དཀའ་ཚེགས་ཡེ་མི་དགོས་པར་གོ་ལ་ཇེ་ཆུང་དང་འབྲེལ་འདྲིས་ཇེ་ཉེ་རུ་ཐུབ་པའི་དྲ་ཚིགས་ལ་བརྟེན་ནས་དྲང་བདེན་རིགས་པའི་བླང་དོར་གསལ་བའི་སྒྲོན་མེ་ཞིག་སྦར་ན་བསམས། བདག་ནི་སྐྱེས་སྦྱང་གི་ཡོན་ཏན་ན་ཕྲ་ཡང་ལྷག་བསམ་དྲང་བདེན་གྱི་བསམ་པ་རྒྱ་ཆེ་བས་རྒྱལ་བསྟན་སྤྱི་དང་བོད་རང་གི་གནའ་དེང་གི་རིག་གཞུང་ལ་གོམས་འདྲིས་ཀྱི་མྱོང་ཚོར་དག་ངོ་ལྐོག་མེད་པར་རྒྱལ་ཕྱི་ནང་གི་རང་རིགས་སྤུན་མཆེད་དག་ལ་དམ་པའི་ཆོས་དང་མཐུན་མི་མཐུན་གྱི་བཟང་ངན་ཤན་འབྱེད་ཅིག་ཐུན་མིན་བོད་རང་གི་སྐད་ཡིག་ལས་སྟོན་པར་འདོད་ཐལ།

དྲ་ངོས་བཀླགས་གྲངས

ཡིག་ཚགས

སྒེར་གྱི་རྒྱུ་ཆ

མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །

ངེད་ཀྱི་སྐོར

༄༅།། ཨེ་མ་ཧོའི་རིག་མཛོད་།
མཚན་ཉིད་ཀུན་ལྡན་དམ་ཆོས་བླ་མར་མི་ཕྱེད་དད་གུས་ངེས་པར་ཤེས། ། རིགས་དྲུག་འགྲོ་བར་བཅོས་མིན་སྙིང་རྗེས་བདག་ལས་གཞན་གཅེས་སེམས་པར་ཞེན། ། གཡོ་སྒྱུའི་དཔུང་ལ་ངོ་བསྟོད་མི་བྱར་རང་གཤིས་དྲང་བདེན་ཕྲག་ཏུ་བཞེས། སད་རྨིར་དྲང་སྲོང་རྟུལ་ཞུགས་དཔལ་ལྡན་ཐབས་ཤེས་དགྱེས་པའི་གྲུབ་མཐའ་སྐྱོང་། །
View my complete profile
Powered by Blogger.
Saturday, 30 April 2011
སྐྱོ་ཆད་ཀྱི་སྨོན་གླུའི་གདམས་བསྐུལ།
ན་མོ་གུ་རུ་ཀརྨ་ས་ཏྭ་ཡེ། །
ལས་འབྲས་མེད་པའི་འུག་པས་ཚན་རིག་འཛིན་པ། །
ཁ་ཁོག་མི་མཚུངས་ལི་ལིས་རྒྱལ་བསྟན་སྐྱོང་བ། །
ནོག་ཆུང་རྒྱུ་ལ་རིག་གཞུང་ཚོང་ནོར་སྤེལ་བའི། །
རིས་མེད་སྨྲ་ཡང་ཕ་མེས་བླ་བཙོང་སྣང་ངོ་། །

རིག་གཞུང་མེ་ཏོག་ཆུ་བོའི་གཞུང་ལ་གཡུགས་ནས། །
ཡབ་མེས་བཀའ་དྲིན་རྨོངས་པའི་གྲལ་དུ་འཇོགས་ཏེ། །
དོན་མེད་གྲགས་སྟོང་སྐམ་པོ་རྗེས་སུ་བརྒྱུགས་པའི། །
དེང་རབས་སྤྱི་ཚོགས་མཐོང་ན་ཞེན་པ་ལོག་གོ །

གཞོན་པའི་མི་ཚེ་སྟོང་ཟད་རླུང་ལ་བསྐུར་ནས།
གཞན་གྱི་རྒྱུ་ལ་བརྣབ་གནོད་འདོད་པས་སྡང་བཞིན། །
རང་གི་སྙིང་ལ་གདོན་དང་དམ་སྲི་ཞུགས་ཏེ། །
ཡང་དག་ཚུལ་ཁྲིམས་དོན་མེད་གྱི་ནར་བོར་འདུག །

སྟོང་ཉིད་རྟེན་འབྲེལ་གནད་ལ་ངེས་ཤེས་མ་སྐྱེས། །
བདེ་ཆེན་ཕྱག་རྒྱའི་ལམ་ལ་གོམས་པར་དབེན་ཞིང་། །
རང་རིག་ཡེ་ཤེས་མ་མཐོང་མདོ་ཤོར་འགའ་རེས། །
ཐོ་ཅོ་སྤྱོད་པས་བསྟན་པ་རྨིང་ནས་བཤིགས་སོང་། །

བདག་བདེ་གཞན་ལ་བཏང་བའི་ལམ་རིམ་སྣ་གཅིག །
བདག་ལས་གཞན་གཅེས་བསམ་པའི་ལམ་མཆོག་རྣམ་གཉིས། །
བདག་གཞན་མཉམ་ཉིད་མཐོང་བའི་ལམ་འབྲས་ཐེག་གསུམ། །
མེད་ཀྱང་ཡོད་འདོགས་སྟོན་པའི་མགོ་སྐོར་སྤོངས་ཤིག །

གཞན་རྒྱུ་གང་ཐོབ་ཁྱེར་བའི་ནོར་གྱི་སྤྲུལ་རྐུ། །
རང་ནོར་བསགས་བསྲུང་སྤེལ་བའི་འདོད་འདུན་ལོངས་རྐུ། །
ཆོས་བརྒྱད་ཁོ་ན་གཉེར་བའི་དམ་པའི་ཆོས་རྐུ། །
བསྟན་འཛིན་བསྟན་བཤིག་ཡིན་མིན་འཕྱང་མོ་ཉུག་གོ །

རྙིང་མའི་རྒྱལ་དབང་ནམ་མཁའ་རིན་པོ་ཆེ་དང་། །
བཀའ་བརྒྱུད་རྒྱལ་དབང་སི་ཏུའི་ཀརྨ་པ་ཞེས། །
དགེ་ལུགས་རྒྱལ་དབང་གངས་ཅན་བླ་མ་རྒྱ་བོ། །
རིས་མེད་བསྟན་འཛིན་གྲགས་ཀྱང་ཐེ་ཚོམ་མི་ཟ། །

བདག་བདེ་ཁོ་ན་འདོད་ལ་སོ་ཐར་མི་ཟེར། །
གཞན་བདེ་དུག་ཏུ་མཐོང་བར་བྱང་སེམས་མི་ཟེར། །
དུག་ལྔ་ཅི་དགར་སྤྱོད་པར་རྣལ་འབྱོར་མིན་ནོ། །
བོད་ཆོས་ལྟ་ཅི་ཁ་ཆེས་དེ་ལྟར་མི་འདོད། །

རྟེན་འབྱུང་སྟོང་ཉིད་སེམས་ལ་གོམས་པ་ཡོད་ན། །
ཐོས་རྟགས་ཞི་དུལ་སྒོམས་རྟགས་ཉོན་མོངས་མེད་པ། །
གཞན་གནོད་སྤངས་ཤིང་གཞན་ཕན་གཞི་བཅས་སྒྲུབ་ནས། །
སྡོམ་དང་དམ་ཚིག་བཀའ་བསྟན་གཞུང་བཞིན་མཛད་རོགས། །

འཇིག་རྟེན་ཡ་རབས་དགེ་བར་ངེས་ཤེས་རྙེད་པ། །
སོ་ཐར་རྣམ་བརྒྱད་གང་རང་རང་རྒྱུད་ལྡན་པ། །
བྱང་ཆུབ་སེམས་མཆོག་ལྟ་སྤྱོད་རྣམ་དག་བརྩོན་པ། །
སྣང་སྲིད་དག་མཉམ་རྟོགས་པ་ཡང་དག་བླ་མ། །

མི་ཡི་རང་ཚུགས་ཤོར་ལ་རྟུལ་ཕོད་སྨྲ་ཞིང་། །
ཆོས་པ་རང་ཚུགས་ཞིག་ལ་རྣལ་འབྱོར་རྩི་བ། །
ཆགས་སྡང་རྨོངས་གསུམ་འཛོམས་པར་ལ་རྒྱ་ཡིན་ན། །
འཛམ་གླིང་ཞི་བདེའི་དེད་དཔོན་དགོས་པ་མི་འདུག །

ཞི་བདེའི་ལྷ་ལུང་དཀར་པོ་དམུ་བློ་མ་བཏང། །
ཞི་བདེའི་ལྷ་བྱ་དཀར་པོ་ནག་ཐིག་མ་བགོ །
ཞི་བདེའི་དེད་དཔོན་མཆོག་གི་དགོངས་གཞི་མ་བརྫེད། །
ཞི་བདེའི་རྒྱལ་ཁབ་བསམ་ན་སྤྱི་དོན་སྒྲུབ་རོགས། །

རྒྱུ་འབྱོར་གོ་ཐོབ་ཅན་གྱི་བླ་སྤྲུལ་མ་འབད། །
མི་ལུས་ལན་གཅིག་ཐོབ་པ་དོན་མེད་མ་གཏོང་། །
རང་མགོ་རང་གི་སྐོར་བའི་རུ་ཏྲ་མ་གནང་། །
རང་སྐྱོན་ཅི་ཡོད་ཚང་མ་དགྱ་མགོར་མ་བཞག །

རྙིང་མས་བཀའ་གཏེར་ཆོས་ལ་ཉམས་ལེན་མ་བརྗེད། །
བཀའ་བརྒྱུད་རྒྱུ་ནོར་ཞྭ་རྩོད་བསྟན་པ་མ་འཛིན། །
ས་སྐྱའི་བཀའ་དམ་ཆོས་ལ་འཆོལ་ཉོག་མ་བྱེད། །
དགེ་ལུགས་ཆོས་ཀྱིས་འཇིག་རྟེན་སྒྲུབ་བྱེད་མ་གནང་། །

གོས་ལ་རབ་བྱུང་མ་ཡིན་རྟགས་ཙམ་འཛིན་པ། །
ཞྭ་ལ་བྱང་སེམས་ངོས་འཛིན་ལྟར་སྣང་སྐྱབས་མགོན། །
རྒྱུ་ཆེན་སྔགས་འཆང་བདག་པོ་འཁོར་བའི་མགོ་འཛིན། །
སོ་བྱང་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་མ་ཡིན། །

གོས་དམར་ཙམ་ཞིག་ཀླ་ཀློའི་དཔུང་གི་ས་ལས། །
ཞྭ་རིགས་འདྲ་མིན་དམག་ཆེན་ཁག་ལ་ཡོད་དོ། །
རྒྱུ་ཆེན་གོས་དཀར་ཁ་ཆེའི་ལ་རྒྱ་བྱེད་པ། །
དགེ་སྡིག་མ་ནོར་ནང་བསྟན་ཁོ་ན་ལགས་སོ། །

ཉམ་ཆུང་འགྲོ་བ་དག་ལ་ཁྱད་གསོད་མ་མང་། །
ན་ཆུང་ཕོ་མོ་དག་ལ་ཆགས་སྲེད་མ་ཆེ། །
གལ་ཆུང་རྩེད་མོའི་རིགས་ལ་གཡེང་རྒོད་མ་གནང་། །
འདོད་ཆུང་ཆོག་ཤེས་ཞིག་ལ་འབད་པར་སྙིང་གཏམ། །

རང་ཡུལ་དགྲ་ལ་ཤོར་བ་བདེན་པ་ལགས་མོད། །
རང་ཆོས་རང་གིས་གཤིག་པའི་བྱ་བྱེད་ཕོད་དམ། །
རྒྱ་དབྱིན་སྐད་རིགས་མཁས་ན་བཟང་བར་སྣང་མོད། །
རང་སྐད་ཡིག་རིགས་མ་ཤེས་ཤིན་ཏུ་ཕོངས་སོ། །

མཁས་པ་བསམ་ན་ནང་ཆོས་རིག་གནས་སློབ་གཉེར། །
བཙུན་པ་བསམ་ན་རང་རྒྱུད་ཆོས་དང་སྦྱོར་བ། །
གྲུབ་པར་འདོད་ན་ཆོས་བརྒྱད་རྒྱང་དུ་དོར་ནས། །
དམ་པའི་ཕ་ཁྱིམ་ཁོ་ན་བཟུང་དང་ལེགས་སོ། །

རྐང་གཉིས་མི་ཞེས་སྨྲ་ཤེས་དོན་གོ་ཟེར་ཡང་། །
ཞེ་འདོད་ལག་ལེན་འགལ་བ་མ་ཤེས་ཡིན་ནམ། །
མི་ལུས་ཐོབ་རུང་ཕྱུགས་དང་གཉིས་མེད་མ་བྱེད། །
རང་མགོ་ཉི་མ་ཆོས་ཀྱིས་སྟོན་པར་འཚལ་ལོ། །

བསམ་དཀར་ཕྱི་ནང་མ་ནོར་དྲན་ཤེས་བསྟེན་མཛོད། །
ངེས་འབྱུང་འཁོར་བ་ཞེན་ལོག་བདག་མེད་སྒོམས་ཤིག །
བྱང་སེམས་སྦྱོར་དངོས་རྗེས་གསུམ་ཚང་བར་མཛོད་ཅིག །
སྣང་སྲིད་རྣམ་དག་རྟོགས་པའི་རྣལ་འབྱོར་རེམས་རེམ། །

ཀུན་མཁྱེན་མི་ཕམ་ལུགས་ཀྱི་བསྟན་བཅོས་ཉིད་ལས། །
རྩ་བ་བློ་དང་ཟུང་ཐུབ་ལྡན་པ་ཡིན་ན། །
སྡོང་པོ་ཁྲེལ་དང་བག་ཡོད་བརྟན་པ་མཆོག་ཡིན། །
ཡལ་ག་དྲང་དང་དམ་བཅའ་བརྟན་པའི་སྟོབས་དང་། །

ལོ་མ་བྱས་ཤེས་གཞན་ཕན་བརྩོན་ལ་འབད་ནས། །
མེ་ཏོག་དད་དང་གཏོང་ཕོད་ཡོད་པ་དེ་ལ། །
འབྲས་བུ་བདེ་དང་གྲགས་པ་རྣམ་པར་སྨིན་པས། །
འདི་རྣམས་མེད་དུ་མི་རུང་ཆོས་དང་འཇིག་རྟེན། །

དེང་དུས་བློ་དང་ཟུང་ཐུབ་རྩ་གཞི་རལ་བས། །
ཁྲེལ་མེད་བག་མེད་དྲང་བདེན་དམ་བཅའ་ཤོར་བ། །
བྱས་པ་མི་ཤེས་གཞན་ཕན་འབད་བརྩོན་བྲལ་བས། །
དད་གུས་གཏོང་ཕོད་མི་ལྡན་རང་དོན་གཉེར་མཁན། །

འདི་འདྲར་སངས་རྒྱས་བསྟན་པའི་སྙིང་པོ་འཛིན་ན། །
ཆོས་པ་ལྟ་ཅི་འཇིག་རྟེན་མི་ནག་ཕལ་ཆེར། །
བདེན་དྲང་ཆོས་མཐུན་སྤྱོད་པ་དྲང་ཀྱི་མི་ཆོད། །
དེ་འདྲ་པ་དག་ནང་པ་སངས་རྒྱས་མཐར་ཐུག །

རང་བློ་འཆར་བའི་གཞན་ལས་དྲི་མའི་ཕུང་པོ། །
རང་གཞན་སུ་ལ་ཡོད་རུང་སྤང་བྱའི་ངོ་བོ། །
རང་སྡིག་རོགས་བརླག་མཛད་པའི་དཀོར་རྒྱལ་ཚོ་ལ། །
རང་བློ་གཙང་མས་སྙིང་གཏམ་གླུ་རུ་ཤོར་སོང་། །

དགེ་བས་བསྟན་པ་རྣམ་དག་མི་ནུབ་རྟག་བརྟན། །
བསྟན་འཛིན་དམ་པའི་ཐུགས་བཞེད་ཇི་བཞིན་འགྲུབ་ནས། །
བསྟན་འགྲོའི་དོན་ཆེན་ཕན་བདེའི་ལེགས་ཚོགས་ཐོབ་པས། །
དྲང་བདེན་རྒྱལ་ཁམས་བཀྲ་ཤིས་བདེ་ལེགས་སྨོན་ནོ། །
ཞེས་རྒྱལ་ཁམས་པ་ཤྲྰི་སྨྱོན་པས་ཡོ་རོབ་རྒྱལ་ཕྲན་ཞིག་ནས་ཁྲེལ་མེད་འགས་བྱ་བྱེད་འགའ་ཞིག་མཐོང་ནས་
ཅི་དྲན་དུ་བྲིས་པ་བི་ཛ་ཡནྟུ།། དགེའོ། མངྒ་ལཾ།། །།

0 comments:

ཟིན་བྲིས་འཚོལ་ཡུལ