དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
རྒྱང་རིང་གི་སྙིང་གཏམ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
ཁམས་གསུམ་འཁོར་བ་མ་རིག་མུན་ནག་གིས་སྒྲིབ་པས། །

མཆོག་གསུམ་ཀུན་འདུས་རིག་པའི་ཡེ་ཤེས་དེ་མ་མཇལ། །
དུག་གསུམ་གཞན་དབང་ཤོར་བའི་རྒྱལ་ཁམས་འདི་མཐོང་ཚེ། །
སྐུ་གསུམ་ཞིང་ཁམས་སྦྱང་བའི་སྙིང་གཏམ་འདི་ཤོར་ཐལ། །
རྣམ་གྲོལ་བྱང་ཆུབ་མཆོག་བརྙེས་བདག་ཅག་གི་སྟོན་པ། །

ཐུགས་རྗེ་གདུལ་བྱ་འཛིན་པའི་སྐལ་བཟང་དུ་ཤར་ཡང་། །
ལས་ངན་རླུང་གིས་བསྐྱོད་པའི་ཀླ་ཀློ་དག་མཐོང་ཚེ། །
ཀུན་མཁྱེན་རྒྱལ་བ་རྒྱ་མཚོར་སྙིང་དབུས་ནས་འབོད་དོ། །
བྱིན་རླབས་ཆུ་འཛིན་ཀློང་ནས་སྦྲང་ཆར་ཞིག་འཇོ་ནས། །

ཟག་བཅས་ཟག་མེད་སྨིན་པའི་འབྲས་དཀར་ཅིག་ཞུ་བས། །
མྱང་འདས་རིན་ཆེན་གླིང་གི་སྨིན་གྲོལ་དེ་ཐོབ་ཏེ། །
ལས་ཉོན་བགས་ཆགས་གཞི་མེད་རྩ་བྲལ་དུ་སྨོན་ནོ། །
རྙེད་དཀའི་དལ་འབྱོར་རྟེན་གྱི་སྙིང་པོ་ལ་སོམས་དང་། །
མཇལ་དཀའི་རྒྱལ་བསྟན་དྲི་མེད་རིན་ཆེན་དང་འཕྲད་པས། །

བདེ་ལེགས་འདོད་པའི་སྐྱེ་བོ་དོན་གཉེར་གྱི་ཚོགས་ལ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
མི་རྟག་སྒྱུ་མའི་དུས་འགྱུར་ལས་རླུང་གི་ཁྲོད་དུ། །

སྐྱེ་རྒ་ན་འཆིའི་སྡུག་བསྔལ་བར་མེད་ཀྱི་ངང་ལ། །
དོན་ཆེན་མི་ཚེ་ཟད་པའི་སྣང་ཚུལ་འདི་མཐོང་ཚེ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཀྱེ་མ་འགྲོ་དྲུག་སོ་སོའི་བཟང་ངན་གྱི་ལས་དབང་། །

སྐྱིད་སྡུག་འཁོར་བའི་ཚོར་བ་སྣ་ཚོགས་ཀྱི་སྣང་བ། །
བསླུ་མེད་དགེ་སྡིག་རྒྱུ་འབྲས་རྣམ་སྨིན་ལ་བསམ་ཚེ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཐར་ལམ་བྱང་ཆུབ་སྒྲུབ་པའི་དེད་དཔོན་གྱི་སྤྲུལ་སྐུ། །

དམ་ཆོས་ཚུལ་བཞིན་མཛད་པའི་བཤེས་གཉེན་གྱི་བླ་མ། །
མཁས་བཙུན་གྲུབ་པའི་དབང་ཕྱུག་དམ་པ་རྣམས་མཇལ་ཚེ། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཕན་བདེ་འདི་ཕྱིའི་སྐྱབས་གནས་ཡིད་བཞིན་གྱི་ནོར་བུ། །

གཏན་བདེ་ཐར་བ་སྒྲུབ་པའི་མཆོག་གསུམ་གྱི་ངོ་བོར། །
དཀོན་མཆོག་མི་ཕྱེད་དད་པའི་སྐྱབས་འགྲོ་ལ་འབད་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཐོག་མེད་འཁོར་བ་འཁྱམས་པའི་མ་གྱུར་གྱི་འགྲོ་ལ། །

མ་ཤེས་དྲིན་དྲན་དྲིན་ལན་བཟོ་འདོད་ཀྱི་བྱམས་བརྩེ། །
ལྷག་བསམ་རྣམ་དག་རང་འབྲས་བླ་མེད་ལ་དམིགས་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཡེ་ནས་རྣམ་དག་རང་རྒྱུད་བདེ་གཤེགས་ཀྱི་སྙིང་པོ། །

གློ་བུར་སྒྲིབ་གཉིས་དྲི་མ་ཀུན་རྟོག་རྣམས་བསལ་ཕྱིར། །
སྣང་གྲགས་རིག་གསུམ་བསྐྱེད་རྫོགས་དབྱེར་མེད་ན་བརྩོན་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
སྒོ་གསུམ་ལོངས་སྤྱོད་ཞེན་མེད་མཆོག་གསུམ་ལ་འབུལ་ནས། །

དཔལ་ལྡན་དགོས་འདོད་ཀུན་འབྱུང་ཚོགས་གཉིས་ཀྱི་བསགས་པ། །
དཀོན་མཆོག་བཞི་བ་མཆོད་པའི་དམ་རྫས་སུ་སོང་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་བླ་མ་ཡི་རྣལ་འབྱོར། །
རིག་འཛིན་པདྨ་རྒྱལ་པོའི་གསང་གསུམ་གྱི་སྒྲུབ་པ། །
ཁྱེར་སོ་རྣམ་གསུམ་དབྱེར་མེད་རྩེ་གཅིག་ཏུ་འབད་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
ཁྱད་པར་སྙིགས་དུས་འདུལ་བའི་གཉེན་གཅིག་གི་ཐེག་རྩེ། །

ཡང་ཟབ་རྫོགས་ཆེན་ཆོས་བཟང་ཚེ་གཅིག་གི་སངས་རྒྱས། །
ཀ་ལྷུན་ཟུང་འཇུག་ངང་དུ་རང་ཚུགས་གཅིག་ཟིན་ན། །
དྲན་ཤེས་བག་ཡོད་བརྟན་པོའི་ངེས་ཤེས་ཞིག་འཁྲུངས་ངེས། །
འདིར་སྨྲས་དགེ་བས་བདག་གཞན་མ་གྱུར་གྱི་སེམས་ཅན། །
གསང་གསུམ་དམ་ཆོས་གནས་ལ་ངོམས་མེད་དུ་སྤྱོད་ནས། །
མཐོ་རིས་ཐེམ་སྐས་མིག་འཕྲུལ་ཟློས་གར་བཞིན་བགྲོད་དེ། །
རང་ཞལ་ཆོས་སྐུའི་དབྱིངས་སུ་སངས་རྒྱས་སུ་སྨོན་ནོ། །ཞེས་པ་འདི་ནི་༢༠༠༩ ༡༡ ༡༦ ཉིན་དབྱིན་ཡུལ་བུདྡྷ་ཛྙྰ་ནའི་ཡང་དབེན་དུ་ངལ་གསོའི་སྐབས་སུ་རང་ཡུལ་གསེར་རྟ་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་ཁ་སྤར་རྒྱུད་དེ་བསྐུལ་བ་བཞིན་ཅི་དྲན་དུ་ཤྲྰི་སྨྱོན་པས་ཐོལ་བྱུང་དུ་བྲིས་པ་ཤྲྰི་སརྦ་བི་ཛ་ཡནྟུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ