསོལ་ཇ་དང་བྱེ་མཐུད་མངར་གསུམ་དཀར་གསུམ་དང་། ཆུ་གཙང་དང་ཞིམ་ཁུ་ཅི་དགོས་གསོལ་བ་སྦྱིན་རྒྱུ་ཡོད།
༤ དོལ་འདྲེ་བསྟེན་འཁན་ཡིན་ན་ཚོགས་གྲལ་དུ་གཏན་ནས་མ་ཡོང་རོགས། དེ་མིན་བན་བོན་ཁ་ཡེ་སོགས་ཆོས་ལུགས་གཞན་དག་ལ་དགག་སྒྲུབ་བྱ་བ་གང་ཡང་མེད་པར་རང་དབང་ཡིན།
༥ ཤེས་ཡོན་ཅན་གྱི་རྩོམ་པ་པོ་ཚོ་ལ་དམིགས་བསལ་གྱི་བཞུགས་གྲལ་ཡོད། གཞན་སྐྱ་སེར་བན་སྔགས་ཕོ་མོ་ལ་ཁྱད་མེད་དུ་འཇོག་གྲལ་ཡིན། །དངོས་ཡོད་ཀྱི་དཀའ་ངལ་ཅན་དང་ས་ཐག་རིང་ནས་ཕེབས་པ་ཡིན་ན་སྦྲ་གུར་བཞུགས་གནས་ཀྱི་བཀོད་སྒྲིག་ཀྱང་ཡོད།
ང་ཚོ་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་ཞིང་དགྱེས་ཚོར་ཆེ་བའི་རྩོམ་པ་པོ་རྣམས་ལ་ཞུ་རྒྱུར། བདག་གིས་མ་སྐུལ་དང་བླངས་ཀྱི་སྒོ་ནས་རང་མི་རིགས་ཀྱི་རིག་གནས་སྤྱི་དང༌། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་གཏེར་མན་ངག་གི་རིག་གནས་དར་རྒྱས་ཕུན་སུམ་ཚོགས་པར་ཡོང་བའི་ཕྱིར་དུ་རྙིང་བརྩམས་རྣམས་ཕྱོགས་སྒྲིག་དང་གསར་རྩོམ་དག་ཕྱོགས་གཏུས་ཀྱི་ཀུན་རིག་དུས་འཁོར་ཞེས་པ་དེབ་གཟུགས་སུ་དཔར་བསྐྲུན་བཟོ་ངེས་ཡིན་པས་དེ་ལུགས་ཀྱིས་རིས་མེད་མཁས་དབང་རྣམ་པས་ཕྱི་ནང་གསང་བ་ཡང་གསང་གི་དཔལ་དུས་ཀྱི་འཁོར་ལོའི་བཀའ་གཏེར་དག་སྣང་གི་བསྟན ་བཅོས་ཀྱི་འཕེལ་རྒྱས་གཏོང་ཕྱོགས་ཀྱི་སྐོར་དང༌། དབང་བསྐུར་རྐྱང་དང་དཀྱིལ་འཁོར་འགྲེམ་སྟོན་ཙམ་མིན་པར་དབང་ལུང་ཁྲིད་གསུམ་གྱི་རྒྱུད་འཛིན་དང་ཉམས་ལེན་ཐོས་བསམ་སྒོམ་པའི་ཕྱོགས་ཀྱི་བགྲོ་གླེང་སྐོར་དང་། དུས་འཁོར་དང་ཚན་རིག་བར་གྱི་ཁྱད་པར། བན་བོན་གྱི་དུས་འཁོར་རིག་གཞུང་གི་དཔྱད་གླེང༌། ཤམ་བྷ་ལ་དང་འབྲེལ་བའི་ས་སྤྱོད་དང་མཁའ་སྤྱོད་ཀྱི་རྣམ་བཤད། དུས་འཁོར་ལ་བསྟོད་པ། གསོལ་འདེབས། སྨོན་ལམ། ཁྱད་པར་ཕྱི་གཞན་གསུམ་གྱི་དཔལ་དུས་ཀྱི་འཁོར་ལོའི་ཆོས་བརྒྱུད་འདི་ཉིད་དང་འབྲེལ་བའི་བརྩམས་ཆོས་རྣམས་བཅད་ལྷུག་སྤེལ་གསུམ་གང་རུང་གིས་དཔྱད་གླེང་སོགས་བརྩམས་ཆོས་རེ་གནང་བར་ཐུགས་རྗེས་འཛིན་པར་ཞུ། །
རྩོམ་པ་པོ་ཁ་གསལ་ལ་རབ་ཡིན་ན་ཉིད་ཀྱི་ལོ་རྒྱུས་བཅས་ཡོད་ན་ཤིན་ཏུ་བཟང་། སྟབས་བདེའི་དཔར་བཤུས་ཆོག་པའི་ཧི་གཟུགས་ངེས་པར་ཡིན་དགོས། གློག་རྡུལ་ཡིག་སྒམ། khenchenlama@yahoo.com
ཨེ་མ་ཧོ།
སྣོད་བཅུད་རྒྱུད་རྣམས་དག་རྟོགས་རྒྱལ་བའི་སྐུ། །
སྒྲ་གྲགས་སྙན་པའི་ཚངས་དབྱངས་དམ་ཆོས་གསུང་། །
རང་བྱུང་རིག་པའི་དོན་རྟོགས་རྫོགས་ཆེན་ཐུགས། །
སྐུ་གསུམ་དགོངས་པའི་རྩལ་ལ་དབང་འབྱོར་ཤོག །
ཅེས་པའང་མཁན་པོ་འོད་གསལ་དང་བོན་གྱི་བླ་མ་རང་འོད་ཡེ་ཤེས་ཀྱིས་བསྐུལ་བ་བཞིན་དུ་ལུས་དབྱིན་ཡུལ་ལ་ཡོད་ཀྱང་སེམས་རང་ཡུལ་ལ་ཞེན་འཁྲི་ཅན་རྒྱལ་ཁམས་ཀྱི་སྨྱོན་པ་དཔལ་དགྱེས་པ་རྡོ་རྗེས་གང་དྲན་དུ་བརྡ་ཐོ་རུ་སྤྲིངས་པ་དགེའོ། །
Subscribe to:
Posts (Atom)