དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
༄༅། །གངས་ལྗོངས་ཀྱི་ལྟ་གྲུབ་རིན་པོ་ཆེ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
བསྟན་འཛིན་རྣམ་དག་བླ་མ་རིན་པོ་ཆེ། །
ཕན་བདེའི་སྒྲུབ་བརྒྱུད་ལྟ་གྲུབ་རིན་པོ་ཆེ། །
གངས་ལྗོངས་མཁས་གྲུབ་དམ་པ་རིན་པོ་ཆེ། །
རིན་ཆེན་རྣམ་གསུམ་སྣང་བ་རྟག་ཏུ་རྒྱལ། །

ཀ་དག་སྟོང་པའི་ངོ་བོ་ཀུན་ཏུ་བཟང་། །
ལྷུན་གྲུབ་སྣང་བའི་རང་བཞིན་ལོངས་སྤྱོད་རྫོགས། །
དབྱེར་མེད་རིག་པའི་ཡེ་ཤེས་འགྲོ་བའི་ཁམས། །
རྟག་བརྟན་འགྱུར་མེད་གཡུང་དྲུང་བསྟན་པ་རྒྱལ། །

རྒྱལ་བསྟན་བཤད་སྒྲུབ་ཉི་ཟླའི་དཀྱིལ་འཁོར་མཆོག །
གངས་ལྗོངས་བསོད་ནམས་ཞིང་དུ་ལེགས་དྲངས་པའི། །
མཁན་སློབ་ཆོས་གསུམ་རིང་ལུགས་བཀའ་གཏེར་གཞུང་། །
རྒྱལ་བསྟན་ཆུ་མགོ་སྔ་འགྱུར་རྟག་ཏུ་རྒྱལ། །

པན་གྲུབ་ལྔ་བརྒྱའི་གཙུག་རྒྱན་ཨ་ཏི་ཤས། །
རྨད་བྱུང་ཐུགས་བསྐྱེད་ཟབ་མོས་རྟེན་འབྲེལ་ལས། །
གསུང་རབ་བཀའ་བསྟན་མཛོད་འཛིན་རིང་ལུགས་མཆོག །
བཀའ་གདམས་གཙང་མའི་བསྟན་པ་རྟག་ཏུ་རྒྱལ། །

མདོ་སྔགས་ཟུང་འབྲེལ་མར་མི་དྭགས་པོའི་སྲོལ། །
ཆེ་བཞི་ཆུང་བརྒྱད་བཀའ་གདམས་བརྒྱུད་འཛིན་པ། །
ཕྱག་རྒྱ་ཆེ་དང་ཆོས་དྲུག་རིང་ལུགས་མཆོག །
འགྲོ་མགོན་བཀའ་བརྒྱུད་བསྟན་པ་རྟག་ཏུ་རྒྱལ། །

འཇམ་དཔལ་སྤྲུལ་བའི་ཟློས་གར་རིམ་བྱོན་ནས། །
ས་དཀར་བདག་པོ་འཁོན་རིགས་གོང་མ་ལྔས། །
གསང་སྔགས་གསར་འགྱུར་བརྒྱུད་འཛིན་ལམ་འབྲས་པ། །
དཔལ་ལྡན་ས་སྐྱའི་བསྟན་པ་རྟག་ཏུ་རྒྱལ། །

རྒྱ་གར་ཕ་གཅིག་དམ་པ་སངས་རྒྱས་ལས། །
གངས་ཅན་མ་གཅིག་ལབ་སྒྲོན་རིམ་བརྒྱུད་ཆོས། །
མདོ་སྔགས་ཤེར་ཕྱིན་ཟབ་རྒྱས་དགོངས་དོན་མཆོག །
ཞི་བྱེད་གཅོད་པའི་བསྟན་པ་རྟག་ཏུ་རྒྱལ། །

གཞི་རྒྱུད་བདེ་གཤེགས་སྙིང་པོའི་བཀའ་བསྟན་ལ། །
མི་བསྐྱོད་རྡོ་རྗེ་ཀུན་མཁྱེན་ཡབ་སྲས་སོགས། །
བསྟན་པའི་བཀའ་བབས་གཞན་སྟོང་དམ་པའི་ཆོས། །
ཇོ་ནང་རྒྱལ་བའི་བསྟན་པ་རྟག་ཏུ་རྒྱལ། །

ཨེ་ཝྃ་ཟུང་འབྲེལ་རྒྱུད་རྒྱལ་བཀའ་གཏེར་གཞུང་།
རྨད་བྱུང་རྟོན་པ་བཞི་ལྡན་ཀུན་མཁྱེན་ནས། །
ཕྱི་ནང་གཞན་གསུམ་མན་ངག་ཀུན་འདུས་པ། །
དཔལ་ལྡན་དུས་འཁོར་བསྟན་པ་རྟག་ཏུ་རྒྱལ། །

ཕུན་ཚོགས་དགེ་ལེགས་བྱེ་བའི་འབྱུང་གནས་མཆོག །
ཁྲིམས་གཙང་སྡེ་སྣོད་འཛིན་པའི་ཙོང་ཁ་པས། །
ཐབས་ཤེས་རིམ་གཉིས་བརྩོན་པའི་དགེ་ལུགས་པ། །
རི་བོ་དགེ་ལྡན་བསྟན་པ་རྟག་ཏུ་རྒྱལ། །

ལྟ་བ་སྙིང་ཐིག་རྫོགས་པ་ཆེན་པོ་གཅིག །
སྒོམ་པ་ཡང་གསང་ཕྱག་རྒྱ་ཆེན་པོ་གཉིས། །
སྤྱོད་པ་རྒྱུ་འབྲས་རྟེན་འབྲེལ་ཟབ་མོ་གསུམ། །
དབྱེར་མེད་རྟོགས་པའི་རྒྱལ་དང་རྒྱལ་སྲས་རྒྱལ། །

སྣང་སྟོང་སྤྲོས་པའི་སྒྱུ་མ་དབྱིངས་སུ་ཞི། །
བདེ་སྟོང་དགའ་བའི་ཉམས་རྟོགས་ནང་ནས་འཆར། །
རིག་སྟོང་དོན་གྱི་ཡེ་ཤེས་རྟག་མཇལ་ནས། །
བསྟན་འགྲོའི་དོན་ཆེན་གེགས་མེད་ལྷུན་གྲུབ་ཤོག །

ཅེས་པ་འདི་ནི་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་མཁན་པོ་འོད་གསལ་མཐའ་ཡས་ཀྱིས་ཡང་ཡང་བསྐུལ་ངོར་ཤྰཀྱའི་དགེ་སྦྱོང་དཔལ་དགྱེས་པ་རྡོ་རྗེས་གང་ཤར་དུ་སྙིང་ནས་སྨོན་པ་དགེའོ། ། ཕྱི་ལོ་༢༠༡༠ ༡ ༡༡ ཤྲྰི་དྷརྨྰ་ཙཀྲ་སརྦ་བི་ཛ་ཡནྟུ།། །།

0 comments:

ཟིན་བྲིས་འཚོལ་ཡུལ