དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Friday, 18 November 2011
༧ ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ལ་ཀ་རྩོམ་གྱི་མཆོད་འབུལ་རབ་གསལ་དྲན་པའི་མེ་ལོང་ཞེས་བྱ་བ། །
ན་མོ་གུ་རུ་ཤི་ལ་མ་ཏི་ཡེ། །
ཀ་དག་ལྷུན་གྲུབ་དགོངས་པར་མངོན་རྫོགས་སྙིགས་མའི་དུས་ཀྱི་རྒྱལ་བ་དངོས། །
ཁ་བ་གངས་ཅན་བསོད་ནམས་མི་དམན་ཀུན་མཁྱེན་བླ་མ་འཚོ་བཞེས་གསོལ། །
ག་འདྲ་བསམ་ཡང་འཇིག་རྟེན་ཁམས་འདིར་མཚན་ཉིད་ཀུན་ལྡན་བླ་མ་ཞིག །
ང་ཡི་དད་གུས་མོས་པའི་མདུན་ན་སྐྱབས་གཅིག་ཆོས་རྒྱལ་ཆེན་པོ་ཁྱེད། །
ཅ་ན་སྡིག་སྲིན་མུན་མའི་ཁྲོད་ན་ཁྱེད་ནི་སྣང་བྱེད་ཉི་མ་དངོས། །
ཆ་འཇོག་མེད་པའི་གཡོ་སྒྱུའི་གྲོང་ན་ཁྱེད་ནི་བྱམས་བརྩེ་ཟླ་བ་བཞིན། །
ཇ་རྩམ་སྤྱོད་པའི་བོད་རིགས་ནང་ན་ཁྱེད་ནི་ཡིད་བཞིན་ནོར་བུ་ཉིད། །
ཉ་སོགས་དུད་འགྲོ་མགོན་མེད་དག་ལ་ཁྱེད་ནི་སྐྱབས་རྗེའི་མ་མ་ལེགས། །
ཏ་ཐཱ་ག་ཏའི་བསྟན་པའི་སྙིང་པོ་མདོ་སྔགས་ཐབས་ཤེས་ཟུང་འབྲེལ་འཆད། །
ཐ་སྙད་ཤེས་བྱའི་གནའ་དེང་རིག་པ་ཡང་དག་ཚད་མའི་ལམ་ནས་རྩོད། །
ད་ལྟའི་སྐད་ཡིག་འཛིན་སྐྱོང་སྤེལ་བར་བརྡ་སྤྲོད་རིག་པའི་གཞུང་བཞིན་རྩོམ། །
ན་ཚོད་ཁྱད་མེད་མོས་བློ་དང་འཚམས་དམ་པའི་ཆོས་བཤད་ཚུལ་བཞིན་གནང་། །
པ་སངས་ལྟར་དཀར་གངས་ཅན་ཞིང་གི་རྒྱལ་བསྟན་རིན་ཆེན་གསལ་བའི་གཉེན། །
ཕ་མེས་སྲོལ་བཟང་དགེ་ཁྲིམས་སྡོམ་པ་ཆོས་རྒྱལ་མེས་དབོན་མཛའ་བའི་བཤེས། །
བ་ཀུ་ལ་ལྟར་གནས་བརྟན་ཆེན་པོ་གངས་ཅན་བོད་ཀྱི་ཀུན་མཁྱེན་རྗེ། །
མ་ལུས་འགྲོ་བའི་མགོན་དུ་བཞུགས་པ་ཉམ་ཆུང་བདག་ཀྱང་སེམས་པ་སྤྲོ། །
ཙ་རི་གངས་ཅན་གདན་ས་འཛིན་པའི་ཁྱེད་ནི་ཆོས་སྐུའི་རིང་བསྲེལ་གཟུགས། །

ཚ་གྲང་སྡུག་བསྔལ་དབལ་ལས་སྐྱོབ་པའི་ཁྱེད་ནི་འདྲེན་མཆོག་དེད་དཔོན་རྒྱལ། །
ཛ་ཡའི་བསྟན་པར་བཤད་སྒྲུབ་མཛད་པའི་ཁྱེད་ནི་རིག་གྲོལ་དགེ་འདུན་ཉིད། །
ཝ་ལེར་སྣང་བའི་འོད་སྟོང་བདག་པོས་འབྱུང་བྱའི་ཚོགས་ལ་ཟུག་ངུ་འབྱིན། །
ཞྭ་བསྟན་གྲགས་པའི་འུར་སྒྲོག་དག་ལས་མཆོག་ནི་དོན་གྱི་དྲང་སྲོང་ལགས། །
ཟ་འདོད་སྲིད་པའི་ཡི་དྭགས་ཚོགས་ལས་མཆོག་ནི་དོན་གྱི་བྱ་བྲལ་ལགས། །

འ་ཅག་བོད་པའི་ལས་དབང་བཙན་ཡང་མཆོག་ནི་ཞི་བདེའི་དེད་དཔོན་རྗེ། །
ཡ་གླིང་བསྟན་པའི་བདག་པོ་གནང་ཡང་འགྲོ་དོན་གོ་ལའི་ཁྱོན་ཀུན་ཁྱབ། །
ར་བ་གངས་དཀར་གཡང་བཟང་མ་ཉམས་ཀུན་མཁྱེན་རྒྱལ་བ་དངོས་སུ་བཞུགས། །

ལ་ལུང་རྟ་ནོར་ཕྱུགས་རིགས་དག་ལ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བསྩལ། །
ཤ་ཁྲག་དགའ་བའི་བདུད་སྲིན་དག་ལ་ཞེ་སྡང་འཁོན་པའི་ནད་དུ་འཆར། །
ས་སྟེང་འགྲོ་བའི་སྐྱབས་གནས་དམ་པ་རྒྱལ་བ་གཉིས་པ་ཁྱེད་མིན་སུ། །
ཧ་ཅང་དགའ་བའི་ཞེན་ཆགས་མིན་པར་དོན་གྱི་ཡོན་ཏན་ཕུན་ཚོགས་ཅན། །

ཨ་ལ་ལ་ཧོ་ཀུན་མཁྱེན་རྒྱལ་བ་འཁོར་འདས་སྣང་སྲིད་རྒྱན་དུ་ཤར། །
ཆོས་རྗེ་ཉིད་ལས་གསན་བསམ་སྒོམ་པའི་སློབ་བུ་ཐ་ཤལ་བདག་ཉིད་ཀྱང་། །
རང་སྣང་དག་པའི་དྲན་དབང་རྙེད་པ་སྐལ་བཟང་འདི་ཀོ་ཨེ་མ་ཧོ། །
ཞེས་པ་རབ་རྒྱན་ལྕགས་ཡོས་ལྷ་བབས་དུས་བཟང་ལ་ཆོས་གྲོགས་འགས་ཀུན་མཁྱེན་བླ་མ་དམ་པ་ཚུལ་ཁྲིམས་བློ་གྲོས་ལ་ཀ་རྩོམ་གྱིས་བསྟོད་གསོལ་མཇལ་བའི་མོད་ལ་རང་སྣང་གང་ཤར་དུ་ཐོལ་བྱུང་དུ་དཔལ་དགྱེས་པ་རྡོ་རྗེས་བྲིས་པ་དགེའོ། །

0 comments:

ཟིན་བྲིས་འཚོལ་ཡུལ