དྲ་ངོས་བཀླགས་གྲངས
ཡིག་ཚགས
སྒེར་གྱི་རྒྱུ་ཆ
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
ངེད་ཀྱི་སྐོར
- ༄༅།། ཨེ་མ་ཧོའི་རིག་མཛོད་།
- མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
Powered by Blogger.
༄༅། །མཉམ་རྗེས་ཀྱི་བསྒོམ་ཐུན།།
ན་མོ་མ་ཧྰ་གུ་རུ་པདྨ་ཀ་ར་ཡེ། །
རིག་འཛིན་ཨོ་ཌྰི་ཡ་ནའི་སྒྱུ་འཕྲུལ་གར། །
རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཆོག །
རིས་མེད་བསྟན་པ་ཡོངས་ཀྱི་སྤྱི་དཔལ་ཉིད། །
སྐྱབས་གཅིག་དྲིན་ཆེན་བླ་མ་སྙིང་ནས་འདུད། །
དེ་ཡང་སློབ་དཔོན་བཀའ་དྲིན་ཅན་གྱི་ཞལ་ནས། ཕྱི་ལྟར་གཟུང་བའི་ཡུལ་སྣང་དག་པ་དང་༔
ནང་ལྟར་འཛིན་པའི་སེམས་ཉིད་གྲོལ་བ་དང་༔ བར་དུ་འོད་གསལ་རང་ངོ་ཤེས་པ་རུ༔ དུས་གསུམ་བདེ་གཤེགས་རྣམས་ཀྱི་ཐུགས་རྗེ་ཡིས༔ བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ ཞེས་ གསུངས་པའི་དོན་ནི། ཕྱི༵་ལྟར༵་གཟུང༵་བའི༵་སྣང་བ་ལ་རང་གི་ཡིད་ཀྱི་རྣམ་པར་རྟོག་པས་གཟུགས་མཛེས་པ་ དང་། སྒྲ་སྙན་མོ། དྲི་ཞིམ་པོ། རོ་མངར་བ། རེག་བྱ་འཇམ་པ་སྟེ་ཚོགས་དྲུག་ཤེས་པའི་ཡུལ༵་སྣང༵་བཟང་པོ་རྣམས་ལ་ཞེན་ཅིང་ཆགས་ པ་དང་། ངན་པ་རྣམས་ལ་སྡང་བ་དང་། བར་མ་རྣམས་ལ་གཏི་མུག་ལུང་མ་བསྟན་གྱི་རྟོག་སྒྲིབ་ངན་པས་མ་བསླད་པར་སྣང་བ་ སྣོད་ཀྱི་འཇིག་རྟེན་དང་། སྲིད་པ་བཅུད་ཀྱི་སེམས་ཅན་རྣམས། སྣོད་དག་པ་ཞིང་ཁམས་ཀྱི་བཀོད་པ་དང་། བཅུད་དག་པ་གཞལ་ཡས་ཁང གི་རང་བཞིན་དུ། ལུས་ལྷ་སྐུ། ངག་གཟུངས་སྔགས། སེམས་རྒྱུད་ཐུགས་རྗེའི་བདག་ཉིད་དུ་ཤིན་ཏུ་རྣམ་པར་དག༵་པ༵་ནི་དག་པའི་གཟིགས་པ་ ཚད་མ་མཐར་ཐུག་དང༵་། ནང༵་ལྟར༵་འཛིན༵་པའི༵་སེམས་ལ་དུས་གསུམ་གྱི་རྣམ་པར་རྟོག་པའམ་ཚོགས་དྲུག་གི་ ཤེས་པ་བྱིང་རྒོད་བཏང་སྙོམས་སོགས་ཀྱི་སྐྱོན་གྱིས་མ་གོས་པར་དམིགས་པ་མེད་པའི་ སྟོང་ཉིད་ཀྱི་ངང་དུ་གནས་པ་ནི། སེམས༵་ཉིད༵་དེ་བཞིན་གཤེགས་པའི་ས་ལ་རང་གྲོལ༵་བ༵་དོན་དམ་དཔྱོད་པའི་ཚད་མ་དང༵་། བར༵་དུ༵་སེམས་ཉིད་ཀྱི་རང་བཞིན་འོད༵་གསལ༵་བདེ་གཤེགས་སྙིང་པོ་འདུས་མ་བྱས་པའི་ ངོ་བོ་ནི་དུས་གསུམ་གྱི་རྟོག་པ་དང་བྲལ་བ་བཞི་བའི་ཆ། སེམས་ཀྱི་གནས་ལུགས། རང་བྱུང་རིག་པའི་ཡེ་ཤེས། རིག་སྟོང་རྗེན་གཅེར་དུ་རང་ངོ་རང་གིས་མཐོང་བའམ་ཤེས༵་པ༵་རུ༵་ཐབས་ཤེས་ཁྱད་པར་ ཅན་ནི། ཀུན་རྫོབ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་དང་། དོན་དམ་ཡེ་ཤེས་ཚོགས་ཀྱི་རང་གཤིས་མཇལ་བའི་ངེས་ཤེས་ཁོ་ཐག་ནང་ནས་ཆོད་པའི་ཡིད་ ཆེས་ཀྱི་དད་པ་བརྟན་པོ་དང་ལྡན་པ་ལ། ཕྱོགས་བཅུ་དུས༵་གསུམ༵་གྱི་བཅོམ་ལྡན་འདས་བདེ༵་བར་གཤེགས༵་པ་དང་། ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས༵་ཀྱི༵་ཐུགས་མཁྱེན་བརྩེ་ནུས་ པའི་བྱིན་རླབས་ཀྱི་ཡང་སྙིང་དམ་པའང་འདི་ཉིད་ཁོ་ན་ལགས་སོ། དེ་ལྟར་དོན་དམ་མཐར་ཐུག་གནས་ལུགས་བདེ་གཤེགས་སྙིང་པོ་དེ་ཉིད། འགྲོ་བ་སེམས་ཅན་ཀུན་གྱི་རྒྱུད་ལ་རྟག་ཁྱབ་ལྷུན་གྲུབ་ཏུ་གནས་ཀྱང་། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ལ་རང་རང་སོ་སོར་ལ་ལས་དང་། ཉོན་མོངས་པ་དང་། ཤེས་བྱ་དང་བག་ཆགས་ཀྱི་སྒྲིབ་པས་སྒྲིབ་ནས་རང་ངོ་རང་གིས་མ་ཤེས། འཇིག་རྟེན་འཁྲུལ་བའི་རྣམ་གྲངས་རྣམས་ལ་རྣམ་རྟོག་སྣ་ཚོགས་ཀྱིས་བསླུས་ཤིང་ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་གནས་སུ་མཐའ་མེད་པར་འཁྱམས་པ་ཡིན་ནོ། དེ་ལྟར་གནས་ལུགས་ཇི་བཞིན་མ་རྟོགས་པའི་སེམས་ཅན་གྲངས་མེད་པ་དང་། རང་གཞན་རྣམས་ཀྱི་རྒྱུད་ལ་དམིགས་པའི་བརྩེ་བའི་སྙིང་རྗེ་ཆེན་པོས་ཐུན་མོང་བློ་ ལྡོག་རྣམ་བཞིའི་བློ་སྦྱོང་བ་དང་། སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྒྲིབ་སྦྱང་རྡོར་བསྒོམ་བཟླས་བྱ་བ་དང་། ཚོགས་བསགས་ཕྱི་ནང་གསང་གསུམ་ལ་འབད་པ་དང་། ཁྱད་པར་དུ་ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་མཁྱེན་བརྩེ་ནུས་པའི་ཐུགས༵་རྗེ༵་ ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད། སྙིགས་མའི་སེམས་ཅན་ཀུན་གྱི་སྐྱབས་གཅིག་པུར་གྱུར་པ། སློབ་དཔོན་བཀའ་དྲིན་ཅན་གུ་རུ་རིན་པོ་ཆེའི་བླ་མའི་རྣལ་འབྱོར་ལ་ལུས་ངག་ཡིད་ གསུམ་རྩེ་གཅིག་ཏུ་བརྩོན་པའི་ནུས་མཐུ་ཡིས༵། བདག་དང་བདག༵་འདྲ༵་བའི་ལས་ངན་དམུ་རྒོད་ཀྱི་སེམས་ཅན་གདུལ་དཀའ་བ་རང༵་རྒྱུད༵་མ་ རིག་པའི་གཞན་དབང་དུ་སོང་བ་རྣམས་ཀྱི་རྒྱུད་ལ་རིན་ཆེན་བྱང་ཆུབ་ཀྱི་སེམས་དང་། རང་བྱུང་རིག་པའི་གནས་ལུགས་ཀྱི་དོན་མཐོང་ཞིང་། རང་གཞན་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ༵་བར༵་འགྱུར་བ་ཞིག རྩ་བརྒྱུད་ཀུན་འདུས་བླ་མ་ཨོ་རྒྱན་རིན་པོ་ཆེས་བྱིན༵་གྱིས༵་རློབས༵་ཤིག་ཅེས་ ལྷག་བསམ་རྣམ་པར་དག་པའི སྒོ་ནས་སྨོན་པ་དང་། འདུན་པ་དྲག་པོ་དང་། སྒྲུབ་པའི་དམ་བཅའ་བརྟན་པོ་དང་། དྭངས་འདོད་ཡིད་ཆེས་ཀྱི་ངང་ནས་དད་པས་གསོལ་བ་འདེབས་པ་ཡིན་ན། སློབ་དཔོན་བཀའ་དྲིན་ཅན་གུ་རུ་རིན་པོ་ཆེས་བྱིན་རླབས་དང་ཐུགས་རྗེའི་མཐུན་ འགྱུར་གནང་བ་ལ་ཐེ་ཚོམ་མེད་དོ། །
རང་ངོ་རང་གིས་རིག་པའི་དོན་རིག་སྟེ། །
རང་ལས་གཞན་གཅེས་བྱང་ཆུབ་སེམས་མཆོག་ལྡན། །
རང་གཞན་སེམས་ཅན་སངས་རྒྱས་སར་ཕྱིན་པའི། །
རང་གྲོལ་ཆེན་པོའི་གོ་འཕོང་མྱུར་ཐོབ་ཤོག།
ཅེས་པའང་རབ་རྒྱན་ཤིང་བྱའི་བྱ་ཟླའི་བྱ་ཚེས་དགེ་བར་གནས་མཆོག་རི་བོ་བྱ་རྐང་གི་ དབུ་རྩེ་བསམ་གཏན་ལྷུན་གྲུབ་ཀྱི་ལྟེ་གནས་སམ་རང་སྣང་དུ་དཔལ་དུས་ཀྱི་འཁོར་ ལོའི་དཀྱིལ་འཁོར་གྱི་ལྷོ་སྒོའི་འགྲམ་དུ་རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ།།༈ སྙིང་ནས་བརྩེ་བའི་ཆོས་མཆེད་གྲོགས་པོ་ཀུན་ལ་ཕྱོགས་དུས་རབ་འབྱམས་རྩ་གསུམ་ཆོས་ སྐྱོང་སྲུང་མས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མྱུར་དུ་བསྩོལ་ཏེ་དམ་ཆོས་ཚུལ་བཞིན་སྒྲུབ་ནུས་པར་སྨོན་ནོ། །
Subscribe to:
Posts (Atom)